ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་གྱི་གནད་དོན།(དང་པོ)

རྩོམ་པ་པོ་འཇམ་དབྱངས་ནོར་བུ།
མང་རའི་གངས་ཐིགས་ཀྱིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

གཞུང་འབྲེལ་གྱི་དབུ་མའི་ལམ་ལྟ་གྲུབ་ཀྱི་ངོ་གདོང་ཐོག་ནས་བོད་དེ་རང་བཙན་ཅན་ལ་གྱུར་ན་ཁམས་ཀྱི་ས་ཆ་མང་ཆེ་ཤོས་དང་ཨ་མདོ་ཡོངས་རྫོགས་གང་ལྟར་ཡང་ངོ་མཚར་ཆེ་བའི་འཕེལ་རྒྱས་འདིའི་ཁྲོད་ནས་ཕྱིར་སྐྲོད་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ངེས་རེད། འདི་ནི་དམིགས་བསལ་གྱིས་བསམ་རྒྱ་ཆུང་ཞིང་བློ་སྦུག་དོག་པའི་མི་སྣ་རིགས་ཀྱི་ལོ་རྒྱུས་ཀྱི་ཚོད་དཔག་བརྫུས་མ་འབའ་ཞིག་ལ་འདྲ་ངེས། བདེན་བདེན་འདྲ་བའི་ཐོབ་ཐང་རྩོད་ལེན་ཀྱི་བརྗོད་ཚུལ་འདིའི་གཏིང་རིམ་ནི་ནོར་འཁྲུལ་ཞིག་དང་རིགས་པ་ཉི་ཚེ་བ་ཞིག་རེད། ཡིན་ནའང་། འདི་ནི་ཁམས་པ་དག་དངངས་འཚབ་སློང་བ་ལ་སྤྱོད་ཀྱི་ཡོད་ཅིང་། ལྷག་པར་དུ་ཨ་མདོ་བ་ཚོ་ལ་རང་དབང་འཐབ་རྩོད་མཚམས་འཇོག་ཡོང་བར་འདི་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། འགྲེལ་བརྗོད་འདིའི་གནོད་འཚེ་ཆེ་བ་ཞིག་ནི་སྔོན་མའི་ལྷ་སའི་སྲིད་གཞུང་གིས་ཁམས་དང་ཨ་མདོ་སྐོར་ལ་སེམས་ཁྲལ་གཏན་ནས་བྱས་མེད་པ་རེད་ཟེར་བ་དང་། སྡུག་ཤོས་ཤིག་ནི་ངན་པ་ཁོག་བཅངས་ཀྱི་རྩོད་གླེང་འདིས་ལྷ་སས་ས་ཁུལ་འདི་གཉིས་བཙོངས་པ་རེད་ཟེར་བ་དེ་རེད། འདི་ཡིས་ཡང་ཡང་ལྷ་སའི་སྐུ་དྲག་ཚོས་ལྷ་ལྡན་གྲོང་ལ་གནས་མཇལ་དུ་ཡོང་མཁན་གྱི་ཁམས་པ་དང་ཨ་མདོ་བ་ཚོར་བཤུ་གཞོག་གཏོང་གི་ཡོད་པ་དང་ཨ་མདོ་མཁས་པ་ཚོའི་རིག་སྟོབས་ཀྱི་བརྩམས་ཆོས་དག་བརྐུས་ཁྱེར་དང་ལྷག་པར་དུ་“དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས”་བརྐུས་ཁྱེར་གྱི་ཉེས་འཛུགས་བྱེད་ཀྱི་ཡོད་པ་རེད། འདི་དག་ཟིན་བྲིས་འདིའི་ཀློག་པ་པོ་དག་གིས་རྩོམ་ཡིག་འོག་གི་དཔྱད་མཆན་ཉུང་ཤས་ཤིག་གི་ནང་དུ་ཡོངས་སུ་རྟོགས་ཡོད་ཀྱི་རེད།

༡༩༥༠སྔོན་གྱི་ལྷ་ས་སྲིད་གཞུང་ནི་དུས་འཛོལ་སྐབས་ལ་འཁེལ་བ་དང་། སྐྱོ་པོ། ལན་མང་ལྐོག་ཟ་རུལ་སུངས་ཅན་གྱི་སྲིད་གཞུང་ཞིག་ཏན་ཏན་རེད། འོན་ཀྱང་། ཁམས་དང་ཨ་མདོ་བཙོང་བ་རེད་ཟེར་བ་དངོས་ཡོད་མ་རེད། དེས་ས་ཁུལ་འདི་ཚོའི་ཐོབ་ཐང་རྩོད་ལེན་གཏན་ནས་དོར་མེད། དོན་དངོས་སུ་ལྷ་སའི་སྲིད་གཞུང་གིས་ག་དུས་ཡིན་ཡང་རང་གིས་ཐུབ་ཚོད་ཀྱིས་ཕྱི་འབྲེལ་མི་སྣའི་འདུ་འཛོམས་དང་གནས་ཚུལ་འདྲ་མིན་དག་གི་ནང་དུ་དེ་ཚོར་བདེན་པ་དག་སྐྱེལ་བྱས་ཡོད།

Shalda
(༡༨༩༣ལོར་བློན་ཆེན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ་རྡོར་གླིང་དུ།)

༡༩༡༣ལོའི་ཟླ་༡༠པའི་ཚེས་༡༠ཉིན་རྒྱལ་གཅེས་པ་ཆེན་པོ་དང་བོད་ཀྱི་སྲིད་བློན་བཤད་སྒྲ་སིམ་ལའི་ལྷན་ཚོགས་སྟེང་ལ་ཁོང་གི་རྒྱུན་སྲོལ་གོ་གནས་ཡིག་ཆ་བསྣམས་ནས་ཕེབས་ཏེ་བོད་རང་བཙན་གྱི་ཞིབ་ཕྲའི་གཏམ་བཤད་ཅིག་སྤེལ་ཡོད་པ་རེད། སིམ་ལའི་ལྷན་ཚོགས་ནི་ང་ཚོའི་ཕྱི་འབྲེལ་མི་སྣའམ་བོད་རང་བཙན་གྱི་རྒྱལ་སྤྱིའི་བསྒྲགས་གཏམ་ལ་ཆ་འཇོག་བྱེད་ཆོག་ངེས་ཡིན། བཤད་སྒྲས་ཁམས་དང་ཨ་མདོའི་ས་ཁུལ་དག་བསྒྲགས་གཏམ་འདིའི་ནང་དུ་བརྩིས་ཡོད་པ་རེད། ཐ་ན། ཁོང་གིས་རྒྱ་ནག་དང་ས་ཁུལ་འདི་ཚོའི་སྲོལ་རྒྱུན་གྱི་མཐའ་མཚམས་དག་གནད་དུ་འཁེལ་བའི་ཐོག་ནས་མིང་འདོན་བྱས་ཡོད་པ་གཤམ་གསལ་ལྟར།
“བོད་ཀྱི་བྱང་ཤར་ཕྱོགས་ནས་ཟི་ལིང་ནང་གི་རྨེ་རུ་སྒང་གི་རྡོ་རིང་བར་དང་། དེ་ནས་རི་བོ་རྨ་ཆེན་སྦོམ་ར་ནས་འབབ་པའི་ཆུ་བོའི་ཤར་ཕྱོགས་བར། དེའི་བར་ཆུ་བོའི་ཁུག་པ་ཆེ་ཤོས་དང་པོ་དེ་ཡོང་གི་ཡོད། དེ་ནས་ཅིན་ཐང་ནང་མཆོད་རྟེན་དཀར་པོ་ཞེས་པའི་ས་ཆ་དེའི་ལྷོ་ཤར་བར། ་་་་བྱང་ངོས་སུ་ཀུའུ་ལུང་རི་རྒྱུད་དང་ཨལ་ཏྱན་ཏག་རི་རྒྱུད། འབའ་ཁང་པོ་ཏོ་རི་རྒྱུད། དེ་ནས་མཚོ་སྔོན་པོའི་བྱང་ཕྱོགས་བར། དེའི་ནང་དུ་རྒྱ་ནག་ཀན་སུའུ་ཞིང་ཆེན་གྱི་ས་མཚམས་ནས་འབའ་ནག་ཁ་གསུམ་བར་འདུས། དེ་ནས་ལྷོ་ཕྱོགས་དང་ལྷོ་ཤར་གྱི་ནང་དུ་མགོ་ལོག་དང་ཧོར་ཁོག ཉག་རོང་། རྒྱ་རོང་།་་་་་་་་ལྕགས་ལ་དང་དར་རྩེ་མདོ་ལུང་པ་བཅས་འདུས། དེ་ནས་ཤར་ཕྱོགས་སུ་་་་་་་་སོགས་་་་་་་སོགས ”༼༡༽

གཏམ་བཤད་ལ་རྒྱབ་སྐྱོར་བྱེད་ཆེད་ཁོང་གིས་ལྷ་ས་ནས་“ཡིག་ཆ་ཕོན་ཆེན་པོ་ཞིག”་འཁྱེར་ནས་ཡོང་ཡོད་པ་རེད། ཐ་ན། ཡོངས་སུ་མཐུན་ལམ་མི་བྱེད་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་གྷིལ་བོ་ཌི་སི་ཊན་ལྟ་བུས་ཀྱང་ཁོང་གི་དེབ་ནང་དུ་“བཤད་སྒྲས་ཆབ་སྲིད་དང་མངའ་ཁོངས་ཀྱི་གནད་དོན་གཉིས་ཀའི་སྒང་ལ་ལངས་ཕྱོགས་བརྟན་པོ་ཞིག་བཟུང་ཡོད་ཅིང་། ཁམས་དང་ཨ་མདོ་ཡོངས་རྫོགས་འདུས་པའི་བོད་སྐད་བཤད་མཁན་མི་ཚང་མ་ཏཱ་ལའི་བླ་མའི་སྒྲིག་འཛུགས་འོག་ལ་བསྐྱར་དུ་གཅིག་སྒྲིལ་བྱེད་པའི་དགོས་འདུན་བཏོན་ཡོད།”༼༢ ༽་ཅེས་འབྲི་བཞིན་ཡོད།

བོད་མི་ཚོས་རང་གི་ཐོབ་ཐང་རྩོད་ལེན་དེར་རྒྱབ་གཉེར་བྱེད་པར་ཁུངས་སྐྱེལ་རྩ་འཛིན་ཡིག་ཆ་པོད་གྲངས་ལྔ་བཅུ་ང་དྲུག་མིག་ལམ་དུ་བསྟན་ཡོད་པ་རེད། ཡིག་ཆ་དེ་དག་གི་ནང་དུ་“མི་འབོར་ཞིབ་བཤེར་གྱི་མིང་གཞུང་དག དཔྱ་ཁྲལ་ཡོང་འབབ་ཀྱི་གཞི་རྩའི་ཐོ་གཞུང་དག ཁྲིམས་ཞིབ་ཟིན་ཐོ་དག ས་ཐོ་དག ཡུལ་སྡེ་ཁག་གི་འགོ་པ་དང་གཞུང་ཞབས་པ། གཙོ་བདག བླ་མ་དང་དགོན་པའི་འཛིན་སྐྱོང་བྱེད་པོ་བཅས་བསྐོ་བཞག་བྱེད་པའི་བཅའ་ཁྲིམས་དག དྲིལ་བསྒྲགས་དག སྤྱི་དམངས་གསལ་བསྒྲགས་དག དགོན་པའི་ཡོང་འབབ་ཀྱི་ཟིན་ཐོ་དག སྲུང་དམག་ཞབས་ཞུ་བསྡུ་རུབ་ཀྱི་ཡིག་ཆ་དག་དང་ཐམ་ཀ་དག་གི་འགྲེམས་སྟོན་བཅས་འདུས་ཡོད།”༼༣༽

བོད་པའི་སྤྱན་འབུལ་དེ་ཡིས་རྩོད་གཞི་ལ་རྒྱབ་གཉེར་བྱེད་པར་རྩ་འཛིན་ཡིག་ཆ་གཅིག་ཀྱང་མེད་པའི་རྒྱ་མི་ཚོ་དེ་སྔ་མི་བདེ་བ་ཞིག་བཟོས་ཡོད་ཅིང་། ཁོང་ཚོའི་འགོ་ཁྲིད་སྐུ་ཞབས་ཨེ་ཝན་ཁྲེན༼ཀྲེན་དབྱི་ཧྥན༽་གྱིས་“དངངས་འཚབ་ཀྱི་རྟགས་མཚན་མངོན་གསལ”་བསྟན་ཡོད་པ་སིར་ཧན་རེ་མེག་མོ་ཧན་གྱིས་བརྗོད་ཡོད་པ་རེད། ཁོང་ཚོའི་ཞན་ཆ་ལ་མ་ལྟོས་པར་རྒྱ་མི་ཚོས་ཐ་ན་བོད་པའི་དགོས་འདུན་དག་ལ་བསམ་ཞིབ་བྱེད་པར་མཐའ་གཅིག་ཏུ་དགག་བྱ་གནང་ཡོད་པ་མ་ཟད། བོད་ཡོངས་རྫོགས་རྒྱ་ནག་གི་ཆ་ཤས་ཡིན་པར་ཨུ་ཚུགས་མཐར་སྐྱེལ་བྱས་ཡོད་པ་རེད། རྒྱ་བོད་ས་མཚམས་ཀྱི་གནད་དོན་སྒང་ནས་ལྷན་ཚོགས་དེ་དུམ་བུར་གྱེས་ཡོད་པ་དང་ཐོག་མར་ཟིན་བྲིས་རྒྱག་མཁན་རྒྱ་མི་དེས་མཐའ་མའི་གྲོས་མཐུན་ལ་མིང་རྟགས་བཀོད་མེད་པ་རེད།

Shimla
(༡༩༡༣ནས་༡༩༡༤ ལོའི་སིམ་ལའི་ལྷན་ཚོགས། གཡོན་ཕྱོགས་ནས་བརྩིས་ན་ལྔ་བ་དེ་སྐུ་ཤོགས་དབང་ཕྱུག་ཚེ་རིང་། སྐུ་ཞབས་བྷི་རུའུ་སི། སྐུ་ཞབས་ཨེ་ཝན་ཁྲེན། སིར་ཧན་རེ་མེག་མོ་ཧན། བློན་ཆེན་བཤད་སྒྲ། ཐའི་ཇི་ཁྲི་སྨོན་ནོར་བུ་དབང་རྒྱལ། སྣེ་མགྲོན་བསྟན་པ་དར་རྒྱས། མེག་མོ་ཧན་གྱི་རྒྱབ་ལོགས་སུ་འགྲེངས་ནས་སྡོད་མཁན་དེ་ཆཱ་ལེ་སི་བྷེལུ་ལགས་རེད།)

དབྱིན་ཇི་དང་བོད་དབར་ལ་གྲོས་མཐུན་བྱུང་བ་ཞིག་ནི་ལྷ་ས་སྲིད་གཞུང་གིས་བཟུང་བའི་མངའ་ཁོངས་དེ་“བོད་ཕྱི་ལོགས”་ཀྱི་ཆ་ཤས་སུ་གཏོགས་དགོས་པ་དང་རྒྱ་མིས་བཟུང་བའི་ས་ཁུལ་དེ་ཚོ་ལ་“བོད་ནང་ལོགས”་ཞེས་ཁུངས་གཏུགས་དགོས་པར་དེའོ།། བོད་མི་ཚོ་འདུམ་འགྲིག་འདི་ལ་དགའ་བོ་བྱུང་མེད་པ་རེད། ཡིན་ཡང་། དེ་བཙན་ཤུགས་ཀྱིས་ཁས་ལེན་བྱེད་དུ་བཅུག་ཡོད་པ་རེད། “ནང་ལོགས”་ཞེས་པའི་ཁྱད་ཆོས་འདི་མ་བསྣན་ག་མེད་བྱུང་ཡོད་ནའང་། གྲོས་བསྡུར་འདིའི་ཆེད་དུ་བོད་མི་ཚོས་ཁམས་དང་ཨ་མདོ་ཡོངས་རྫོགས་ལ་“བོད”་ཅེས་ངོས་འཛིན་བྱེད་དགོས་པར་ནན་སྐུལ་བྱས་ཡོད་པ་སྟོན་དགོས། དེ་ནི་ལྷ་སར་མཚོན་ན་གནད་འགག་ཆེ་ཤོས་སམ་མ་མཐའི་འཛིན་མཚམས་ཆགས་ཡོད། ལྷན་ཚོགས་འདིས་བོད་རྒྱའི་ས་མཚམས་ཀྱི་གནད་དོན་མ་ཟད། ད་དུང་དོན་དག་གཞན་དག་གི་སྐོར་ལའང་གླེང་མོལ་བྱས་ཡོད་པ་གདོན་མི་ཟ།

ཡིན་ཡང་། འདི་ཚོ་སྐབས་བབ་ཀྱི་བགྲོ་གླེང་འདིའི་བརྗོད་གཞི་མིན། ཆཱ་ལེ་སི་བྷེལ་ལི་ལགས་ཀྱིས་བརྗོད་པ་ལྟར་ན་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཇུག་འབྲས་དེར་འདོད་བློ་ཚིམས་མེད་པ་དང་བློན་ཆེན་བཤད་སྒྲ་ལ་ཅུང་ཙམ་ཚུལ་དང་མི་མཐུན་པའི་ཐོག་ནས་གཤེ་གཤེ་ལྟ་བུ་ཞིག་བཏང་ཡོད་པ་འདྲ། བྷེལ་ལི་ཁོང་རང་ཉིད་ལ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བོད་དེ་“ཕྱི་ལོགས”་དང་“ནང་ལོགས”་ཞེས་ཆ་སྒོས་བྱས་པའི་སྒང་ལ་དྲི་བ་དྲིས་དུས་ཁོང་གིས་རྒྱ་ནག་གིས་ཁམས་དང་ཨ་མདོ་ནི་རྒྱ་ནག་གི་“ཞིང་ཆེན”་ཞིག་ལ་ལྟ་སྟངས་འཛིན་འདོད་ཡོད་ནའང་།“་་་་་་་ང་ཚོས་ཁོང་ཚོར་བོད་ནང་ལོགས་ཞེས་འབོད་པར་གོ་སྒྲིག་བྱས་པ་ཡིན། ཚུལ་དེ་ལྟར་གནང་ན་བོད་ཀྱི་མིང་དེ་ཚོའི་སྒང་ནས་ཉར་ཚགས་བྱེད་ཀྱི་ཡོད། རྗེས་སུ། གལ་ཏེ་ཁྱོད་ཀྱི་དཔུང་དམག་གི་སྟོབས་ཤུགས་ཇེ་ཆེར་སོང་སྟེ་བོད་ཀྱི་ཐོབ་ཐང་དག་ལ་གོང་བཀུར་ཡོང་བར་ངེས་བརྟན་བཟོ་བའི་ནུས་ཤུགས་ལྡང་ན། ཁྱོད་ལ་བདག་དབང་ཡོད་པའི་ཁྱོད་ཀྱི་རྒྱལ་ཁབ་ཀྱི་ཆ་ཤས་འདི་སླར་ཡང་ཐོབ་སྲིད། ཡིན་ནའང་། དེ་ལྟར་མིན་ན། བོད་མིང་༼ཡང་ན། དེ་ལས་ལྡོག་སྟེ་“རྩོད་ལེན་གྱི་ཐོབ་ཐང་”། འཇམ་དབྱངས་ནོར་བུས།༽དེ་བརླག་ངེས་རེད།”ཅེས་འགྲེལ་བཤད་གནང་ཡོད་པ་རེད།༼༦༽

དེ་ནི་བྷེལ་ལི་ཡིས་ཏཱ་ལའི་བླ་མ་མཆོག་ལ་འགྲེལ་བརྗོད་བྱས་པ་ནང་བཞིན་ལས་སླ་མོ་ཞིག་མིན་པ་བརྗོད་ག་ལ་དགོས། ཡིན་ཡང་། གལ་ཏེ་བྷེལ་ལི་ཡི་བསླབ་བྱ་ནི་བདེན་དོན་“དམར་རྗེན་པ”་ཞིག་ཡིན་ན། དེར་དགོས་གལ་ཆེན་པོ་ཞིག་ཡོད་པ་རེད། ཕྱི་འབྲེལ་སྲིད་བྱུས་ལམ་ལྷོང་གི་དཔེ་མཚོན་ཡོངས་རྫོགས་ཧ་ལམ་དམག་དོན་གྱི་རྒྱལ་ཁ་དང་ནུས་སྟོབས་ཀྱི་རྗེས་འབྲས་ཤིག་རེད། གལ་ཏེ་ཁྱོད་ཀྱི་དཔུང་དམག་དག་གིས་༡༩༡༨ལོར་ཨོ་ཊོབ་མན་གོང་མའི་རྒྱལ་ཁབ་ Ottoman Empire ཕམ་པར་བརྒྱབས་པ་ཡིན་ན། དེའི་རྗེས། ཁྱོད་ཀྱིས་ཝིན་སུ་ཊིན་ཆཱར་ཆི་ཡིས་༡༩༢༡ལོར་བསྒྲུབས་པ་ནང་བཞིན་གོང་མའི་རྒྱལ་ཁབ་ཀྱི་ས་ཁུལ་ཆ་ཤས་ཤིག་བླངས་ཏེ་སྔ་ན་མེད་པའི་རྒྱལ་ཁབ་ཅིག་བསྐྲུན་ནས་དེར་ཊི་རན་སི་ཇོར་དན་ Trans-Jordan ༼རྗེས་སུ་ཇོར་དན།༽ཞེས་འདོགས་ཆོག་པ་རེད།

“གཟའ་ཉིན་མའི་ཕྱི་དྲོ་ཞིག་ལ་ཡུལ་ཁའེ་རོ་ Cairo ནང་སྙུག་གུས་འབྲི་ཐེངས་གཅིག་གིས”་ཞེས་བ་བཞིན་ད་དུང་ཁྱོས་དེ་བསྒྲུབས་པ་ཡིན་ཞེས་ངོམ་སོ་བྱེད་ཆོག་གི་རེད། ཝིན་སིན་ཆཱར་ཆཱི་ནི་ཧྥ་རཱན་སིའི་ཨ་རག་ཁྱམ་ཕཱན་ champagne ལ་དགའ་ཞེན་ཆེ་སྟབས་ཉིན་གུང་གསོལ་ཚིགས་སྐབས་སུ་ཨ་རག་ཝེ་སི་ཁའེ་ཤེལ་དམ་གཅིག་གམ་གཉིས་འཐུང་ཡོད་འདུག ཁོང་གི་ཉིན་གུང་གི་འབད་རྩོལ་དྲག་པོ་དག་གིས་ངེས་མེད་ཀྱི་མཐའ་མཚམས་ཤིག་ཁ་ཚོན་བཅད་ནས་བསྐྲུན་ཡོད་པ་རེད། དེའི་བྱས་འབྲས་ད་དུང་ཡང་དེང་སྐབས་ཀྱི་ས་ཁྲ་དག་གི་སྟེང་དུ་མཐོང་ཐུབ། ཇོར་དན་དང་ས་དི་ཨ་རབ་བྷེའི་དབར་གྱི་ཁྱད་མཚར་པོའི་ཀྱག་ཀྱོག་གི་མཐའ་མཚམས་དེར་“ཝིན་སུ་ཊིན་གྱི་ཨིག་ཀ”་ཞེས་ཚིག་སྙན་པོའི་ཐོག་ནས་ཁུངས་གཏུགས་ཀྱི་ཡོད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་གྱི་གནད་དོན།(དང་པོ)

  1. གངས་ལྡོམ་ ནས།

    ཡག་པོ་གསུངས་འདུག

  2. དགེ་འདུན་བློ་གྲོས་ ནས།

    རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཚད་ལྡན་དག་དང་མཐུན་པ་ཞིག་བྲིས་ཡོད་ན་ཡག་པོ་འདུག

  3. ངས་པོ་ ནས།

    ལོ་རྒྱུས་དེ་ནི་དོན་སྙིང་ལྡན་པ་ཞིག་འདུག་ཐུགས་རྗེ་ཆེ།

Write a Reply or Comment

Your email address will not be published. Required fields are marked *

*