ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་གྱི་གནད་དོན།(གཉིས་པ)

རྩོམ་པ་པོ་འཇམ་དབྱངས་ནོར་བུ།
མང་རའི་གངས་ཐིགས་ཀྱིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ལོ་ངོ་ཁ་ཤས་སྔོན་དུ་སྦྱོང་བརྡར་མེད་པའི་དམག་མི་དག་གིས་གཙང་བོའི་ཆུ་རགས་ལ་བརྟེན་ནས་གཞིས་ཀ་རྩེ་དང་ལྷ་ས་རུ་རྒྱ་མི་དཔུང་དམག་ཚོ་ཕམ་པར་རྒྱག་མཁན་གྱི་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དམག་སྤྱི་དག་དང་ལས་བྱེད་པ་ཚོས་དཀའ་སྡུག་གིས་བསགས་པའི་ཁོང་ཚོའི་ཉམས་མྱོང་ལས་དྲག་པའི་དམག་ཤུགས་ཀྱི་སྟོབས་ཤུགས་རིན་ཐང་ཤེས་ཡོད། བོད་རང་བཙན་ཡིན་པའི་འགོ་སྟོད་ཀྱི་ལོ་ངོ་དེ་ཚོ་ནང་ཁོང་ཚོས་དེང་རབས་ཀྱི་དཔུང་དམག་ཅིག་བསྐྲུན་པར་འབད་རྩོལ་བྱས་ཡོད་པ་རེད། ༡༩༡༨ལོར་ཁམས་ནང་གི་དེང་རབས་ཀྱི་དཔུང་དམག་འདིའི་སྙན་གྲགས་ཆེ་བའི་རྒྱལ་ཁ་དེས་ཆབ་སྲིད་ཀྱི་གནད་འགག་ཧ་ཅང་གལ་ཆེན་ཞིག་བཟུང་ཡོད་ཅིང་། ཕལ་ཆེར་ལོ་ངོ་སྟོང་ཕྲག་གི་དུས་ཡུན་ནང་བོད་དམག་གིས་ཐག་ཆོད་པོའི་ཐོག་ནས་རྒྱ་དམག་བཙན་འཛུལ་བ་ཚོ་ཐེངས་དང་པོར་ཕམ་ཉེས་བཏང་ཡོད། འདི་ངས་བྲིས་པའི་“དེབ་ཐེར་ནག་པོ”་ཞེས་པའི་བསྐྱར་ཞིབ་རྩོམ་ཡིག་དེའི་ནང་གི་“ཆ་མི་ཚང་བའི་དམག་འཁྲུག”་ཅེས་པའི་སྡེ་ཚན་ནང་དུ་ཅུང་ཙམ་རྒྱས་བཤད་གནང་ཡོད། གལ་ཏེ་ཀློག་པ་པོ་ཚོས་སོ་སོའི་དྲན་པ་གྲུང་པོ་བཟོ་འདོད་ན་དེབ་ཐེར་ནག་པོ་དེར་ཞིབ་བཤེར་གནང་ཆོག་གི་རེད།

Tendar
(འདི་ནི་༡༩༡༨ལོར་བོད་ཀྱི་དཔུང་དམག་གི་རྣམ་པར་རྒྱལ་བའི་དམག་དཔུང་བཀའ་བློན་བླ་མ་བྱམས་པ་བསྟན་དར་རེད།)

དེ་ནི་བོད་མི་ཚོས་བསམ་པ་ནང་བཞིན་གྱི་ཆ་ཚང་བའི་རྒྱལ་ཁ་ཞིག་མ་རེད། དབྱིན་ཇིས་བསྐྱར་དུ་ང་ཚོར་རྩེད་མོ་མགོ་གཉིས་མ་ཞིག་རྩེས་ཡོད་པ་རེད། ཡིན་ཡང་། ཆབ་མདོ་དང་བྲག་གཡབ། ས་ངན། གོ་འཇོ། སྨར་ཁམས། དཔལ་ཡུལ། འདན་ཁོག་དང་སྡེ་དགེ་ཡོངས་རྫོགས་བཅས་རོང་བ་ཚ་ས་མཚམས་བར་དུ་བཅིངས་འགྲོལ་བཏང་ཡོད་པ་རེད། ས་མཚམས་དེར་ཆིངས་ཡིག་ཅིག་བཞག་ནས་མཇུག་སྡུད་ཡོད། ཁམས་པ་མང་ཆེ་ཤོས་ཀྱིས་༡༩༡༨ལོའི་རྒྱལ་ཁ་ནི་ཁོང་ཚོའི་ལོ་རྒྱུས་ནང་གི་དཀྱོགས་མཚམས་ཤིག་ལ་ཚོར་ཡོད། གང་ཡིན་ཞེ་ན། ཁོང་ཚོས་དེར་བསྐལ་པ་ས་རྟ་ལོ་འམ ་“ས་རྟ་ལོའི་བསྐལ་པ་གསར་པ”་ཞེས་ཚིག་གྱོང་པོ་ཞིག་གིས་ཞིབ་འབྲི་གནང་གི་ཡོད་པ་རེད། དེ་ནི་དམག་འཁྲུག་ཙམ་མ་རེད། རྒྱལ་ཡོངས་ཀྱི་བཅིངས་འགྲོལ་ཞིག་རེད། ༡༩༡༨ལོའི་རྒྱལ་ཁ་ནི་ད་དུང་སྦྱོང་བརྡར་ཐོབ་པའི་བོད་དམག་དཔུང་སྡེ་ཞིག་གིས་རྒྱ་ནག་གི་དྲག་རྒོལ་ལ་ཁ་གཏད་བཅག་ནས་རང་ཉིད་ཀྱི་ས་མཚམས་སྲུང་སྐྱོབ་བྱེད་ནུས་པའི་བདེན་དཔང་གསལ་པོ་ཞིག་ཀྱང་རེད།

ཡིན་ཡང་། རྗེས་ཀྱི་ལོ་ཟླའི་ནང་ཁམས་དང་ཐ་ན་ཨ་མདོ་ནང་གི་ལྷ་སའི་དཔུང་དམག་གི་མངོན་འདོད་དག་༼གིས་༽རང་གི་ཤེད་ཤུགས་དང་ཐོན་ཁུངས་དག་བེད་སྤྱོད་པར་འདང་མེད་པ་རེད། ༡༩༣༡་ལོར་ཆབ་མདོ་རུ་ཡོད་པའི་བོད་མིའི་སྒྲིག་འཛུགས་དེ་ཏྲེ་ཧོར་ནང་གི་དགོན་པ་གཉིས་དབར་གྱི་རྩོད་རྙོག་ཅིག་གི་ནང་ལ་ཚུད་པར་གྱུར་ཡོད་པ་དང་དཔུང་དམག་དག་དམག་འཁྲུག་མཚམས་འཇོག་ས་མཚམས་བརྒལ་ནས་བཏང་ཡོད། འགོ་སྟོད་དུ་བོད་མི་ཚོ་ཧ་ཅང་ལམ་ལྷོངས་བྱུང་སྟེ་དཀར་མཛེས་ཀྱི་རྫོང་ཁོངས་མང་ཆེ་ཤོས་བདག་བཟུང་བྱས་ཡོད་པ་དང་ཐ་ན་ཉག་རོང་ཡང་བཟུང་ཡོད། རྒྱ་མི་ཚོས་དམག་འཁྲུག་མཚམས་འཇོག་ཡོང་བའི་རེ་བ་ཞུས་ཡོད་པ་དང་གལ་ཏེ་བོད་མི་ཚོས་སྐབས་འདིར་དེར་མོས་མཐུན་བྱས་ཡོད་ན་ཁོང་ཚོས་ཞྭ་སྒབ་པས་ང་ཚོར་བརྗོད་བཞིན་པ་ལྟར་ཁོང་ཚོས་“མངའ་ཁོངས་མི་ཉུང་བ”་འདི་བདག་བཟུང་བྱེད་ཐུབ་ཡོད་ངེས་རེད།
འོན་ཀྱང་། བོད་མི་ཚོ་ཉིན་ཉུང་ཤས་ཤིག་གི་གོམ་བགྲོད་རིང་དར་རྩེ་མདོ་ལ་ཁྱབ་ཚར་ཡོད་ཅིང་གླེན་རྟགས་ཚ་བོའི་ཐོག་ནས་རྒྱ་ནག་གི་རེ་འབོད་དེར་ངོས་ལེན་མི་བྱེད་པའི་ཐག་གཅོད་བྱས་ཡོད་འདུག ལོ་དེའི་རྗེས་མར་གཞི་རྒྱ་ཆེ་བའི་རྒྱ་མི་བཙན་རྒོལ་དཔུང་དམག་གིས་ཕྱིར་འབུད་རྒྱག་བཏང་ཡོད་པ་རེད། ཐ་ན་སྡེ་དགེའི་ཤར་ཕྱོགས་ཀྱི་ས་ཁུལ་ཕྱེད་ཀ་བཙན་བཟུང་བྱས་ཡོད།

དེའི་ལོ་རྗེས་མར་ལམ་སྟོན་ངན་པའི་བོད་མི་རྣམས་སྐྱེ་རྒུ་མདོ་ནང་ལ་མདུན་སྐྱོད་བྱས་ཡོད་པ་རེད། སྐབས་དེར་དེ་ནི་མཱ་པོ་ཧྥང་གི་དབང་སྒྱུར་འོག་ཡོད་ཅིང་མཱ་པོ་ཧྥང་སྟེ་ཁ་ཆེ་ནི་ཨམ་མདོ་ས་ཁུལ་གྱི་དམག་འཁྲུག་མངའ་བདག་རེད། བོད་མི་ཚོས་དམག་འཁྲུག་དེའང་སྡུག་ཅག་ངང་མཇུག་རྫོགས་ཡོད།

ཕམ་ཁ་འདི་ཚོ་ནི་སྟབས་མ་ལེགས་པ་རེད་ལ་ཐ་ན་རྐྱེན་ངན་གོད་ཆགས་ཀྱི་རང་བཞིན་ཞིག་ཀྱང་རེད། ངས་འདི་ཚོ་བཤད་ཀྱིན་དངོས་ཡོད་བདེན་པ་ཞིག་ནན་པོ་བཟོ་གིན་ཡོད་སྟེ། དེ་ནི་ལྷ་ས་ལ་ངོ་རྒོལ་བྱེད་མཁན་ཚོས་གཏམ་གླེང་བྱེད་པ་ནང་བཞིན་ལྷ་ས་སྲིད་གཞུང་གིས་ཁམས་དང་ཨ་མདོ་བློས་གཏོང་བྱས་མེད་པ་རེད། དེའི་གཞུང་ཞབས་ཚོས་ཀྱང་རྒྱལ་སའི་ནང་དུ་རྫོགས་མཐའ་མེད་པའི་སྤྲོ་སྐྱིད་བཏང་ཡོད་པ་མ་རེད་ཅེས་པའོ།། དབུས་གཙང་གི་གཞུང་ཞབས་དང་དམག་མི་༼ཁམས་པ་ཡུལ་སྡེ་སྲུང་དམག་དག༽མང་པོ་དམག་འཁྲུག་འདི་ཚོའི་སྐབས་སུ་ཤི་ཡོད་པ་རེད། ༡༩༡༨ནང་གི་དམག་འཐབ་སྐབས་སུ་དམག་སྤྱི་གསུམ་བསད་ཡོད་པ་རེད། སྤྱི་ཁྱབ་དམག་སྤྱི་རྒན་པ ༼༡༩༣༡_༣༢༽ ་ང་ཕོད༼ངག་དབང་འཇིག་མེད་མ་རེད།༽་བཀྲོངས་ཡོད་པ་རེད། ཕལ་ཆེར་འཁྲུག་རྩོད་ཀྱི་གནོན་ཤུགས་འོག་སྙིང་ལ་སྐྱོན་ཞུགས་པ་འདྲ།༼ཞྭ་སྒབ་པས་“ཁོང་གི་རླུང་གི་འབྱུང་བ་འཁྲུགས་འདུག”༽

ལྷ་ས་ནང་གི་གཏམ་འཁྱལ་ཞིག་ནི་ཁོང་གིས་རང་ཉིད་ཀྱི་ཕམ་ཁའི་བློ་ཕམ་འོག་རྡོ་རྗེ་ཕ་ལམ་ཞིག་ཁྱུར་མིད་བཏང་སྟེ་རང་སྲོག་བཅད་པ་རེད་ཟེར།

Chenmo
(མགྲོན་གཉེར་ཆེན་མོ་བསྟན་པ་དར་རྒྱས།༼ཨ་དཀར་མགྲོན་གཉེན་ཆེན་མོ་“ཨབ་སོག”།༽)

༡༩༡༨ནང་བོད་པའི་དམག་དོན་གྱི་སྟོབས་ཤུགས་ཆེས་རྩེ་མོར་སླེབས་ཡོད་པ་ནས་ཉམས་རྒུད་དུ་ཕྱིན་ནས་༡༩༢༠ལོའི་འགོ་འཛུགས་སྐབས་གཞུང་ཞབས་དགེ་འདུན་པ་བསྟན་པ་དར་རྒྱས་(མགྲོན་གཉེར་ཆེན་མོ་“ཨབ་སོག”) ཀྱིས་དབུ་ཁྲིད་དེ་“ཆེས་རྙིང་ཞེན་ཅན”་གྱི་དགོན་སྡེའི་ཚོགས་འདུ་ཆེན་མོ་འཚོགས་ཡོད་ཅིང་། དེར་ལུང་ཤར་གྱིས་རྒྱབ་སྐྱོར་གནང་ཡོད། འདིས་ཚ་རོང་གིས་དབུ་ཁྲིད་པའི་དམག་དོན་གྱི་ལས་བྱེད་ཚོ་དང་གཞུང་ཞབས་པ་དག་གི་སྟོབས་ཤུགས་གསར་པའི་ཕྱོགས་ཁག་༼འདིས“དེང་རབས་ཅན་དུ་བསྒྱུར་བར་ཁས་ལེན་དམ་བཅའ་བཞག་ཡོད་པ་རེད།”༽༼༧༽ དེར་སྣང་ཆུང་གཏོང་བའི་ངན་ཇུས་བཤམས་ཡོད་པ་རེད། འདི་དག་གིས་བོད་པའི་ཕམ་ཁ་དེར་འགྲེལ་བཤད་གཏིང་ཟབ་པ་ཞིག་རྒྱག་ཐུབ།

དེའི་རྗེས་ཀྱི་ལོ་ཟླ་དག་གི་ནང་དེང་རབས་ལྷ་སའི་སྐོར་སྲུང་བའི་དཔུང་ཚོགས་དེ་གཏོར་ཡོད་པ་རེད། དམག་དོན་གྱི་འགྲོ་སོང་ཇེ་ཉུང་དུ་བཏང་བ་དང་དམག་མི་ལས་བྱེད་ཚོའི་གོ་གནས་མར་ཕབ་ཡོད། དགོན་པ་དག་དང་བླ་མ་ཚོའི་ཡོང་འབབ་འཕེལ་རྒྱས་ལ་བཏང་ཡོད་པ་རེད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་པའི་རྗེས་སུ། དེའི་རྗེས་ཐོག་གི་དབང་སྒྱུར་བ་བླ་མ་རྒྱལ་ཚབ་གཉིས་ཀ་ལྐོག་ཟ་རུལ་སུངས་ཅན་དང་ངོ་ལོག་པ་ཡིན་ཞིང་། དམར་ཤོག་རིང་ལུགས་པའི་༡༩༥༠ལོའི་བཙན་འཛུལ་སྔོན་ལ་ཁོང་གཉིས་ཀས་བོད་པའི་དམག་དཔུང་གི་གྲངས་འབོར་དང་ནུས་པ་འཕྲི་གཅོག་བྱས་ཏེ་ཆ་གྲངས་ཤིག་གི་ཚད་ལ་བསྐྱལ་བཞག་ཡོད་པ་རེད།
དོན་དངོས་ཀྱི་གནད་དོན་ཐོག་ནས་བརྗོད་ན། ༡༩༥༠ནང་ལ་བོད་རང་བཙན་ཤོར་བ་གཅིག་པུ་མ་རེད། ཐ་ན། དུས་རབས་དགུ་བའི་ནང་བོད་པའི་རྒྱལ་ཁམས་སིལ་བར་འཐོར་བ་དང་དེའི་རྗེས་ཀྱི་ཨ་མདོ་དང་ཁམས་ཀྱི་ས་ཆ་མང་ཆེ་ཤོས་ཤོར་བ་དེ་དག་ཐད་ཀར་སྟོབས་ཤུགས་ཅན་གྱི་སེར་མོ་བ་དང་དགོན་པའི་ཕྱོགས་ཁག་གི་བོད་པའི་ཆབ་སྲིད་སྒང་ལ་ལེ་བདའ་བྱེད་ཆོག རིག་གཞུང་གང་རུང་གི་རྩོད་གླེང་ལས་བརྒལ་ཡོད་པ་ཞིག་ནི་ནང་པའི་དགེ་སློང་ཞིག་གིས་བོད་པའི་རྒྱལ་པོ་ལྷ་སྲས་༼༨༽དར་མ༼༨༣༨ནས་༨༤༢༽་ལྐོག་གསོད་བྱས་པ་དེ་རེད། དེ་ནི་“བོད་པ་ཚོར་མཚོན་ན་ཚབས་ཆེའི་གནོད་སྐྱོན་ཞིག་ཡིན་པ་རེད། གང་ཡིན་ཞེ་ན། དེ་ཡིས་རིམ་གྱིས་བོད་པའི་ནང་ཁུལ་ལ་ནང་འཁྲུག་ཅིག་ཤོར་དུ་བཅུགས་ཡོད་པ་དང་རྒྱལ་ཁབ་ཧྲིལ་པོ་ཁ་ཐོར་དུ་བཏང་ཡོད།”༼༩༽

Screen Shot 2013-09-28 at 10.25.54 PM
(ལྷ་སྲས་དར་མ། རྡོ་བརྐོས་ཡི་གེ་ནི། ཁྲི་དར་མ་འུ་དུམ་བཙན། སྐུ་འབུམ་རྒྱང་རྩེ། པར་བདག མཁར་རྨེའུ་བསམ་གཏན་ལ་ཡོད། ༡༩༨༩)

བོད་པ་མཁས་པ་གྲགས་ཅན་མཁར་རྨེའུ་བསམ་གཏན་གྱིས་དོན་རྐྱེན་འདི་ལ་དཔེ་ཟླ་བྲལ་བའི་ཞིབ་འཇུག་ངོ་མ་ཞིག་གནང་སྟེ་དགོན་པའི་དྲིལ་བསྒྲགས་གྱི་ལྡོག་ཕྱོགས་ནས་ཡིད་ཆེས་བསྐྱེད་ནུས་པའི་དངོས་དོན་ཞིག་གླེང་འདུག ཁོང་གི་གསུང་དོན་ལྟར་ན། བཙན་པོས་ནང་པ་ཚོར་སྡུག་སྦྱོང་གནོད་འཚེ་བཏང་མེད་པ་དང་། དེ་ལས་ལྡོག་སྟེ་ཁོང་གིས་དགེ་འདུན་སེར་མོ་བ་སྡེ་ཡིས་འོས་འཚམས་བཟོས་པའི་ཁེ་དབང་དག་དང་ཆབ་སྲིད་ཀྱི་དབང་ཆ་བཅས་ཐུན་མོང་མ་ཡིན་པ་ཞིག་གི་ལམ་ནས་བཟུང་བར་འབད་རྩོལ་གནང་ཡོད་པ་རེད། སེར་མོ་བའི་སྡེ་དེ་ཁོང་གི་སྤུན་རྒན་པ་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་སྐབས་ཕྱག་འོག་ནས་སྟངས་འཛིན་བྱེད་ཐབས་བྲལ་ཡོད། དགེ་འདུན་སེར་མོ་སྡེ་དེས་བོད་པའི་དམག་དོན་གྱི་སྟོབས་ཤུགས་ཇེ་ཞན་དུ་བཏང་ཡོད་པ་དང་མི་སྐྱ་གཞུང་ཞབས་པ་དག་དང་དམག་སྤྱི་དག་ལ་འབྲེལ་ལམ་རྒྱང་ཐག་རིང་དུ་བཏང་ཡོད་པ་རེད། འོན་ཀྱང་། རྒྱལ་པོའི་སྲིད་དབང་སྲ་བརྟན་དུ་གཏོང་བ་དང་ཁོང་གི་འཛིན་སྐྱོང་ཆོས་ལུགས་རིས་མེད་བཟོ་བའི་འབད་རྩོལ་དག་ལ་བརྟེན་ནས་ལྷ་སྲས་དར་མ་ནང་པའི་དགེ་འདུན་པ་ཞིག་གིས་ལྐོག་གསོད་བྱས་ཡོད་པ་རེད། དེའི་རྗེས་ནས་བོད་པའི་ལོ་རྒྱུས་དང་རྟོག་སྒྲུང་ནང་དུ་ཡ་ང་སྙིང་རྗེ་མེད་པར་ཁོང་ནི་གདོན་གྱིས་ཞུགས་པའི་མི་ཞིག་གི་ངོ་བོར་གཏན་དུ་བསྒྱུར་ཡོད།

དངོས་ཡོད་བདེན་པ་ཞིག་ནི་ནང་པ་སེར་མོ་བའི༼ཕལ་ཆེར་གྲྭ་པའི་ལྐོག་ཇུས་ཤིག་ལ་གཏན་དུ་ཁ་གྱེས་པ་ཡིན་སྲིད།༽་ཚོགས་མི་ཞིག་གིས་ལྐོག་གསོད་ཀྱི་བྱ་སྤྱོད་སྤེལ་བ་འདི་ནི་བོད་པའི་རྒྱལ་ཁམས་འཐོར་ཞིག་ཏུ་སོང་བའི་ཐད་ཀའི་རྒྱུ་རྐྱེན་ཡིན་ནོ།། དེ་ནི་རྩོད་གླེང་གི་ནང་དུ་མེད་ནའང་བོད་ཀྱི་རང་བཙན་ཅིིའི་ཕྱིར་ཤོར་བའི་ཆབ་སྲིད་བགྲོ་གླེང་གང་རུང་གི་སྟེང་ལ་གཏན་ནས་གླེང་མེད་པ་རེད། བསམ་གཏན་ལགས་ཀྱིས་ལྷ་སྲས་དར་མའི་སྲིད་དབང་དུས་སྐབས་སུ་གོང་མའི་རྒྱལ་ཁམས་ལ་སྐྱོན་ཆག་བྱུང་མེད་པ་དང་“ཀན་སུའུ་རུ་ཡོད་པའི་ཏུན་ཧོང་ལྟ་བུའི་མངའ་ཁོངས་ད་དུང་ཡང་བོད་ཀྱི་དབང་སྒྱུར་འོག་ཡོད་པ་རེད”་ཅེས་ཐ་ན་རྒྱ་ཆེན་པོར་ཆགས་པ་གསལ་སྟོན་བྱེད་ཀྱིན་ཡོད། དེར་བརྟེན། ལྷ་སྲས་དར་མ་ལྐོག་གསོད་མ་གནང་བར་དུ་ཨ་མདོ་ཡོངས་རྫོགས་དང་ཁམས་ནི་དེ་སྔ་བོད་ཀྱི་ཆ་ཤས་ཡིན་ངེས་པ་རེད།

མངའ་ཁོངས་འདི་ཚོ་ཤོར་བ་དེ་ཞག་ཚུགས་གཅིག་གི་རིང་ལ་བྱུང་བ་ཙམ་མིན་པ་བརྗོད་ག་ལ་དགོས། ཡིན་ཡང་ལྷ་སས་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་དང་དབང་ཆ་བཟུང་ཐུབ་ཡོད་པ་རེད། དེའི་རྗེས་ཀྱི་དུས་རབས་དག་གི་ནང་དེ་དག་ཇེ་ཆུང་དུ་གྱུར་ཡོད། འོན་ཀྱང་། ད་ལྟའི་བགྲོ་གླེང་འདིའི་ཆེད་དུ་ཉམས་རྒུད་འདིའི་རྒྱུ་རྐྱེན་འགྲེལ་བཤད་ཞིབ་ཕྲ་གླེང་དགོས་དོན་མི་འདུག

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*