ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་གྱི་གནད་དོན།(གསུམ་པ)

རྩོམ་པ་པོ་འཇམ་དབྱངས་ནོར་བུ།
མང་རའི་གངས་ཐིགས་ཀྱིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དོ་སྣང་བྱེད་རིན་ཡོད་པ་ཞིག་ནི། ༡༧༢༥ནང་ཟི་ལིང་དུ་སོག་པོའི་འཕྲད་དར་དག་དང་ཨ་མདོ་བོད་པའི་རུས་སྡེའི་ཚོ་པ་ཚོའི་སྒང་ལ་མན་ཇུ་གོང་མའི་སྐུ་ཚབ་༼རྒྱལ་པོའི་དོན་གཅོད༽་ཅིག་བསྐོ་བཞག་གནང་བ་དེ་ནི་ས་ཁུལ་འདིའི་ནང་དུ་བོད་པའི་ཤུགས་རྐྱེན་མཇུག་བསྒྲིལ་བའི་བདེན་དཔང་དུ་ཡང་ཡང་ལུང་འདྲེན་གནང་གིན་ཡོད་པ་རེད། ཡིན་ཡང་། དངོས་ཡོད་ལག་ལེན་ནང་ཟི་ལིང་གི་དོན་གཅོད་དེར་དོན་དངོས་ཀྱི་དབང་ཆ་ཉུང་ངུ་ལས་མེད་པ་རེད། མགོ་ལོག་རུས་སྡེ་ཚོ་པ་ཚོའི་གནད་དོན་ནང་ལ་ཤུགས་རྐྱེན་གཏན་ནས་མེད་པ་མངོན་གསལ་དོད་པོ་རེད། འདི་ནི་ཕོབ་ལི་ ནེ་ཊོབ་སི་ཁེ་ Paul Nitupski ཡིས་ཉེ་ཆར་གྱི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་ཡོད།༼༡༠༽ དེར་མ་ཟད། དབྱི་ཐ་ལེའི་མཁས་པ་ལུའུ་སེའི་ནོ ཕེ་ཊེ་ཆི Luciano Petech ་ཡིས་གསུང་བ་ལྟར་ན། “ཕལ་ཆེར་དུས་རབས་བཅུ་དགུའི་དུས་དཀྱིལ་བར་དུ་སྒར་དཔོན་ཟེར་བའི་དོན་གཅོད་ཅིག་ཡོད་པ་རེད། ཁོང་གི་ལས་དོན་གལ་ཆེ་ཤོས་ནི་ཚོང་འབྲེལ་དང་ས་གནས་ཀྱི་དགོན་པ་དག༼༡༡༽་ལ་སྟངས་འཛིན་བྱེད་རྒྱུ་དེའོ”་ཞེས་ལྷ་སས་ཨ་མདོ་ནང་མཉམ་གཤིབ་ཀྱི་སྒྲིག་འཛུགས་ཤིག་རྒྱུན་མཐུད་ཡོད་འདུག སྒར་དཔོན་དེ་ནི་མན་ཇུ་ཨམ་བན་ལྟར་ས་ཁུལ་གྱི་ཆབ་སྲིད་འཛིན་སྐྱོང་བྱེད་པའི་དོན་དངོས་ཀྱི་དབང་ཆ་ཉུང་ངུ་ལས་མེད་པར་མངོན།

ཡིན་ཡང་། དུས་རབས་བཅུ་དགུ་པའི་དུས་མཇུག་ནས་བཟུང་ཁ་ཆེ་དམག་འཁྲུག་གི་མངའ་བདག་མཱ་ཁུ་ལན་གྱིས་རིམ་པས་ཨམ་མདོ་ས་ཁུལ་མང་ཆེ་ཤོས་དབང་སྒྱུར་བྱས་ཡོད་པ་རེད། ཕྱི་ལོ་༡༩༢༨ལོའི་དུས་མཇུག་ཙམ་ནས་ཕྱི་ལོ་༡༩༤༩བར་ཨ་མདོ་དེ་སྔོན་མཚོ་སྔོན་ཞིང་ཆེན་ནང་ལ་མཉམ་དུ་བསྲེ་ཡོད་པ་དང་དེ་ནི་ཀན་སུའུ་ཞིང་ཆེན་གྱི་ཆ་ཤས་ཤིག་ཡིན་པ་རེད།

ཡིན་ཡང་།ཐ་ན་ཉེ་ཆར་གྱི་དུས་སྐབས་འདིར་ཡང་ཨ་མདོ་དང་ལྷ་ས་དབར་གྱི་འབྲེལ་ལམ་གཙོ་ཆེ་ཤོས་དགོན་སྡེའི་གཞི་རྒྱ་ཆེ་བའི་ཆོས་ཕྱོགས་ཀྱི་དྲ་ཚིགས་འདི་དང་ཤེས་རིག་སློབ་གསོ། རིག་གཞུང་། ཐ་ན། དངུལ་རྩིས་དང་ཚོང་ཟོག་གི་འབྲེལ་ལམ་དག་བརྒྱུད་ནས་ཆབས་ཅིག་ཏུ་བསྒྲིལ་ཡོད་ཅིང་། འདི་དག་གིས་ཚོགས་སྡེ་འདི་ཚོ་མང་ཆེ་ཤོས་དང་བླ་མ་དག ཁོང་ཚོའི་མི་སྐྱ་རྗེས་འཇུག་པ་ཚོ་བོད་པའི་ནང་པའི་འཇིག་རྟེན་ལ་སྔ་ཕྱི་བར་གསུམ་དུ་མཉམ་གཅིག་ཏུ་སྦྲེལ་གྱི་ཡོད། ཨ་མདོ་མཁས་པ་པདྨ་འབུམ་གྱིས་ཨ་མདོ་མི་དམངས་ཀྱིས་དུས་རྒྱུན་དུ་ལྷ་ས་ནི་ཁོང་ཚོའི་དཔལ་ཡོན་གྱི་དཀྱིལ་སྙིང་ཞིག་ལ་ཆ་འཇོག་གནང་གིན་ཡོད་པ་དང་། ཁོང་ཚོས་དེར་“སྟོད་ཉི་མ་ལྷ་ས”་དང་ཡང་ན་“ངས་མིག་ཟུང་བཙུམ་དུས་དབུས་གཙང་མཐོང”་ལྟ་བུའི་སྲོལ་རྒྱུན་གྱི་ལེགས་བཤད་དེ་འདྲ་སྤྱད་ནས་ཁོང་ཚོའི་རིག་གཞུང་དང་ལོ་རྒྱུས་ཀྱི་འབྱུང་ཁུངས་དག་ལ་ཁོང་ཚོའི་ཚོར་བ་མཚོན་གྱི་ཡོད་པ་ང་ལ་བརྗོད་བྱུང་། དེ་བཞིན་དུ་མཁས་པ་ཆེན་པོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཐེངས་ཤིག་ང་ལ་ཨ་མདོ་ནང་གི་སློབ་གསོ་དང་ཆོས་ལུགས་ཀྱི་བསྟི་གནས་གལ་ཆེ་ཤོས་དག་སྟེ། དཔེར་ན། བླ་བྲང་བཀྲ་ཤིལ་འཁྱིལ་དང་གཞན་པ་ལྟ་བུ་དག་གིས་ཁོང་ཚོས་ཁོང་ཚོར་“ལྷ་ས་གཉིས་པ”་ཞེས་ཞིབ་འབྲི་བྱས་ནས་བོད་ཀྱི་དཔལ་ཡོན་གྱི་འབྱུང་གནས་དང་ཁོང་ཚོའི་བར་གྱི་བློ་ཐག་ཉེ་བའི་འབྲེལ་ལམ་དེ་སྟོན་ངེས་རེད་ཅེས་གསུངས་སོང་།

ལྷ་ས་སྲིད་གཞུང་གིས་ཀྱང་ག་དུས་གོ་སྐབས་རག་ན་དེ་སྤྱད་ནས་ལྷ་ས་དང་ཨ་མདོ་དབར་གྱི་གནའ་རབས་ཀྱི་འབྲེལ་ལམ་དག་སྲ་བརྟན་དུ་བཏང་ཡོད། སྟག་འཚེར་རིན་པོ་ཆེས་ཁོང་དེ་སྔ་སྐུ་འབུམ་དགོན་པའི་མཁན་པོ་ཡིན་དུས་བོད་ཤར་ཕྱོགས་ཀྱི་སྤྱི་ཁྱབ་དམག་དཔུང་ལྷ་ཀླུ་ས་དབང་གི་ཕྱོགས་ནས་ཁོང་ལ་འཆར་ཅན་གྱི་གཏོང་ཡིག་འབྱོར་སོང་། དམིགས་བསལ་དུ་དམར་ཤོག་རིང་ལུགས་པའི་བཙན་འཛུལ་མ་གནང་གོང་གི་ལོ་དེར་ཡི་གེ་འབྱོར་སོང་ཞེས་ང་ལ་གསུངས་བྱུང་།

༡༩༢༦ལོར་བོད་གཞུང་གིས་མགོ་ལོག་གི་བླ་ན་མེད་པའི་འགོ་བ་གཙོ་བོ་ཨ་སྐྱོང་གོང་མ་ཚང་གི་སྤྲུལ་སྐུ་བསྟན་གྲགས་ལ་གཞུང་འབྲེལ་གྱི་གོ་གནས་རིམ་པ་བཞི་པ་གནང་ཡོད། ཁོང་ནི་རུས་མང་ཚོ་པའི་འགོ་པ་རེད།༼༡༢༽ གཞན་སེར་ཤུལ་འབྲོག་སྡེའི་འགོ་དཔོན་རིན་ཆེན་དབང་གི་རྒྱལ་པོ་ལའང་རྫ་ཆུ་ཁར་མཛད་སྒོ་འཚོགས་སྐབས་སུ་གཞུང་འབྲེལ་གྱི་གོ་གནས་ཤིག་དང་ཆོས་གོས་གནང་ཡོད་པ་རེད། རྗོབ་སེ་ཧྥུ རོབ་ཁུས་ Joseph Rock ཁོང་༡༩༢༦ལོར་མགོ་ལོག་ས་ཁུལ་བརྒྱུད་ནས་འགྲུལ་བཞུད་བྱེད་སྐབས་ཁོང་ལ་མགོ་ལོག་ཚོ་པའི་“ཆེས་ཆེ་ཤོས་དང་གལ་ཆེ་ཤོས”་ཀྱི་རུས་མང་ཚོ་པའི་འགོ་གཙོ་ཨ་སྐྱོང་སྤྲུལ་སྐུ་ཁོང་གི་དམག་སྒར་ནང་དུ་མེད་པ་དང་། ཁོང་“་་་་་བོད་གཞུང་གི་དབང་སྒྱུར་དང་ལེན”་༼༡༣༽བྱེད་པར་འགྲོ་སོང་བ་ཁོང་ལ་བརྗོད་སོང་ཞེས་རྗོད་ཀྱིན་འདུག

lala
(གཡོན་ཕྱོགས་ནས་བརྩིས་ན། མགོ་ལོག་ཨ་སྐྱོང་གོང་མ་ཚང་། དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས། སྡེ་དགེའི་མངའ་སྡེའི་སྤྱི་ཁྱབ་ཏྲེ་མཐོང་འགྱུར་མེད་རྒྱ་མཚོ། རྒྱང་རྩེའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་རིན་ཆེན་དབང་གི་རྒྱལ་པོ། ༡༩༢༦ལོར་རྫ་ཆུ་ཁ།)

འདི་ཚོ་དང་དེའི་རྗེས་ཀྱི་མགོ་ལོག་གི་འགོ་བ་གཙོ་བོ་དག་ལྷ་སར་ལྟ་སྐོར་འགྲོ་དུས་ཁོང་ཚོས་མཛད་སྒོའི་ཆོས་གོས་གྱོན་ངེས་ཤིང་། ཁོང་ཚོར་འགྲོ་ལུགས་དང་མཐུན་པའི་སྣེ་ལེན་བྱེད་པ་དང་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁ་གནང་དུས་གོ་བབས་ཀྱི་སྣེ་ལེན་བཀོད་སྒྲིག་བྱེད་དགོས་ཀྱི་ཡོད། ངས་བསམ་ན་ཐེར་འདོན་བྱེད་དགོས་པ་ཞིག་ནི་ཁམས་དང་ཨ་མདོ་བ་ཡོངས་རྫོགས་བོད་གཞུང་གི་མངའ་ཁོངས་ལ་ཡོང་དུས་གཞུང་འབྲེལ་གྱི་ལམ་ཡིག༼ཕྱི་བསྐྱོད་ལག་འཁྱེར༽་ཅིག་དགོས་ཀྱི་མེད། ཡིན་ཡང་། རྒྱ་དཀར་ནག་གི་མི་རྣམས་དང་ནུབ་ཕྱོགས་པ་ཚོར་དགོས་པ་གདོན་མི་ཟ།

Sherab Gyamtso
(༡༩༥༡ལོར་རྒྱ་ནག་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་མའོ་ཀྲུའུ་ཞི་གཉིས་༡༩༥༡ལོར་པེ་ཅིན་དུ་བསྒྲོན་པའི་པར།)

ཨ་མདོ་དགེ་བཤེས་ཤེས་རབ་རྒྱ་མཚོ་ནི་ནང་པའི་མཁས་པ་སྙན་གྲགས་ཅན་ཞིག་རེད། ཡིན་ཡང་། ཁོང་གོ་མིན་ཏང་གི་ལས་ཚབ་པ་རུ་གྲགས།༼རྗེས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཚབ་པ།༽ ཐ་ན། ཕྱི་ལོ་༡༩༤༤ལོའི་ཟླ་༥པའི་ནང་ཁོང་དང་རྒྱ་མི་“སློབ་མ”་ལྔ་བཅུ་རྒྱ་ནག་ནས་ལག་རྟགས་དང་དྲིལ་བསྒྲགས་རྒྱུ་ཆ་ཧ་ཅང་ཕོན་ཆེན་པོ་ཞིག་འཁྱེར་ནས་བོད་ལ་འཛུལ་བར་འབད་རྩོལ་བྱས་པའི་སྐབས་སུ། བོད་གཞུང་གིས་དགེ་བཤེས་ལགས་བོད་ནང་ལ་འཛུལ་བའི་ཆོག་མཆན་སྤྲོད་ངེས་པ་དང་། ཡིན་ཡང་ཁོང་གི་རྒྱ་མི་“སློབ་མ་ཚོ”་འཛུལ་ཆོག་གི་མེད་ཅེས་གསལ་བསྒྲགས་བསྐྱངས་ཡོད་པ་རེད། དམར་ཤོག་རིང་ལུགས་པའི་ལས་ཚབ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་ལ་ཕྱི་སྐྱོད་ལག་འཁྱེར་མེད་པར་བོད་ལ་ཧ་ཅང་རང་དབང་ལྡན་པའི་ཐོག་ནས་འཛུལ་ཡོད། ཁོང་གིས་རང་ཉིད་ཀྱི་རང་རྣམ་ནང་དུ་དོན་དངོས་སུ་དབུས་གཙང་མི་དམངས་དང་སྐུ་དྲག་ཚོས་སྣེ་ལེན་མི་ཆུང་བ་ཞིག་བྱས་སོང་ཞེས་རྗོད་ཀྱིན་ཡོད། ཐ་ན། ཧ་ཅང་རྙིང་ཞེན་ཅན་གྱི་བཀའ་ཤག་གིས་ཁོང་གིས་བོད་ལ་བསྒྱུར་བཅོས་ཡོང་བར་བྲིས་པའི་སྙན་ཞུ་ཡི་གེ་དེའང་ངོས་ལེན་བྱས་ཡོད་པ་རེད།

༡༩༥༦ནང་ཁམས་སུ་རྒྱ་ཆེ་བའི་གྱེན་ལངས་ཐེངས་དང་པོ་བྱུང་རྗེས། ཨ་མདོ་ནས་མི་ཉུང་ཤས་ཤིག་དང་ཁམས་ནས་སྐྱབས་བཅོལ་བ་སྟོང་ཕྲག་༼ཏཱ་ལའི་བླ་མས་མི་དམངས་༡༠༠༠༠ལས་བརྒལ་ཡོད་པ་གསུང་གིན་འདུག༽མང་པོ་ལྷ་ས་ལ་བླུགས་ནས་ཡོང་དུས་ལྷ་ས་སྲིད་གཞུང་གིས་ཁོང་ཚོ་སུའང་ཕྱིར་ལ་འཁོར་བཅུགས་མེད་པ་རེད། དབུས་བོད་ལ་སྔོན་ཚུད་ནས་བཟའ་ཆས་མ་འདང་བའི་དཀའ་ངལ་ཞིག་ཡོད་པ་རེད། གང་ཡིན་ཞེ་ན། ང་ཚོས་རྒྱ་མི་བཙན་འཛུལ་དཔུང་དམག་མི་གསོ་ག་མེད་བྱུང་ཡོད། ཡིན་ནའང་། ལྷ་ས་མི་དམངས་ཀྱིས་སྐྱབས་བཅོལ་བ་ཚོར་སྙིང་རྗེ་དང་རྒྱབ་སྐྱོར་ཁོ་ན་བསྟན་ཡོད་པ་རེད། རྒྱ་མི་དབང་འཛིན་མི་སྣ་ཚོས་བཀའ་ཤག་ལ་བོད་དམག་ལྷག་མ་དང་ལྷ་ས་སྐོར་སྲུང་བའི་དཔུང་ཚོགས་སྤྱད་ནས་སྐྱབས་བཅོལ་བ་ཚོ་བསྡུ་རུབ་བྱས་ཏེ་ཁོང་ཚོ་ཕྱིར་རང་གནས་སུ་གཏོང་དགོས་པའི་བཀའ་རྒྱ་ཕེབས་ཡོད་པ་རེད།

ཟུར་ཁང་ཞབས་པད་འོག་གི་བཀའ་ཤག་སྟོབས་མེད་ནུས་མེད་ཡིན་ནའང་དེ་ལྟར་སྒྲུབ་པར་ངོས་ལེན་གནང་མེད་པ་རེད། ད་ལྟ་ང་ཚོར་དེ་ནི་ཆེན་པོ་ཞིག་མིན་སྲིད། ཡིན་ཡང་། ང་ཚོས་སེམས་ལ་འཛིན་དགོས་པ་ཞིག་ནི་ནཱ་རྫི Nazi ་བཙན་འཛུལ་དབང་འཛིན་པས་དེ་ལྟར་སྒྲུབ་དགོས་པའི་བཀའ་བརྒྱ་བཏང་དུས་ཧྥ་རཱན་སི་བེ་ཆེ་Vichyསྲིད་གཞུང་གིས་ཐེ་ཚོམ་མེད་པར་མི་རྒྱུད་རྗེའུ་མི་རིགས་ཡིན་པའི་རང་ཉིད་ཀྱི་མི་སེར་དག་བློས་གཏོང་བྱས་ཡོད་པ་དེ་རེད། དོན་དངོས་སུ་ཧྥ་རཱན་སི་སྲིད་གཞུང་དང་སྐོར་སྲུང་བས་འདུན་པ་ཆེན་པོའི་ཐོག་ནས་ནཱ་རྫི་དཔུང་དམག་ལ་མཉམ་རུབ་བྱས་ཏེ་ང་ཚོའི་ཧྥ་རན་སིའི་རྗེའུ་མི་རིགས་སྟོང་ཕྲག་མང་པོ་བསྡུ་རུབ་བྱས་ནས་ཁོང་ཚོ་མཚོ་གྲུ་བརྒྱུད་འཇར་མན་གྱི་འཆི་བདག་སྡོད་སྒར་དག་ལ་བསྐྱལ་ཡོད་པ་རེད། གནས་སྟངས་གཅིག་ནང་དགེ་སི་ཊེབ་པོས་ Gestapo རེ་བ་བཏོན་མེད་ཀྱང་ཧྥ་རན་སི་སྐོར་སྲུང་བས་མ་སྐུལ་དྭང་བླངས་ཀྱིས་བྱིས་པ་༤༠༥༡་ཚུད་པའི་རྗེའུ་མི་རིགས་༡༣༡༥༢འཛིན་བཟུང་བྱས་ཡོད།

ཚེ་རིང་ཤཱཀྱ་ལགས་ཀྱིས་ལེགས་པར་བསྒྲུབས་པའི་ཁོང་གི་དེང་རབས་བོད་ཀྱི་ལོ་རྒྱུས་ཞེས་པའི་དེབ་ནང་རྒྱ་ནག་གིས་བོད་གཞུང་ལ་རང་གི་སྐམ་དམག་ཉུང་ཤས་ཤིག་ཡོད་པ་དེ་བེད་སྤྱད་ནས་“ཁམས་པའི་གྱེན་ལངས་ལ་བཙན་གནོན”་བྱེད་དགོས་པའི་གནོན་ཤུགས་ཧ་ཅང་ཆེན་པོ་སྤྲད་ཡོད་པ་དང་། ཐ་ན། ལས་ཀ་དེའི་ཆེད་དུ་འགན་འཁུར་གཙོ་བོ་ལེན་པར་རྗོད་ཀྱིན་ཡོད། བཀའ་ཤག་དང་ཚོགས་འདུ་༼ཚོགས་འདུ་ཆེན་མོ༽ལྷན་དུ་བསྡོངས་ནས་ཐབས་ཇུས་ངན་བཅངས་བྱེད་པོ་ཞིག་གི་རྒོལ་ལན་གྲོས་འཆར་ཞིམ་མངར་ལྡན་པ་ཞིག་ཐག་གཅོད་བྱས་ཡོད། ཁོང་ཚོས་རྒྱ་མི་ལ་ཐོག་དང་པོར་བོད་གཞུང་གིས་རང་ཉིད་ཀྱི་སོར་གནས་དཔུང་དམག་གི་ཁྱབ་རྒྱ་ཇེ་ཆེར་གཏོང་དུ་འཇུག་པ་དང་། གཞན་ཡང་། དེར་དེང་དུས་ཀྱི་གོ་མཚོན་དག་དང་ཡོ་ཆས་མཁོ་སྤྲོད་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད། དེ་ནས་རྒྱ་ནག་གིས་གནད་དོན་དེ་བསྐྱུར་ཡོད་པ་རེད།

རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཕྱོགས་ལ་ཞིབ་འཇུག་དང་གྲོས་བསྡུར་ཅུང་ཙམ་བྱས་པ་དང་ལྷན་དུ་ངས་ཁམས་དང་ཨ་མདོ་ནི་རང་དབང་རང་བཙན་ལྡན་པའི་བོད་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ཆ་འཇོག་བྱེད་དགོས་པར་ནུས་པ་ལྡན་པའི་གྱོད་གཞི་ཞིག་བཟོ་ཐུབ་ཀྱི་རེད་བསམ་གྱི་ཡོད། ལོ་རྒྱུས་བསྐྱར་འབྲི་བྱེད་མི་དགོས་པའམ་ང་ཚོའི་གནད་དོན་འུད་སྒྲོབ་ཤོད་མི་དགོས་ཤིང་། ཐ་ན། དུས་སྐབས་ངེས་ཅན་ཞིག་གི་རིང་ལ་ལྷ་ས་སྲིད་གཞུང་གིས་དཔྱ་ཁྲལ་དག་བསྡུ་མེད་པ་དང་ཁོང་ཚོ་མང་ཆེ་ཤོས་ཐད་ཀར་འཛིན་སྐྱོང་བྱས་མེད་ནའང་། ང་ཚོས་བོད་གཞུང་གིས་དུས་ཀུན་ཏུ་ཁམས་དང་ཨ་མདོ་མི་དམངས་རྣམས་བོད་མི་ཡིན་པ་དང་། རང་ཉིད་ཀྱི་མི་རིགས་ཡིན་པར་ཆ་འཇོག་དང་ལྟ་སྟངས་བཟུང་ཡོད་པ་གཏན་འབེབས་ཏན་ཏན་བྱེད་ཐུབ་ཀྱི་རེད། དེའི་མཚུངས་སུ་ང་ཚོས་ཁམས་དང་ཨ་མདོ་མི་དམངས་ཀྱིས་ལྷ་ས་ནི་ཁོང་ཚོའི་སྐད་ཡིག་དང་རིག་གཞུང་། ཆོས་ཀྱི་དཔལ་ཡོན་གྱི་རྒྱལ་ས་བཞིན་ཆ་འཇོག་བྱས་ཡོད་པ་དང་། གཉན་འཕྲང་ཆེ་བའི་དུས་ཡུན་ནང་ཨ་འབྲུག་ཚང་མགོན་པོ་བཀྲ་ཤིས་དང་ཤར་ཕྱོགས་བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་ལྷག་གིས་ལོ་རབས་ལྔ་བཅུ་བའི་ནང་དུ་ལྷ་ས་ནི་ཁོང་ཚོའི་ཆབ་སྲིད་ཀྱི་དཀྱིལ་སྙིང་ཞིག་ལ་ཆ་འཇོག་བྱས་ཡོད་པ་བཞིན་དེ་དག་ཏག་ཏག་སྟོན་ཐུབ་ཀྱི་ཡོད། ད་དུང་། ཁས་ལེན་མི་བྱེད་ཐབས་མེད་ཀྱི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ནི་ཁམས་དང་ཨ་མདོ་ཡོངས་རྫོགས་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཤིག་གི་སྔོན་ལ་བོད་རྒྱལ་ཁབ་ཀྱི་རྩོད་མེད་གྲུབ་ཆ་དག་ཡིན་པ་དེའོ།།

ཁྱད་མཚར་པོ་འདི་དང་རྒྱལ་སྤྱིིའི་ཁྲིམས་ལུགས་ཀྱི་རྦད་དེ་ནོར་འཁྲུལ་ཅན་གྱི་དོན་འགྲེལ། གཅིག་བྱས་ན། ཐ་ན་ལོ་རྒྱུས་ཀྱི་རྒྱུད་རིམ་རང་གི་ཐོག་ནས་དབུ་མའི་ལམ་གྱི་མགོ་ཁྲིད་ཚོ་དང་ཕྱོགས་འཛིན་པ་ཚོས་དང་དུ་བླངས་ཡོད་པ་འདྲ། འདི་ནི་ངས་སྟོན་འདོད་པའི་ཕྱོགས་དེ་ཡིན། དབུ་མའི་ལམ་གྱི་མགོ་ཁྲིད་ཚོ་དང་ཕྱོགས་འཛིན་པ་ཚོས་“ཚད་བཀག་ཁྲིམས་ཡིག”་འདྲ་ཞིག་དང་ལོ་རྒྱུས་ཀྱི་དུས་རིམ་ནང་འགོག་མཚམས་ ༼ཕལ་ཆེར་ལོ་ངོ་ལྔ་བཅུ་ནས་བརྒྱ༽་འདྲ་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་འདྲ། དེ་ལས་བརྒལ་ན་རྒྱལ་ཁབ་ཅིག་གིས་རང་གི་རང་བཙན་ཤོར་ན་ཁྲིམས་མཐུན་གྱི་ཐོག་ནས་དེའི་སྔོན་གྱི་གནས་བབ་དེར་བདག་དབང་བསྐྱར་རྩོད་གཏན་ནས་བྱེད་མི་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་པར་སྣང་། དེར་བརྟེན། དབུ་མའི་ལམ་གྱི་རྩོད་པ་ནི་གལ་ཏེ་བོད་རང་དབང་རང་བཙན་ཞིག་ལ་འགྱུར་ན་དེ་ནས་༡༩༥༠༼ལོ་༦༣་སྔོན༽ནང་གི་ལྷ་ས་སྲིད་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་མངའ་ཁོངས་ཁོ་ན་བོད་ཀྱི་ཆ་ཤས་ལ་ཆ་འཇོག་༼མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆ་འཇོག་བྱེད་གི་རེད་དམ། དྲང་བདེན་རྒྱལ་སྤྱིའི་ཁྲིམས་ཁང་གིས་ཆ་འཇོག་བྱེད་ཀྱི་རེད། སུ་ཞིག་གིས་ཆ་འཇོག་བྱེད་ཀྱི་རེད།༽ བྱ་ངེས། ཡིན་ཡང་། ཨ་མདོ་དང་ཁམས་གྱི་ས་ཁུལ་ལྷག་མ་དག་དགའ་ལྡན་ཕོ་བྲང་གིས་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་ཐད་ཀར་འཛིན་སྐྱོང་བྱས་མེད་སྟབས་བོད་ཀྱི་ཆ་ཤས་ལ་འོས་འཛིན་བྱེད་པའི་ཁྱད་ཆོས་ཚང་གི་མེད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་གྱི་གནད་དོན།(གསུམ་པ)

  1. ཨ་མདོ་བོད་གཞུང་གི་འཛིན་སྐྱོང་འོག་ཡོད་ཚུལ་སྒྲུབ་དགོས་ན། ཡག་ཤོས་ཨ་མདོ་ནས་གྲ་སར་ཕྱིན་ཏེ་རྒྱལ་བའི་རྒྱལ་ཚབ་ཏུ་བཞུགས་པའི་མི་སྣ་སྐོར་ཞིག་ཡོད་པ་དེ་གལ་ཆེ་ཤོས་རེད། ཁོང་ཚོས་བོད་གཞུང་གི་དབང་ཆ་མཐོ་ཤོས་དེ་བཟུང་བ་རེད། འདི་འཇམ་ནོར་གྱིས་ཤེས་ཀྱི་མེད་པ་འདྲ། དངོས་ཡོད་ལ་བལྟས་ཏེ་ཁ་གྲག་དགོས་པ་ལས་རང་ཉིད་ཀྱི་དགོས་མཁོ་ཆེད་དུ་ཞེ་དྲག་ཨ་ཚུགས་མེད། དོན་དངོས་གང་ཡིན་པ་དེ་བཤད་ན་ཡག

  2. སྦྲ་རིགས་ཐོགས་མེད་ ནས།

    རྩོམ་འདིའི་རིགས་ཁྱབ་བསྒྲགས་མང་ཙམ་བྱེད་དགོས་ཀྱིན་འདུག དབུ་མའི་ལམ་གཞུང་གི་ཆབ་སྲིད་པ་ཡིན་ཟེར་མཁན་ཚོས་ཁ་ནས་མ་ཎི་འདོན་འདོན་ཡིན་པ་བཞིན། ལྟ་ཕྱོགས་འདིའི་རིགས་ཀྱང་ཤུགས་ཆེར་སྤེལ་ན་འོས། ད་དུང་དེ་མིན་ལྟ་གསར་ལེགས་པོ་རེ་ཡོད་ན་ཡང་སྤེལ་རོགས།

    མ་མཐའ་ཡང་གཞི་རིམ་མི་མང་གིས་ཕྱོགས་ཚང་མའི་གནས་ཚུལ་ཐོས་དགོས་ཀྱིན་འདུག

Write a Reply or Comment

Your email address will not be published. Required fields are marked *

*