ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་གྱི་གནད་དོན།(མཐའ་མ)

རྩོམ་པ་པོ་འཇམ་དབྱངས་ནོར་བུ།
མང་རའི་གངས་ཐིགས་ཀྱིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འདི་ནི་ཆོ་མེད་བྱབ་ཆུང་ཞིག་ཡིན་པ་ཨ་ཅང་ཅང་། ལོ་ངོ་༢༠༠རིང་གི་དབྱིན་ཇིའི་དབང་སྒྱུར་གྱི་རྗེས་ནས་རྒྱ་གར་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་གྱུར་ཡོད་པ་དང་གཞན་མོ་གྷལ Moghuls ་འོག་ནས་ལོ་༣༠༠་རིང་བསྡད་པ་རེད། རྗེའུ་མི་རིགས་ཀྱིས་ཁོང་ཚོའི་ཕ་ཡུལ་བརླགས་ནས་ལོ༢༠༠༠་འགོར་བའི་རྗེས་སུ་རང་བཙན་ལྡན་པའི་ཨེ་ཟི་རེལ་འཛུགས་སྐྲུན་བྱས་པ་རེད། བོད་མི་ཚང་མས་མ་མཐའ་ཡང་རྗེའུ་མི་རིགས་ཀྱི་ལོ་རྒྱུས་སྐོར་ལ་འདི་ཙམ་ཤེས་ཀྱི་རེད། སཱི་ཁཱོ་ཊི་ལན་ཊི་ཡི་རྒྱལ་པོས་དབྱིན་ཇིའི་སྲས་མོ་ཞིག་དང་ལྷན་དུ་གཉེན་བསྒྲིགས་བྱས་པ་དང་ཁོང་གི་སྲས་རྗམ་སཱི James ་ནི་སཱི་ཁྲོ་ཊི་ལན་ཊི་དང་དབྱིན་ཇི་གཉིས་ཀའི་རྒྱལ་པོར་གྱུར་སྐབས། སཱི་ཁོ་ཊི་ལན་ཊིའི་མི་དམངས་ཀྱིས་ཁོང་ཚོའི་རང་བཙན་ལོ་ངོ་༣༠༠རིང་ལ་བརླགས་པ་རེད། སཱི་ཁོ་ཊི་ལན་ཊི་མི་དམངས་ཀྱི་རང་བཙན་གྱི་འཐབ་རྩོད་དེ་བོད་དང་བསྡུར་ན་ཁ་གསལ་གཏིང་གསལ་ཧ་ཅང་ཉུང་བ་ཡོད་པ་རེད། སཱི་ཁོ་ཊི་ལན་ཊི་ཡི“སྙིང་སྟོབས་ཆེན་པོ”་“Braveheart” ཞེས་པའི་གློག་བརྙན་ལ་དགའ་མཁན་གྱི་བོད་པ་ཚོས་ཁོང་ཚོའི་དཔའ་བོ་དེའི་ལོ་རྒྱུས་ནི་སཱི་ཁོ་ཊི་ལན་ཊིའི་ལོ་རྒྱུས་ནང་གི་ལེའུ་གཅིག་རང་ཁོ་ན་ཡིན་པ་སེམས་ལ་བཟུང་དགོས།

ཡིན་ནའང་། ད་ལྟ་སཱི་ཁོ་ཊི་རྒྱལ་ཡོངས་ཚོགས་པས་སཱི་ཁོ་ཊི་ལན་ཊི་“མཉམ་འབྲེལ”་ལས་ཁ་བྲལ་ན་འདོད་ཀྱི་ཡོད་པ་རེད། དེའི་སྐོར་ལ་རྒྱལ་ཡོངས་རང་བཞིན་གྱི་བགྲོ་གླེང་ཆེན་པོ་ཞིག་བྱེད་ཀྱི་ཡོད་པ་ཨ་ཅང་ཅང་། བགྲོ་གླེང་བྱེད་དགོས་ངེས་རེད། ཡིན་ཡང་། མི་སུ་ཞིག་གིས་ཀྱང་སཱི་ཁོ་ཊི་ལན་ཊི་མི་དམངས་ལ་“དགོངས་དག བྱིས་པ་ཚོ། ཁྱོད་ཚོས་དེ་གཡུགས་ནས་ལོ་འགོར་དྲགས་པ་རེད། ཁྱོད་ཚོ་ཁྱོད་ཚོའི་འགན་ལེན་དུས་ཡུན་ལས་བརྒལ་འདུག”་ཅེས་རྗོད་ཀྱིན་མེད། སཱི་ཁོ་ཊི་ལན་ཊི་རང་བཙན་ནི་དངོས་ཡོད་གྱི་གནད་དོན་ཞིག་རེད། ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་གྱི་གནད་དོན་དེ་དངོས་ཡོད་ཀྱི་གནད་དོན་ཅིག་ལ་བཟོ་དགོས་ཤིང་རྒྱལ་སྤྱིའི་སྒང་ནས་ཚ་ཚ་འུར་འུར་ཞིག་བཟོ་དགོས། དེ་ནི་བོད་མི་ཚོས་ངེས་པར་དུ་ག་རེ་སྒྲུབ་དགོས་དེ་རེད། དེ་ནི་གོམ་སྟབས་དང་པོ་རེད།

རང་བཙན་གྱི་ཐོབ་ཐང་རྩོད་ལེན་བྱེད་ཆེད་ཁྱོད་རང་ལ་རྒྱུན་མ་ཆད་པའམ་བར་མ་ཆད་པར་ཉེ་བའི་རང་སྐྱོང་ self-rule གི་ལོ་རྒྱུས་ཤིག་ངེས་པར་དུ་དགོས་དོན་མེད། དོན་དངོས་སུ། ཐ་ན་ཁྱོད་རང་ལ་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ཤིག་ཀྱང་ངེས་པར་དུ་དགོས་དོན་མེད། ངས་བསམ་ན་མཉམ་འབྲེལ་རྒྱལ་ཚོགས་འོག་གི་རྒྱལ་ཁབ་མང་པོ་ཞིག་༼གལ་ཏེ་མང་ཆེ་ཤོས་མིན་ན༽ལ་མི་སེར་སྤེལ་མཁན་རྒྱལ་ཁབ་ཚོས་དབང་སྒྱུར་མ་གནང་གོང་ཁོང་ཚོར་རང་དབང་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་ལོ་རྒྱུས་ཤིག་མེད་པ་རེད་ཅེས་བརྗོད་ན་བདེ་འཇགས་ཡིན་ངེས། དཀྱིིལ་ཤར་ནང་གི་རྒྱལ་ཁབ་མང་ཆེ་ཤོས་ནི་ཞིང་ཆེན་ཙམ་རེད། ཨོ་ཊོབ་མེན་གོང་མའི་རྒྱལ་ཁམས་ Ottoman Empire ཀྱི་བཱེལཱ་ཡེད་ཚི་ vilayets དེ་དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་དག་གིས་ཁོང་ཚོ་སོ་སོའི་དམིགས་ཡུལ་དག་གི་ཆེད་དུ་ལུང་པ་དེ་དུམ་བུར་བཅད་ནས་ད་ལྟའི་ཨེ་རག་དང་སི་རི་ཡ། ལའེ་བྷ་ནོན། ཇོན་དན་སོགས་ལ་བཟོས་པ་རེད།

ཐ་ན། པ་ལི་སི་ཐིན་གྱི་གནད་དོན་དེ་ཕྱོགས་གཅིག་ནས་ཡང་ན་ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་བརྒྱུད་ལམ་དག་གི་ཁྲོད་དུ་བར་ཆད་མེད་པར་ཐོན་གྱིན་ཡོད། པ་ལི་སི་ཐན་ནི་དེ་སྔ་ཨོ་ཊོབ་མེན་གོང་མའི་རྒྱལ་ཁབ་ཀྱི་རྫོང་ཁོངས་(sanjaks) ཉུང་ཤས་ནང་གི་གཅིག་རེད། འདི་དང་འདི་ལྟ་བུའི་དཔེ་མཚོན་དག་བགྲངས་ནས་ད་ལྟའི་བར་ཐོན་ཐུབ་ཀྱི་རེད། དེང་སྐབས་གྱི་དཔེར་ན། ཤར་ཐི་མོར་ East Timor དང་ཁོ་སོ་བོ་ Kosovo ལྟ་བུའོ།། ངས་བསམ་ན་ངས་གདེང་ཚོད་ཀྱི་ཐོག་ནས་བརྗོད་ཐུབ་པ་ཞིག་ནི། གལ་ཏེ་གནད་དོན་དེ་ནི་ལོ་རྒྱུས་ཁོ་ནའི་སྐོར་ཡིན་ན། དེ་ནས། བོད་ཆོལ་ཁ་གསུམ་ལ་གོང་ནས་བརྗོད་ཟིན་པའི་རྒྱལ་ཁབ་གང་རུང་དང་བསྡུར་ན་རང་དབང་རང་བཙན་གྱི་གྱོད་གཞི་ཡག་པོ་ཞིག་ཡོད་པ་རེད། ལོ་རྒྱུས་ནི་གལ་ཆེན་པོ་ཏན་ཏན་རེད། ཡིན་ཡང་རྒྱལ་ཁབ་ཅིག་རང་དབང་རང་བཙན་ལ་འགྱུར་དང་མི་འགྱུར་གྱི་མཐར་ཐུག་ཐག་གཅོད་བྱེད་ཀྱི་ཆ་རྐྱེན་དག་ལས་ལོ་རྒྱུས་ནི་དེའི་ནང་གི་གཅིག་ཁོ་ན་རེད།

རང་ཐག་རང་གཅོད self-determination ་ཀྱི་ཐོབ་ཐང་ནི་དེང་རབས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་གི་རྩ་དོན་གཙོ་ཆེ་ཤོས་ཤིག་རེད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་ལ་བཀོད་བཞག་ཡོད་ཅིང་། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཡོངས་རྫོགས་ཁྲིམས་ལུགས་འདིས་བཀག་སྡོམ་བྱས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གན་རྒྱའི་གཉིས་ཀའི་ནང་ལ་དོན་ཚན་དང་པོ་ཞེས་རེ་རེ་བགྲངས་ཡོད། རང་ཐག་རང་གཅོད་ཀྱི་འོག་ན་མི་ཚང་མར་ཕྱིའི་བཙན་ཤེད་དང་ཐེ་བྱུས་མེད་པར་ཁོང་ཚོའི་ཆབ་སྲིད་ཀྱི་གནས་བབ་རང་དབང་ལྡན་པའི་ཐོག་ནས་ཐག་གཅོད་པའི་ཐོབ་ཐང་ཡོད་པ་རེད། དེ་སྔ་རྩ་དོན་འདི་བརྒྱུད་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ཧ་ལམ་རྒྱལ་ཁབ་གསར་པ་རེ་རེར་ཁོང་ཚོའི་རང་བཙན་གྱི་བདག་དབང་སྤྲད་ཡོད་པ་རེད། ཤོག་ཁག་གང་ལ་ཁྲིམས་མཐུན་གྱི་ཐོག་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩོད་ལེན་ཐག་གཅོད་བྱེད་པར་ངེས་ཚིག་འགྲེེལ་བརྗོད་དང་ཁྲིམས་ཐོག་གི་ཚད་གཞི་ཐད་རྙོག་འཛིངས་ཡོད་པ་རེད། ཞོར་དུ། རྩ་དོན་རང་གི་ཐད་ནས་རྩོད་རྙོག་གཅིག་གམ་གཉིས་ཡོད་པ་རེད། ཡིན་ཡང་། དེ་ནི་དོན་དངོས་སུ་དེང་རབས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་རྩ་དོན་གཙོ་བོ་ཡིན་པའི་ཐད་ལ་རྩོད་གླེང་མེད། དོན་དངོས་སུ། རྩ་དོན་འདི་ནི་གཞི་རྩའི་ཐོབ་ཐང་ཞིག་ལ་ཆ་འཇོག་དང་། དེ་ནི་དེང་རབས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་“མཐའ་མའི་ཚད་གཞི”་(juscogens)ཡིན་པ་འཛམ་གླིང་ཡོངས་ཁྱབ་ཀྱིས་ཁས་ལེན་གནང་ཡོད་པ་རེད།

བོད་མི་དམངས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེས་ནང་གྲོས་ཆོད་གསུམ་གྱིས་ཁ་གསལ་གཏིང་གསལ་ཐོག་ནས་ངོས་ལེན་བྱས་ཡོད་པ་རེད། གྲོས་ཆོད་གསུམ་ནི་༡༩༥༩ལོར་༡༣༥༣(XIV)། ༡༩༦༡ལོར་༡༧༢༣(XVI)། ༡༩༦༥ལོར་༢༠༧༩(XX)་བཅས་སོ།། དེ་དག་གིས་རྒྱ་ནག་ལ་ཐོབ་ཐང་འདིར་བརྩི་བཀུར་བྱེད་པའི་འབོད་སྐུལ་གནང་ཡོད་པ་རེད། དེར་བརྟེན། ང་ཚོ་ཚང་མས་འདི་དྲན་དགོས་པ་གལ་ཆེན་པོ་རེད། དམིགས་བསལ་དུ་དབུ་མའི་ལམ་ལ་ཡིད་ཆེས་བྱེད་མཁན་དང་རྗེས་སུ་འཇུག་མཁན་ཚོས་དྲན་དགོས་པ་གལ་ཆེན་པོ་རེད།

རྒྱལ་སྤྱིའི་ཚོགས་ཆེན་གྱིས་་་་་་“བོད་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དག་དང་རང་དབང་དག་འཕྲོག་པར་བྱེད་པའི་དོན་དངོས་ལག་ལེན་དག་མཚམས་འཇོག་ཡོང་བར་རང་གི་འབོད་སྐུལ་ལ་དོ་གལ་ཆེན་པོའི་ཐོག་ནས་བསྐྱར་གསོ་བྱེད་ཀྱིན་ཡོད།” ‘འདི་ནི་༡༩༦༡ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་༡༧༢༣(XVI)རེད།

ཐེར་འདོན་བྱེད་དགོས་པ་ཞིག་ནི་གྲོས་ཆོད་དེ་མི་སུ་ཡི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྐོར་ལ་གྲོས་བསྡུར་བྱས་པ་རྦད་དེ་གསལ་གསལ་ཐིང་ཐིང་རེད། གྲོས་ཆོད་འདིས་ཐ་ན་དྲི་བའི་ཁྲོད་ཀྱི་“མི་དམངས”་ཀྱི་དོན་ནི་༡༩༥༨ལོའི་སྔོན་གྱི་ལྷ་ས་སྲིད་གཞུང་གི་འོག་ན་འཚོ་བའི་མི་དམངས་དེ་ཚོ་ཁོ་ན་ལ་གོ་དགོས་ངེས་ཀྱི་བརྡ་སྟོན་གྱིན་མི་འདུག་ལ། ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་འོག་གི་མི་སེར་ཁོ་ན་ལ་གོ་དགོས་པ་ཡང་སྟོན་གྱི་མི་འདུག གྲོས་ཆོད་དེས་སྟབས་བདེ་པོའི་ཐོག་ནས་“བོད་མི་དམངས”་ཞེས་རྗོད་ཀྱིན་འདུག འདིའི་འགྲེལ་བཤད་རྩོམ་ཡིག་འདིའི་དུམ་བུ་དང་པོའི་ནང་བསྟན་བཞག་ཡོད། ཐ་ན་རྒྱ་ནག་གིས་ཀྱང་བོད་མི་རིགས་ཡོངས་རྫོགས་“གྲངས་ཉུང་མི་རིགས་ས་ཁུལ་དག”་ཏུ་གྲགས་པ་དེའི་ནང་འདུས་པ་ངོས་ལེན་བྱེད་ཀྱི་ཡོད་པ་རེད། “གྲངས་ཉུང་མི་རིགས་ས་ཁུལ་དག”་ཅེས་པ་ནི་ཁམས་པ་དང་ཨ་མདོ་བ་ཡོངས་རྫོགས་ཀྱི་དོན་ཡིན་ངེས་རེད།

ངས་མཉམ་འབྲེལ་རྒྱལ་ཚོགས་ནང་གནད་དོན་བྱེ་བྲག་འདིའི་སྒང་ལ་གོ་ལོག་གང་རུང་ཡོད་པར་བསམ་གྱི་མེད། མཉམ་འབྲེལ་རྒྱལ་ཚོགས་ནང་དུ་བོད་ཀྱི་སྒང་ལ་འཚོགས་པའི་བགྲོ་གླེང་དག་དང་། ད་དུང་། ཕྱི་ལོ་༡༩༥༩་དང་༡༩༦༠ལོའི་ཁྲིམས་ལུགས་མཁས་པའི་རྒྱལ་སྤྱིའི་ཚོགས་ཆེན་གྱི་སྙན་ཞུ་གཉིས་བཅས་ནི་བགྲོ་གླེང་པ་ཚོས་རྒྱ་ཆེན་པོའི་ཐོག་ནས་ལུང་འདྲེན་བྱས་ཡོད། གྲོས་བསྡུར་བྱུང་བའི་བོད་མི་དེ་ཚོའི་ཐོབ་ཐང་དག་གི་གནད་དོན་རྣམས་བོད་ཀྱི་སྲོལ་རྒྱུན་གྱི་ས་ཁུལ་གསུམ་ཡོངས་རྫོགས་ནས་ཡོང་བ་རེད། ངས་ལུང་འདྲེན་གནང་ན། ཨ་མདོའི་རེབ་གོང་། སྡེ་དགེ་རུ་ཡོད་པའི་རྫོང་གསར། ལི་ཐང་གི་ཐག་ཉེར་ཡོད་པའི་ར་བ། འབའ་རུ་ཡོད་པའི་སྣང་བཟང་། ཨ་མདོ་རུ་ཡོད་པའི་འཇམ་དབྱངས་བཞད་པའི་དགོན་པ་དང་བྱ་ཁྱུང་དགོན་པ། ཨ་མདོ་རུ་ཡོད་པའི་རྡོ་སྦིས་རྒྱ་ཚང་། ཁམས་སུ་ཡོད་པའི་དར་རྩེ་མདོ། ཨ་མདོ་རུ་ཡོད་པའི་བྲག་ཁང་སྣ་ཁ་དང་གཅན་ཚ་སོགས། དབུས་གཙང་དུ་ཡོད་པའི་རྫོང་ཁོངས་དག་དང་གྲོང་རྡལ་དག་ཀྱང་ཡོད་པ་རེད།

གལ་ཏེ་ཁྱོད་ཀྱིས་ཚོགས་འདུ་སྟེང་ནས་ཐག་ཆོད་བྱུང་བའི་ཡིག་ཆ་དག་བཀླགས་ན། འཐུས་ཚབ་ཚོས་ལྷ་ས་སྲིད་གཞུང་གི་ཁྲིམས་ལུགས་ཁྱབ་ཁོངས་འོག་ཡོད་པའི་མངའ་ཁོངས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་༡༩༥༠ནང་བཙན་འཛུལ་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད། འོན་ཀྱང་། དེ་རུ་ལྷ་ས་སྲིད་གཞུང་གི་འཛིན་སྐྱོང་འོག་མེད་པའི་བོད་པའི་ས་ཁུལ་དག་ཡོད་པ་རེད། རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་གྱི་གྱེན་ལངས་མང་ཆེ་བ་དེ་གར་བྱུང་ཡོད་ཅིང་། གནས་དེར་རྒྱ་ནག་གིས་“མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་དག”་སྤེལ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབོད་སྐུལ་གནང་དུས་གྲོས་ཆོད་ཀྱི་དམིགས་ཡུལ་གང་ཡིན་ཧ་ཅང་གསལ་པོ་ཆགས་ཡོད་སྟེ“བོད་མི་དམངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དག་༼ཁོང་ཚོའི་རང་ཐོག་རང་གཅོད་ཀྱི་ཐོབ་ཐང་ནང་དུ་འདུས༽དང་རང་དབང་དག་འཕྲོག་པར་བྱེད་པའི་དོན་དངོས་ལག་ལེན་དག་མཚམས་འཇོག་ཡོང་བའི་ཆེད་ཡིན་”ཞེས་བཀོད་ཡོད་པས་སོ།། ཁོང་ཚོ་ཞེས་པ་འདི་བོད་ཆོལ་ཁ་གསུམ་གྱི་མི་དམངས་ཡོངས་རྫོགས་ལ་གོ་གི་ཡོད།

བོད་ཆོལ་ཁ་གསུམ་གྱི་མི་དམངས་རྣམས་ཀྱིས་ཁོང་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་གསལ་གསལ་ཐིང་ཐིང་གི་སྒོ་ནས་བེད་སྤྱོད་བྱས་ཡོད་པ་དང་ཁོང་ཚོའི་འདམ་ག་ནི་རྒྱ་ནག་གི་དབང་སྒྱུར་ལ་ཁས་ལེན་མེད་པ་མིག་སྟོན་གསལ་བཤད་བྱས་ཡོད་པ་ཁོ་བོས་བསམ་གྱི་ཡོད། དཔེར་མཚོན་གཙོ་ཆེ་ཤོས་འགའ་ཞུས་ན། མཚོན་ཆ་སྤྲས་པའི་གྱེན་ལངས་ངོ་རྒོལ་མང་པོ་ཞིག་བྱུང་ཡོད་པ་ལས་༡༩༤༩ལོའི་ཕྱི་ཟླ ༡༢་པར་ཨ་མདོ་སྣང་ར་དང་ཧོར་མོ་ཁ་རུ་གྱེན་ལངས་ངོ་རྒོལ་བྱས་ཡོད། ༡༩༥༦ལོའི་ཕྱི་ཟླ་༢པའི་ནང་ལི་ཐང་དུ་ཁམས་པའི་གྱེན་ལངས་ཆེན་མོའི་དོན་རྐྱེན་གློ་བུར་དུ་བྱུང་ཡོད། ༡༩༥༩ལོའི་ཕྱི་ཟླ་༣པའི་ནང་ལྷ་ས་རུ་གྱེན་ལངས་ངོ་རྒོལ་བྱུང་ཡོད་པ་ལྟ་བུའོ།། ཁམས་དང་ཨ་མདོ་ནང་དུ་འབྱུང་བཞིན་པའི་རང་ལུས་གཞོམ་བསྲེགས་ཀྱི་གྲངས་འབོར་དེ་ད་ལྟ་༡༢༠་བརྒལ་གྱི་ཡོད་པ་རེད། དེ་དག་གིས་རྒྱ་ནག་གི་དབང་སྒྱུར་ལ་མི་དམངས་ཀྱིས་ངོས་ལེན་མེད་པ་ཁ་གསལ་གཏིང་གསལ་གྱི་ཐོག་ནས་མིག་སྟོན་གསལ་བཤད་གནང་གིན་ཡོད་པ་རེད། ཁོང་ཚོས་བོད་ཀྱི་བླ་ན་མེད་པའི་དབང་སྒྱུར་པ་ཏཱ་ལའི་བླ་མ་མཆོག་ཁོང་གི་གནའ་བོའི་རྒྱལ་ས་ལྷ་ས་རུ་ཕྱིར་ཕེབས་ནས་ཁོང་གི་སྲིད་གཞུང་གིས་གཅིག་ཏུ་བསྒྲིལ་ཞིང་རང་དབང་རང་བཙན་ལྡན་པའི་བོད་ཅིག་ལ་དབང་སྒྱུར་ཡོང་བའི་འབོད་སྒྲ་གསལ་གསལ་ཐིང་ཐིང་གིས་སྒྲོག་གིན་ཡོད་པ་རེད།

དབུ་མའི་ལམ་གྱིས་བོད་མི་ཚང་མར་ཁོང་ཚོའི་རང་བཙན་འཐབ་རྩོད་བློས་གཏོང་བྱས་ཏེ་“དྭང་བླངས”་ཀྱིས་ཐོག་ནས་རྒྱ་ནག་གི་མི་སེར་ཞིག་བྱེད་པར་འདམ་དགོས་པ་དང་“དྭང་བླངས”་ཀྱིས་ཐོག་ནས་དམར་ཤོག་རིང་ལུགས་ཀྱི་དབང་སྒྱུར་འོག་གནས་དགོས་པར་རེ་སྐུལ་ཞུ་བཞིན་ཡོད་པ་རེད། འདི་ལྟར་སྒྲུབ་ན་དོན་དངོས་སུ་ཁོང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལས་དུས་ད་ལྟ་བར་དུ་ཐོབ་པའི་བོད་མི་ཚང་མའི་༼ཁམས་པ་ཚོ་དང་ཨ་མདོ་བ་དག་ཚུད་ཡོད།༽ཆེས་གལ་ཆེ་ཤོས་ཀྱི་ཁྲིམས་མཐུན་གྱི་གཏན་འབེབས་དེ་བློས་གཏོང་བྱེད་ཀྱི་ཡོད་པ་རེད། དངོས་འབྲེལ་ལ་ཁོང་ཚོའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དོར་གྱི་ཡོད་པ་རེད། དོན་དངོས་སྟེང་ནས་བརྗོད་ན། ཁོང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་འོག་“དྭང་བླངས”་ཀྱིས་འདུག་པའི་འདམ་ག་གནང་སྐབས་ཁོང་ཚོས་སོ་སོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དག་བློས་གཏོང་བྱེད་ཀྱི་ཡོད་པ་རེད། འདི་བོད་མི་ཚང་མས་ཤེས་དགོས་པ་གལ་ཆེན་པོ་རེད། ལྷག་པར་དུ་ཁམས་པ་ཚོ་དང་ཨ་མདོ་བ་ཚོས་ཧ་གོ་དགོས་པ་གལ་འགངས་ཆེན་པོ་རེད།

ཁྱོད་ཀྱིས་ཨ་མེ་རི་ཁའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཞིག་གིས་ཕྱི་ལོ་༡༦༢༦ནང་མན་ཧྰ་ཐན Manhattan ་གླིང་ཕྲན་དེ་ཌྷ་ཆི་ Dutch་ལ་ཨ་སྒོར་༢༤རིན་གོང་དང་འདྲ་མཉམ་ཡིན་པའི་“ཕྲེང་རྡོག་དང་སྒྲོག་གུ གཞན་རིན་ཐང་ཆུང་བའི་སྔོ་ནེ”་བཅས་ལ་ཕྱིར་འཚོང་བྱས་པའི་སྐོར་གྱི་གཏམ་རྒྱུད་དེ་གོ་ཡོད་སྲིད། དེའི་སྐོར་གྲོང་ཚིག་དམར་རྗེན་གྱིས་སྤེལ་བའི་དམངས་ཁྲོད་གླུ་གཞས་ཤིག་གི་ནང་“བྷི་རོན་ཁུ་སཱི Bronx ་དང་སཱི་ཊེད་ཊན Staten ་གླིང་ཕྲན་གཉིས་ཀ་ཨ་རག་ཤེལ་དམ་གང་ལ་བརྗེས་སོང་ལོ།”ཞེས་བྲིས་ཡོད་པ་རེད། གཏམ་རྒྱུད་འདི་ནི་ཕལ་ཆེར་ཨིན་ཇི་མི་རིགས་རིང་ལུགས་པ་འགས་གདོད་མའི་ཚོ་པ་དེའི་མི་རྣམས་བླུན་པོ་གང་འདྲ་ཡིན་པར་མིག་སྟོན་གསལ་བཤད་ཆེད་བཟོས་པའི་རྟོག་སྒྲུང་རེད། ངས་མ་འོངས་བའི་རྒྱ་མི་མི་རིགས་རིང་ལུགས་པ་ཞིག་གིས་པེ་ཅིན་གྱིས་བོད་མི་ལྐུག་པ་འདི་ཚོ་ཇི་ལྟར་ལས་སླ་བོའི་ཐོག་ནས་རང་དབང་རང་བཙན་ལྡན་པའི་ཕ་ཡུལ་བོད་ཅིག་འཐབ་རྩོད་བྱེད་པའི་ཁོང་ཚོའི་ཐོབ་ཐང་དེ་ཨ་རག་ཤེལ་དམ་གང་ཕར་ཞོག རྒྱུ་རྫས་གང་ཡང་མེད་པ། ཐ་ན། ཕྲེང་རྡོག་དང་སྒྲོག་གུ་ཡང་མེད་པ་ཞིག་ལ་ཕྱིར་འཚོང་གི་མགོ་སྐོར་བཏང་བ་སྟོན་པའི་སྒྲུང་རིགས་གང་འདྲ་ཞིག་གསར་རྩོམ་བྱེད་ཀྱི་ཡིན་ནམ་སྙམ་ནས་ཡ་མཚན་སྐྱེ་གི་འདུག

མཇུག་རྫོགས།

དཔྱད་གཞིའི་ཡིག་ཆ་ཁག
[1] Anon. The Boundary Question between China and Tibet: A Valuable Record of the Tripartite Conference between China, Britain and Tibet held in India, 1913-14. Peking. 1940. pp.1-6.
[2] Goldstein, Melvyn C. A History of Modern Tibet, 1913-1951; The Demise of the Lamaist State. University of California Press, Berkeley, 1989. pp. 68-71.
[3] Shakabpa, Tsepon W.D. Bhod Kyi SeDon Gyalrap (Political History of Tibet) Vol II, Sherig Parkhang, Dharamshala, 1976.
[4] Premen Addy, Tibet on the Imperial Chessboard, Academic Publishers, Calcutta Delhi, 1984. p.279
[5] Wangchuk Tsering, was my great-grandfather from my father’s maternal side. He hailed from Amdo and received a Chinese education as a child. Starting off as an assistant he later became one of the two Manchu commissioners for customs at Yatung. He retired in Darjeeling and assisted the Thirteenth Dalai Lama during his exile there. The family still has a letter from His Holiness granting him the governorship of Markham in Eastern Tibet ¬– an honor which Wangchuk Tsering respectfully declined. JN.
[6] Bell, Charles. Portrait of the Dalai Lama, Collins, London 1946. pp 206-207.
[7] Goldstein, ibid.
[8] “Lang” or “Ox” Darma was the derogatory epithet used in subsequent clerical propaganda about the emperor Lhasay or “Heavenly Son” Darma.
[9] Samten G. Karmay, “King Glang Dar-ma and his Rule” The Arrow and the Spindle, Studies in History, Myths, Rituals and Beliefs in Tibet, Vol II. Mandala Publications, Kathmandu, 2005. p.15
[10] Paul Kocot Nietupski, Labrang Monastery: A Tibetan Buddhist Community on the Inner Asian Borderlands, 1709-1958, Lexington books, UK, 2011, p. 117.
[11] Luciano Petech, Aristocracy and Government in Tibet, p.13.
[12] Jamyang Norbu, “The Girl and the Golok Chiefs” http://www.phayul.com/news/article.aspx?id=8887&t=1
[13] Joseph Rock, The Amnye Machen Range and Adjacent Regions, Is.M.E.O., Roma, 1956.


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་གྱི་གནད་དོན།(མཐའ་མ)

  1. ལམ་རིམ་ལ་དོགས་གཅོད་འདྲ་བོ་མང་པོ་བྱེད་ཀྱི་འདུག མིང་ལ་བསམ་བློ་བཏང་ན་ཡོངས་གྲགས་འདྲ་བོ་ལ་རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་སོགས་བརྩམས་པ་ནས་བཟུང་ལམ་རིམ་ཅེས་དགེ་ལྡན་པའི་ཕྱོགས་ལ་ཡོངས་གྲགས་ཆགས་པ་རེད། འདིའི་དབང་དུ་བྱས་ན་སྒྲ་བཤད་འཇུག་གི་མུ་བཞི་བརྩིས་ན་འགྲིགས་ཀྱི་རེད། དོན་ལ་བསམ་བློ་བཏང་ན་བསྟན་པ་འདིའི་དབང་དུ་བྱས་ན་སྟོན་པ་སངས་རྒྱས་ནས་ལམ་རིམ་གདུལ་བྱ་ལ་བསྟན་པ་རེད། དེའི་རྗེས་འཇུག་རྣམས་ཀྱིས་རྒྱས་བསྡུས་མི་འདྲ་བའི་ལམ་རིམ་བརྩམས་པ་རེད། བླ་བརྒྱུད་ལ་དོགས་པ་གཅོད་དགོས་ན་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལ་གཟིགས་ན་ཡག་པོ་མཁྱེན་གྱི་རེད། ལམ་རིམ་སྐབས་འདིར་གནང་རྒྱུ་རྣམས་༸སྐྱབས་མགོན་རིན་པོ་ཆེས་གང་ནས་ཞུས་པ་སང་ཉིན་གསལ་པོ་གསུང་ཡོང་གི་རེད་ཡག་པོ་ཉོན་དང་འགྲིགས་ཀྱི་རེད། དེ་འདྲ་རྩད་མི་ཆོད་པའི་དཀའ་ངལ་མེད་པ་རེད། སྐྱབས་མགོན་རིན་པོ་ཆེ་ལ་ལམ་རིམ་རྣམ་གྲོལ་ལག་བཅང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ནས་བརྒྱུད་པ་ལ་དོགས་པ་མི་དགོས་པ་རེད། དགེ་ལྡན་ལམ་རིམ་གྱི་བརྒྱུད་པ་གང་ནས་དེད་ཀྱང་༸གོང་ས་མཆོག་གི་ཐུགས་རྒྱུད་ན་ཡོད་པ་འདི་སྐྱབས་རྗེ་ཕ་བོང་ཁ་ནས་བརྒྱུད་པ་མ་གཏོགས་ཧ་ལམ་མེད་པ་རེད། གླིང་རིན་པོ་ཆེ་དང་། ཁྲི་བྱང་རིན་པོ་ཆེ་གཉིས་ཀས་ཞུ་ས་དེ་སྐྱབས་རྗེ་བདེ་ཆེན་སྙིང་པོ་ལས་གཞན་མིན་པ་ཧ་ལམ་གསལ་པོ་རེད། གླིང་རིན་པོ་ཆེའི་རྣམ་ཐར་༸གོང་ས་མཆོག་གི་ལྗགས་རྩོམ་གནང་བ་དེར་གཟིགས་དང་གླིང་རིན་པོ་ཆེའི་བླ་མ་སུ་ཡིན་གསལ་པོ་ཧ་གོ་གི་རེད།
    གང་ལྟར་༸གོང་ས་མཆོག་གི་ཐུགས་རྒྱུད་ན་དགེ་ལྡན་པའི་དབང་ལུང་མན་ངག་གང་ཡོད་པ་དེ་ཡོངས་འཛིན་རྣམ་གཉིས་དང་སྟག་བྲག་རིན་པོ་ཆེ་སོགས་ནས་བརྒྱུད་པ་མ་གཏོགས་མེད་པ་གསལ་པོ་རེད། ད་འགའ་ཤས་དོགས་པ་འདྲ་བོ་གཞི་ནས་ལང་པ་འདི་ཡག་པོ་མིན། དང་པོ་བླ་མ་བརྟག་པའི་བློ་མིག་དང་མི་ལྡན་བཞིན་གཡམ་ལ་རྒྱུགས་ནས་དབང་ལུང་མན་ངག་ཞུས་ཞུས་ནས་ད་བླ་མ་དང་བརྒྱུད་པ་རྩད་གཅོད་པ་འདི་དང་པོ་བསྟན་པ་ལ་འཇུག་ཚུལ་ནོར་བ་གསལ་པོ་རེད། ལམ་རིམ་ཆེན་མོའི་ནང་ནས་བསྟན་པ་བཞིན་དང་པོ་མགོ་བཤེས་གཉེན་བསྟེན་ཚུལ་སྐབས་དང་པོ་མདོ་རྒྱུད་ནས་བསྟན་པའི་བླ་མ་ཞིག་རེད་འདུག་དང་མི་འདུག་བརྟགས། དེ་ནས་བསྟེན་དགོས་ཚུལ་རྣམ་མ་ངེས་པའི་ཐོག་ནས་གང་གྲགས་པ་ཡོད་པ་ཞིག་གི་རྗེས་སུ་རྒྱུགས། རྗེས་ནས་བརྒྱུད་པ་རྩད་གཅོད་ནས་ལོག་ལྟ་དང་སྐུར་འདེབས་ཀྱི་རང་རྒྱུད་མ་རུངས་པར་བྱེད་པ་འདི་བོད་ཀྱི་བླ་མ་བསྟེན་ཚུལ་ལ་ལྷག་པའི་སྐྱོན་ཆེ་ཤོས་དེ་ཡིན་པས་གང་ཟག་རེ་རེ་ལ་འཁང་ར་བྱེད་རིན་གང་ཡང་མེད། སྔ་མོ་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་ང་ཚོ་བོད་གངས་ཅན་ལྗོངས་ལ་ཕྱི་ཡི་བསྟན་དགྲ་དང་། ནང་གི་བསྟན་དགྲ་གཉིས་ཡོད་པ་རེད། གཅིག་དེ་རྒྱ་མི་གུང་ཁྲན་ཏང་རེད། དེས་བསྟན་པ་ཞེ་དྲག་བཤིགས་ཐུབ་མེད་པ་དང་། ནང་གི་བསྟན་དགྲ་དེ་སྐྱབས་རྗེ་ཕ་བོང་ཁ་རེད། དེས་བསྟན་པ་ཚབ་ཆེན་བཤིགས་པའི་སྐོར་བང་ཆེན་གསར་འགྱུར་ནང་དུ་བཏོན་པ་རེད།

    དེ་དུས་ངས་གདོང་ཐོག་རིན་པོ་ཆེ་ལ་ང་ཚོ་བོད་གངས་ཅན་གྱི་མགོ་ལྡན་ལུང་པ་ཁུག་ལྕོག་ལས་དང་བསོད་ནམས་དམན་པ་རེ་ཟུང་རེད་མ་གཏོགས་༸གོང་ས་མཆོག་གི་སློབ་མར་མ་གྱུར་པ་མེད་པས་སྐྱབས་རྗེ་ཕ་བོང་ཁ་བརྒྱུད་པའི་བླ་མའི་གྲལ་དུ་སེར་ཛོ་ཛོ་བཞུགས་ཡོད་རེད་ཅེས་རིགས་པའི་སྒྲུབ་བྱེད་བཅས་བྲིས་པ་ཡིན། དེ་ཚགས་པར་ནང་ལ་འཇོག་དགོས་ཞེས་ངའི་གྲོགས་པོ་ཞིག་གིས་ཁུར་སོང། ངས་དེ་ག་ས་མཚར་རྩེད་དུ་བྲིས་པ་རེད། མ་ཁུར་མ་འཇོག་མང་པོ་ལབ་པ་ཡིན། འོན་ཀྱང་ཉན་མ་སོང། ཁུར་ནས་འགྲོ་སོང། འོན་ཀྱང་ཚགས་པར་ནང་ལ་བཞག་མི་འདུག དེའི་སྐབས་ཚགས་པར་ལས་བྱེད་པ་ཞིག་གིས་རྣམ་གྲོལ་གླིང་དང་། རྫོང་གསར་སོགས་ནས་རྩོད་པ་མང་པོ་ཡོང་ཚུལ་བཤད་ཀྱི་འདུག་ཟེར་དེ་ལ་ང་ཡ་མཚན་འདྲ་བོ་ཏོག་ཙམ་སྐྱེས་སོང། གང་ཡིན་ཞེ་ན་ཕྲུག་གུ་མགོ་སྐོར་གཏོང་བྱེད་འདྲ་བོ་བཤད་འདུག་བསམ་བྱུང། ཁུར་མཁན་དགེ་ལུགས་པ་རེད། གཞན་པ་ཁོང་ཚོ་ཡང་དགེ་ལུགས་པ་རང་ཡིན་དུས་ཆོས་བརྒྱུད་ཁག་ལ་རྒྱུས་མེད་པའི་ཚོད་རྩིས་འདྲ་བོ་དེ་ལ་དྲང་མོ་བཤད་ན་རྣ་བ་ལ་གང་ཡང་འགྲོ་མ་སོང། རྫོང་གསར་གྱི་མཁན་པོ་སོགས་ང་ཚོའི་གྲོགས་པོ་རྒྱུན་པར་ནང་ཚག་གི་རྩོད་འདྲ་བོ་ག་རེ་རྒྱག་དགོས་ན་རྒྱག་ཆོག་ཆོག་འདྲ་བོ་དང་བསམ་ཚུལ་གང་ཡོད་པ་ཤོད་རེས་བྱེད་ནས་དཀའ་ངལ་གང་ཡང་མེད་པ་ངས་གསལ་པོ་ཤེས་ཀྱི་ཡོད་པས་དེ་གི་རེད། དེ་བཞིན་རྣམ་གླིང་གི་མཁན་པོ་རྣམས་དང་རྒྱུས་ཡོད་པ་རེད། ང་དགེ་ལུགས་པ་ཞིག་ཡིན་ན་གཏམ་དེ་ལ་ཞེད་སྲིད་པ་དང་ཡང་ན་ཆགས་སྡང་དེ་ལས་ཆེ་བ་ལང་སྲིད་པ་རེད།
    ངས་དེ་ལ་རྒྱུ་མཚན་གང་ཡང་མཐོང་མ་སོང། གནས་ཚུལ་དེ་དག་ལ་ལྟ་དུས་དེའི་སྐོར་དེ་གལ་ཆེན་པོ་འདྲ་བོ་ལ་མཐོང་སོང། མ་འོངས་པར་ང་ཚོའི་ཆོས་བརྒྱུད་ཁག་གི་ལྟ་ཚུལ་འདི་ལ་ད་དུང་ཡང་འདི་འདྲ་ག་རེ་ཡིན་ན་བསམ་ནས་ནང་ཁུལ་འཆམ་འཐུན་ལ་འགོག་ཅན་ཅན་འདིའི་རིགས་ག་ཚད་ཡིན་ན་མེད་ན་བཟང་བར་རིགས་ཏེ་ངས་གདོང་ཐོག་བསྟན་པའི་རྒྱལ་མཚན་དང་བགྲོ་གླེང་བྱ་འདོད་བྱུང། དེའི་བར་ནས་བྱེད་ཐུབ་མ་སོང། ངས་གདོང་ཐོག་རིན་པོ་ཆེ་ལ་དད་ཞེན་དང་གཟི་བརྗིད་ཅན་ཞིག་ཏུ་བརྩི་བའི་དབང་གིས་དགྲ་ཁ་གཏད་འདྲ་བོ་མཐོང་གི་མེད། དེས་ངས་བགྲོ་གླེང་ཐུབ་པ་རེད། དགྲ་ཁ་གཏད་འདྲ་བོ་ཡིན་པའི་བསམ་བློ་ཡོད་ན་ངས་དང་པོ་ནས་རྩོད་གྱི་མ་རེད། ལྷག་པར་དུ་ག་དུས་ཡིན་ན་ཁྲི་བྱང་རིན་པོ་ཆེ་ལ་ངས་ཁ་མང་པོ་གཏོང་མྱོང་ཡོད་པ་མ་ཟད་སྐྱབས་རྗེ་ཕ་བོང་ཁ་ལ་ཧ་ཅང་དོགས་པ་དང་རྣམ་རྟོག་ཡོད་མཁན་གྱི་གང་ཟག་ཞིག་ཡིན་དུས་སྐབས་ཤིག་ཁྲི་བྱང་རིན་པོ་ཆེའི་རྣམ་ཐར་དེ་ངའི་གཤག་ནང་ལ་ཁུར་ཡོང་ནས་བལྟས་པ་ཡིན། དེ་སྐབས་རྣམ་རྟོག་ཆེ་བའི་དབང་གིས་རྨི་ལམ་ཡང་ཡང་འཁྲུགས་ཀྱི་འདུག དེ་ནས་སྐབས་གཅིག་ལ་སྐྱབས་མགོན་རིན་པོ་ཆེ་ནས་སྟག་ཕུ་གི་དག་སྣང་དང་རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་དེ་གནང་དུས་ཡི་མི་རང་པ་ཞེ་དྲག་ཡོང་གི་ཡོད་ཀྱང་བླ་མས་ཉན་མི་རུང་བ་ཞིག་གཏན་གཏན་གནང་མི་སྲིད་ག་རེ་ཡིན་ན་བསམ་ནས་རང་གི་རང་ལ་དོགས་འདྲི་མང་པོ་ཡོང་གི་འདུག

    འོན་ཀྱང་བཤད་པ་ཟབ་ལ་རྒྱ་ཆེ་བ་དང་ཟབ་གནད་དེ་དྲན་ནས་བློས་གཏོང་ཐུབ་ཀྱི་མེད། སྐབས་རེ་འུ་འདྲ་བོ་ཐུག་དུས་གསང་སྔགས་ཀྱི་ཐོག་བརྫིས་ཀྱི་སྤྱོད་པ་དེ་འདྲ་ལ་བསམ་བློ་གཏོང་ནས་དག་མཉམ་ཀྱི་ལྟ་བའི་སྐོར་ལ་བསམ་བློ་རེ་གཏོང་ནས་སྡོད་ཀྱི་ཡོད། གང་ལྟར་ལོ་མང་རིང་ངས་དེའི་ལྟ་བ་དེ་དོར་མ་ཐུབ་ནས་དཀའ་ངལ་འདྲ་བོ་མང་པོ་བྱུང། དེ་ནས་མི་ལོ་བཅུ་དྲུག་བཅུ་བདུན་རིང་ལ་གསུང་ཆོས་གང་གནང་བ་དེ་གང་ཐུབ་ཅི་ཐུབ་བྱས་ནས་ཞུས་ཤིང་ཟིན་བྲིས་བརྒྱབ་པ་ཡིན། དེ་ནས་གོང་ས་མཆོག་གི་རྣམ་དཔྱོད་ཀྱི་ཤེས་རབ་དེའི་ཟུར་འདྲ་བོ་མཐོང་དུས་ལོག་ལྟ་ཆུང་རུ་ཆུང་རུ་འགྲོ་སོང། ངའི་གྲོགས་པོ་ཚོ་དང་མཉམ་དུ་འདིའི་སྐོར་བགྲོ་གླེང་རྒྱུན་མ་ཆད་པ་ག་དུས་ཡིན་ནའང་ཡོད་ཡོད་པ་རེད། ངས་ཁོང་ཚོ་ལ་ཁྲི་བྱང་རིན་པོ་ཆེའི་སྐུ་ཡོན་མཁྱེན་རྒྱ་དང་རྣམ་དཔྱོད་དང་བློ་གྲོས་བྱམས་པ་དང་བརྩེ་བ་སོགས་ཀྱིས་༸གོང་ས་མཆོག་ལ་སྐུ་ཡོན་ཕུལ་ཚུལ་རྣམས་དྲན་ན་སྒྲོ་སྐུར་མང་པོ་བྱས་ན་མི་འོས་པ་ཆེན་པོ་འདྲ་བོ་མཐོང་གི་ཡོད་པས། ༸གོང་ས་མཆོག་གི་ཐུགས་རྒྱུད་གཅིག་རེད་མ་གཏོགས་རྒྱུད་པ་སོ་སོ་ཉར་ས་འདྲ་བོ་ཁ་ཁ་གང་ཡང་ཡོད་གྱི་མ་རེད། དམ་ཉམས་པའི་བླ་མ་ལས་བརྒྱུད་པའི་བརྒྱུད་པ་འཛིན་པའི་ཐུགས་རྒྱུད་གཅིག་དང། དམ་ལྡན་གྱི་བླ་མ་ལས་གསན་པའི་ཐུགས་རྒྱུད་གཅིག་འདྲ་བོ་དེ་འདྲ་ཡོང་གི་ཡོད་ན་དེ་ཡོང་མི་ཤེས་པ་འདྲ་བོ་རེད། རྣལ་འབྱོར་ཉམས་པ་གཅིག་གིས་ནི།། རྣལ་འབྱོར་ཅན་ཀུན་མ་རུང་བྱེད།། ཅེས་པ་འདི་ལ་བསམ་བློ་བཏང་ན་བླ་མ་དམ་ཉམས་ན་སློབ་མ་དམ་ཉམས་པའི་གོ་ཚུལ་འདི་ཡིན་གྱི་རེད། ཤེས་རབ་༸གོང་ས་མཆོག་འདྲ་བོ་མེད་ན་ཁག་པོ་ཡིན་གྱི་རེད། སྐུ་ཚེ་སྟོད་སྨད་ཀྱི་སྐད་ཆ་འདྲ་བོ་བཤད་ན་ད་ལྟ་དབང་ལུང་དེ་དག་ནས་བརྒྱུད་པ་གནང་མི་སྲིད་པ་འདྲ་བོ་ཡིན་ཀྱང་༸གོང་ས་མཆོག་ནས་ཁོང་རྣམ་པ་ལས་བརྒྱུད་པའི་དབང་ལུང་མན་ངག་གནང་རྐྱང་ལས་ཐུགས་དོགས་སྤུ་ཙམ་མེད་པ་འདི་ཤེས་དགོས་པ་རེད། སྔ་མོ་༸ས་སྐྱ་བདག་ཁྲི་རིན་པོ་ཆེ་དང། ༸རྒྱལ་དབང་ཀརྨ་པ་དང་། རྒྱུད་སྟོད་གྲྭ་ཚང་སོགས་ཀྱིས་ཞུས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསང་བ་འདུས་པའི་དབང་དང་ཁྲིད་གནང་སྐབས་བརྒྱུད་པ་དེ་ཁྲི་བྱང་རིན་པོ་ཆེ་ལ་གཏུགས་སོང། དེ་ངས་དགོས་གནད་ཆེན་པོ་མཐོང་སོང།

    ད་བསམ་བློ་བཏང་ན་ངས་རྩེད་མོ་དང་སྦྲགས་གྲོགས་པོ་ཚོ་ལ་ང་དགེ་ལུགས་པ་ཚད་ལྡན་ཞིག་ཆག་པ་རེད་ཅེས་འུབ་ཤོབ་བཤད་ཀྱི་ཡོད། གང་ཡིན་ཞེ་ན་ང་རྙིང་མ་ལྟ་བ་མཁྲེགས་པོ་རང་ལྟ་མཆོག་འཛིན་ཚད་ལས་བརྒལ་བའི་མདོ་མེད་ཐ་ཤལ་པ་ང་འདྲ་བོས་དེ་ཚོ་མཐོང་ས་ལ་གཞན་བློ་གྲོས་ཅན་རྣམས་ཀྱིས་དེ་ལས་ལྷག་པ་ཞིག་མཁྱེན་དགོས་པའི་ཚོད་དུ་ཡོད་ཀྱང་དེང་དུས་ཀྱི་རྩོམ་པ་པོའི་འགའ་ཤས་ལ་རྣམ་དཔྱོད་ཀྱི་ཤེས་རབ་ཡོད་པ་ཞིག་ཡིན་པའི་ངོས་འཛིན་འདྲ་བོ་ཡོད་ཀྱང་ཁོང་ཚོས་བྲིས་པའི་ཁྲི་བྱང་རིན་པོ་ཆེ་དང་ཕ་བོང་ཁ་ལ་ལྟ་ཚུལ་དེ་དུས་རབས་བཅུ་དགུ་ཉི་ཤུའི་བླ་རྒན་མཁྲེགས་འཛིན་ཅན་ཞིག་གི་ལྟ་ཚུལ་ཙམ་ལས་མེད་པ་དེར་ཁེ་མཚར་འདྲ་བོ་མཐོང་སོང། འདི་འདྲའི་དགོས་པ་ལས་ཀྱང་དགག་བྱ་ཆེ་བའི་བརྒྱུད་པ་དག་མ་དག་འདི་མ་བཤད་ན་བཟང་བར་སེམས། གང་ཡིན་ཞེ་ན་༸གོང་ས་ སྐྱབས་མགོན་རིན་པོ་ཆེ་མི་ལ་མགོ་སྐོར་གཏོང་མཁན་འདྲ་བོ་ཆག་བསྡད་པ་ཞིག་དོན་ལ་ཁས་བླང་བ་རེད། གང་ཡིན་ཞེ་ན། ཕྱོགས་གཅིག་ནས་བསམ་ཚེ་༸གོང་ས་མཆོག་གི་གསུང་རྣམས་ཉན་མ་མྱོང་བ་འདྲ་བོ་ཡོད། དེ་མ་གཏོགས་༸གོང་ས་མཆོག་ནས་སྐྱབས་རྗེ་ཕ་ཝོང་ཁ་བླ་མ་ཚད་ལྡན་རེད། བྱང་ཆུབ་ལམ་རིམ་གྱི་བསྟན་པའི་མངའ་བདག་རེད། མ་རྒྱུད་ཀྱི་བསྟན་པའི་སྲོག་ཤིང་རེད། རྙིང་མ་བཀའ་བརྒྱུད་རྣམས་ཀྱི་བདུད་འདྲ་བོ་མཐོང་བ་དེ་ནོར་བ་རེད། ཁོང་གི་མཛད་པའི་ཆ་ཤས་གཅིག་ནོར་བ་རེད། ཁོང་གི་མཛད་པ་གཙོ་བོ་ནོར་མེད་པ་རེད། ཅེས་ཡང་ཡང་གསུངས་པ་དེ་སྐབས་འདི་འདྲ་བོ་ལ་དྲན་དགོས། དེ་བཞིན་ཁྲི་བཟང་རིན་པོ་ཆེ་ལ་ལན་མང་གསུངས་པ་རེད། དེ་ཚོ་ཧ་གོ་དགོས་པ་རེད། དེ་མ་ཡིན་པར་ཁ་ནས་ངའི་རྩ་བའི་བླ་མ་སོགས་བཤད་མཁས་མ་མཁས་མེད་པ་རེད། བོད་ཀྱི་ཆོས་བརྒྱུད་ཐམས་ཅད་འཆམ་མཐུན་ཡོང་བ་ལ་འདི་ཙམ་གྱི་སྤང་བླང་གྱི་རྒྱུ་རེ་བསྒྲུབ་ན་ག་འདྲ་མི་བཟང་ན། སྐྱོ་བསྔོགས་ཀྱི་འཆལ་རྩོམ་འདི་རིགས་མ་སྤེལ་ན་བཟང་བ་དང། གོ་རིགས་རྣལ་མ་ཡོད་ན་འདྲ་མི་འདྲ་མི་བཤད་པར་༸གོང་ས་མཆོག་གིས་གང་གནང་བ་དེ་ཞུས་ན་བཟང་བར་སེམས་སོ།།

Write a Reply or Comment

Your email address will not be published. Required fields are marked *

*