རྒྱ་མི་ཞེས་པ་སུ་རེད།

Who is Chinese?

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཧྥི་རན་ཁི་ཆེང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ངས་བསམ་པར་ཕྱི་ཡུལ་དུ་སྐྱེ་ཤིང་འཚར་ལོངས་བྱུང་བའི་རྒྱ་མི་གང་མང་ཞིག་སྟེ། ཧན་མི་རིགས་རྣམས་རྒྱུན་དུ་རང་ལ་འབྱུང་རྩ་མེད་པ་ཚོར་ཞོར། རྒྱ་ནག་དང་རང་གི་ཁྱིམ་རྒྱུད་ཀྱི་སྐོར་ཤེས་འདོད་ཆེན་པོས་སྒོ་ནས་འཚར་ལོངས་འབྱུང་གིི་འདུག

རྒྱ་མི་ཐོག་མར་ག་དུས་བྱུང་བ་རེད།

ང་ཚོས་ཨ་རི་བ་ཚོ་འཛམ་གླིང་འདིར་ཐོག་དང་པོར་ག་དུས་བྱུང་བ་ཡིན་མིན་ཏག་ཏག་གཏན་འབེབས་བྱེད་ཐུབ་ཀྱི་ཡོད། དེ་ནི་༡༧༧༦་ལོ་སྟེ། ཨ་མེ་རི་ཁ་འཁྲུངས་བའི་དུས་རེད། འོན་ཀྱང་། རྒྱ་ནག་ག་དུས་འཁྲུངས་བ་རེད། མི་མང་གང་མང་ཞིག་གིས་རྒྱ་ནག་གི་ལོ་ངོ་༥༠༠༠་ལྷག་གི་དཔལ་ཡོན་གྱི་སྐོར་བརྗོད་ཀྱི་ཡོད་ཀྱང་། མི་དེ་ཚོ་དུས་ནམ་ཞིག་ལ་རྒྱ་མི་ཆགས་པ་རེད། རྒྱ་ནག་དེ་ལོ་དུས་གང་ཞིག་ལ་རྒྱ་ནག་ཆགས་པ་རེད།

“རྒྱ་ནག”་ཞེས་པའི་ཚིག་འདི་ཕལ་ཆེར་རྒྱ་ནག་གོང་བུ་གཅིག་གྱུར་བྱེད་མཁན་དང་། ཆིན་རྒྱལ་རབས་གསར་འཛུགས་བྱེད་མཁན་གྱི་རྒྱལ་བོའི་མིང་ལས་བྱུང་བ་འདྲ། སྤྱི་ལོ་སྔོན་གྱི་༢༢༡་ལོ་ནི་རྒྱ་མི་ཚོ་དང་ཐོག་འཛམ་གླིང་འདིར་བྱོན་པའི་དུས་ཡིན་ནམ། རྒྱལ་པོ་ཆིན་ཧྲི་ཧང་རྒྱ་མི་དང་པོ་རེད་དམ། རྒྱ་མི་ཐོག་མ་རྣམས་གང་ནས་ཡོང་བ་རེད།

ཏན་ཏན་ང་རང་སློབ་གྲྭ་འགྲིམས་པའི་སྐབས་སུ། རྒྱ་མིའི་ལྟ་ཚུལ་ནི་ཧན་མི་རིགས་ཀྱི་ལྟ་ཚུལ་དང་འདྲ་མཉམ་ཡིན། ད་ལྟའི་དུས་སུའང་རྒྱ་ནག་གི་སློབ་གྲྭ་ཁག་གི་ནང་དུ་རྒྱལ་གཅེས་པ་ཡེ་ཧྥེ་(Yue Fei)དང་རྒྱལ་འཚོང་བ་ཆེན་ཀེ་(Qin Kuai)གཉིས་ཀྱི་སྐོར་སློབ་ཁྲིད་བྱེད་ཀྱི་ཡོད་མེད་ཤེས་ཀྱི་མེད། ཆེན་ཀེས་སུང་རྒྱལ་རབས་ལྷོ་མ་ནས་སྲོག་ཐོག་ཏུ་བཏང་བ་རེད། ཡེ་ཧྥེ་དང་ཆེན་ཀེས་གཉིས་ཀ་རྒྱ་མི་ཡིན་པ་གསལ་བོ་རེད། ཁོང་གཉིས་ཀྱི་ནང་ནས་གཅིག་ནི་རྒྱལ་གཅེས་པ་དང་གཞན་གཅིག་ནི་རྒྱལ་འཚོང་བ་ཞིག་རེད།

ངས་འདི་ནས་རྒྱ་ནག་གི་ལོ་རྒྱུས་ཅུང་ཙམ་འཆད་རྒྱུ་ཡིན་པར་གུ་ཡངས་གཏོང་རོགས་གནང་། ཁྱེད་ཚོ་ཚང་མས་རྒྱ་ནག་གི་ལོ་རྒྱུས་ང་ལས་ལྷག་པ་མཁྱེན་གྱི་ཡོད་པ་ཐག་གིས་ཆོད། སུང་རྒྱལ་རབས་ལྷོ་མའི་རྗེས་ཤུལ་སོག་པོའི་མི་རྒྱུད་ཀྱི་རྒྱལ་པོ་ཐོག་མ་གོབ་ལེ་ཁན་གྱིས་བཙུགས་པའི་ཡོན་རྒྱལ་རབས་ཀྱིས་བཟུང་ཡོད། དུས་སྐབས་འདི་ནས་རྒྱ་མི་ཞེས་པའི་ལྟ་ཚུལ་དེ་ཅུང་མགོ་རྙོག་ཆགས་འགྲོ། གོབ་ལེ་ཁན་གྱིས་སུང་རྒྱལ་རབས་ལྷོ་མ་མགོ་རྟིང་སློག་ཏེ། རྒྱ་ནག་གི་ལོ་རྒྱུས་སུ་གྲགས་པའི་ཡོན་རྒྱལ་རབས་ཞེས་པའི་སོག་པོའི་རྒྱལ་རབས་ཐོག་མ་བཙུགས་ཡོད། འདི་ནི་རྒྱ་ནག་ཧྲིལ་བོ་དབང་བསྒྱུར་བྱེད་མཁན་གྱི་ཕྱིའི་རྒྱལ་རབས་ཐོག་མ་རེད་ལ། ཕྱི་ལོ་༡༣༦༨་བར་དུ་གནས་ཡོད། འོན་ཀྱང་། སོག་པོ་ཚོ་རྒྱ་ནག་ཏུ་ཕྱི་མི་རེད་དམ།

རྒྱལ་མོ་བིག་ཁྲོ་རེས་(Queen Victoria)་ནི་རྒྱ་གར་གྱི་རྒྱལ་མོ་ཡིན་པ་ལྟར་གོབ་ལེ་ཁན་ནི་རྒྱ་ནག་གི་རྒྱལ་པོ་ཡིན་པར་ངོས་འཛིན་བྱས་ན་མ་གཏོགས། གོབ་ལེ་ཁན་ནི་རྒྱ་ནག་གི་རྒྱལ་པོ་ཡིན་པས། སྔ་མོའི་ཐག་གཅོད་ལྟར་ན། ཁོང་རྒྱ་མི་ཞིག་ཡིན་དགོས་ཀྱི་རེད། ༡༩༤༧་ལོའི་དབར་ཏེ། དུས་རབས་གཅིག་དང་ཕྱེད་ཀའི་རིང་ལ་རྒྱ་གར་དབྱིན་ཡུལ་གྱི་མི་སེར་སྤེལ་ཡུལ་ཆགས་པ་དང་། རྒྱ་གར་མི་དམངས་དབྱིན་ཡུལ་གྱི་མངའ་འབངས་ཆགས་པ་རེད། དབྱིན་ཡུལ་གྱི་རྒྱལ་པོ་རྒྱ་མི་ཆགས་མེད། འོན་ཀྱང་། གོབ་ལེ་ཁན་གྱི་གནས་སྟངས་མི་གཅིག་པ་འདྲ་བོ་འདུག རྒྱ་མི་ཚོ་སོག་པོའི་མངའ་འབངས་ཆགས་པ་ལས་ལྡོག་སྟེ། སོག་པོའི་དབང་བསྒྱུར་བ་རྣམས་རྒྱ་ནག་གི་མི་སེར་ཆགས་སོང་བ་འདྲ།

དེ་ནི་ད་ལྟའི་རྒྱ་གཞུང་གི་ལྟ་བ་ངོ་མ་དེ་རེད།

ང་མཁས་དབང་སྐད་གྲགས་ཅན་ཞིག་གིས་རྒྱ་ནག་ཧོང་ཀོང་གཙུག་ལག་སློབ་གྲྭར་གནང་བའི་གཏམ་བཤད་ཞིག་ལ་མཉམ་ཞུགས་བྱེད་སྐབས། ངས་ད་ལྟའི་ཆབ་སྲིད་ཀྱི་ལྟ་བ་གསལ་པོར་རྟོགས་བྱུང་། མཁས་དབང་དེས་རྒྱ་ནག་ནམ་ཡང་དབང་བསྒྱུར་འོག་ཏུ་ལྷག་མྱོང་མེད་ཅེས་བརྗོད་བྱུང་། ཁོང་གིས་སོག་པོ་དང་མན་ཇུས་རྒྱ་ནག་དབང་དུ་བསྡུ་མྱོང་མེད་པ་དང་། དེ་ནི་དབང་བསྒྱུར་གྱི་དམག་འཁྲུག་མིན་པར་ནང་འཁྲུག་རེད་ཟེར། སོག་པོ་དང་མན་ཇུ་ཚོས་ཁོང་ཚོ་རྒྱ་མི་ཡིན་པ་ཤེས་ཀྱི་མེད་ཀྱང་། ཁོང་ཚོ་ནི་རྒྱ་མི་རེད་ཟེར། སོང་ཙང་ད་ལྟའི་རྒྱ་ནག་གི་གནས་བབ་ལ། ཀུན་གྱིས་ངོས་ལེན་ཡོད་པའི་ཤེས་བྱ་ཞིག་ནི། སོག་པོ་དང་མན་ཇུས་གཉིས་ཀྱིས་རྒྱ་ནག་ལ་དབང་བསྒྱུར་མེད་པ་མ་ཟད། ཁོང་ཚོས་དབང་བསྒྱུར་བའི་ས་ཆ་རྣམས་རྒྱ་ནག་གི་ཆ་ཤས་ཆགས་ཡོད། དོན་དངོས་ཐོག་ད་ལྟ་རྒྱ་ནག་གི་ཆ་ཤས་རེད།

དབྱིན་ཇིའི་རྒྱལ་མོ་དང་སོག་པོ། མན་ཇུ་བཅས་ཀྱི་བྱ་བྱེད་ཀྱི་ཁྱད་པར་ནི་དབྱིན་ཇིའི་རྒྱལ་མོས་རྒྱལ་ས་ལོན་སྒྲོན་ནས་པེ་ཅིང་ལ་སྤར་མེད། སོག་པོ་དང་མན་ཇུ་གཉིས་ཀྱིས་པེ་ཅིང་དུ་རྒྱལ་ས་བཙུགས་པར་བརྟེན། རྒྱ་མི་ཚོས་ཁོང་ཚོས་དབང་བསྒྱུར་བའི་ས་ཆ་ནི་རྒྱ་ནག་གི་ས་ཁུངས་ཡིན་པའམ། དུས་སྐབས་ཤིག་ལ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་གྱི་ཡོད། ངས་རྒྱུན་དུ་འདི་ལྟར་བརྗོད་ཀྱི་ཡོད། གལ་ཏེ། ཉི་ཧོང་གིས་༡༩༣༠་དང་༡༩༤༠་ཞེ་གྲངས་ནང་རྒྱ་ནག་མང་ཆེ་དབང་དུ་བསྒྱུར་རྗེས་རྒྱལ་ས་པེ་ཅིང་དུ་སྤར་ཡོད་ན། རྒྱ་མི་མང་པོ་ཞིག་གིས་༡༩༤༠་ཞེ་གྲངས་ནང་ཉི་ཧོང་ནི་རྒྱ་ནག་གི་ཆ་ཤས་ཤིག་རེད་ཅེས་ལབ་ཀྱི་རེད། དངོས་ཡོད་ཐོག་ལྷོ་ཤར་ཨེ་ཤ་ཡའི་ཆ་ཤས་མང་དག་ཅིག་ཚུད་པའི་ཉི་ཧོང་གིས་དབང་བསྒྱུར་བྱས་པའི་ས་ཁུལ་མང་ཆེ་བ་རྒྱ་ནག་གི་ཆ་ཤས་ཆགས་མྱོང་ཡོད།

ཀུན་གྱིས་མཁྱེན་གསལ་ལྟར། དུས་རབས་གཅིག་མ་ཟིན་ཙམ་གྱི་སོག་པོའི་བདག་དབང་གི་རྗེས་སུ། རྒྱ་ནག་ཧན་མི་རིགས་ཀྱི་མེན་རྒྱལ་རབས་བཙུགས་ཤིང་། ལོ་ངོ་བརྒྱ་ཕྲག་ཁ་ཤས་ཤིག་ལ་གནས་ཡོད། འོན་ཀྱང་མན་ཇུ་བ་ཚོས་སླར་ཡང་ཆིན་རྒྱལ་རབས་ཞེས་པའི་ཕྱི་མིའི་རྒྱལ་རབས་ཤིག་བཙུགས་ཡོད། འགལ་བ་ཆེན་པོ་ཞིག་ལ་ཆིན་རྒྱལ་རབས་ནི་རྒྱ་ནག་གི་རྒྱལ་རབས་མཐའ་མ་དེ་ཆགས་པ་རེད།

ཆིན་རྒྱལ་རབས་ཀྱི་དུས་སྟོད་དུ། ཆིན་རྒྱལ་རབས་མགོ་རྟིང་སློག་སྟེ། མེན་རྒྱལ་རབས་སླར་གསོ་བྱེད་རྒྱུ་ཡིན་པའི་འབོད་སྒྲ་མང་པོ་བསྒྲགས་ཡོད། ཐ་ན་ཨེམ་རྗེ་སོན་ཡེ་སན་གྱི་དུས་སྐབས་སུའང་ཕྱི་མི་མན་ཇུའི་སྲིད་དབང་མགོ་རྟིང་སློག་དགོས་པའི་འབོད་སྒྲ་བསྒྲགས་ཡོད། འོན་ཀྱང་། ཡ་མཚན་སྐྱེ་དགོས་བ་ཞིག་ལ། ཆིན་རྒྱལ་རབས་འཐོར་ཞིག་ཏུ་ཕྱིན་པའི་རྗེས་སུ། སོན་ཡེ་སན་དང་གསར་བརྗེ་བ་གཞན་པོ་ཚོས་མན་ཇུ་ནི་རྒྱ་མི་ཡིན་པའི་ངོས་ལེན་དང་། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ཐོག་མར་ཚོན་མདངས་ལྔ་ཅན་ཞིག་བདམས་ཡོད། ཚོན་མདངས་ལྔ་ནི། དམར་པོ། སེར་པོ། སྔོན་པོ། དཀར་པོ། ནག་པོ་བཅས་རེད། ཚོན་མདངས་དེ་དག་གིས་རྒྱ་ནག་གི་མི་རིགས་ལྔ་སྟེ། ཧན་མི་རིགས། སོག་པོ། མན་ཇུ། ཁ་ཆེ། བོད་པ་མཚོན་གྱི་ཡོད།

དེ་འདྲ་བྱས་པའི་རྒྱུ་མཚན་སྟབས་བདེ་རེད། གལ་ཏེ། མན་ཇུ་རྒྱ་མི་ཡིན་པའི་ངོས་འཛིན་མ་བྱས་ན། མན་ཇུས་དབང་བསྒྱུར་བའི་ས་ཆ་རྣམས་རྒྱ་ནག་གི་ཆ་ཤས་ཡིན་པའི་ངོས་འཛིན་བྱེད་ཐབས་མེད། ཆིན་རྒྱལ་སྐབས་སུ་བོད་དང་། སོག་པོ། ཡུ་གུར། མན་ཇུ་བཅས་བསྣན་པས་རྒྱ་ནག་ཆེན་པོ་ཆགས་ཡོད།

གལ་སྲིད། རྒྱ་ནག་ཧན་མི་རིགས་གཅིག་པུའི་ངོ་བོར་གནས་དགོས་ན། ས་ཁྱོན་གྱི་ཕྱེད་ཀ་ཤོར་རྒྱུ་ཡིན་པས། དངོས་ཐོག་བདེན་འཚོལ་གྱི་རྒྱུ་མཚན་ལ། སྤྱི་མཐུན་ཚོགས་པའི་མགོ་ཁྲིད་ཚོས་རྒྱ་མིའི་ཁོངས་སུ་ཧན་མི་རིགས་ཁོ་ན་ཙམ་མིན་པར། མི་རིགས་གཞན་པ་ཚོའང་ཚུད་ཀྱི་ཡོད་པའི་ཐག་གཅོད་བྱས་ཡོད། མཇུག་མཐར་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་ཆིན་རྒྱལ་རབས་ཀྱི་མངའ་དབང་འོག་ཏུ་ཡོད་པའི་ས་ཁུལ་ཁག་ཉར་ཆེད། ཁོང་ཚོས་རྒྱ་རིགས་མིན་པའི་མི་རིགས་རྣམས་ཀྱང་རྒྱ་རིགས་ལ་ངོས་འཛིན་བྱེད་དགོས་པའི་ཐག་གཅོད་བྱས་འདུག

འོན་ཀྱང་། ལོ་རྒྱུས་བསྐྱར་འགྲེལ་བྱེད་པ་དེས་ཀྱང་དཀའ་རྙོག་ཅིག་བཟོ་གི་ཡོད། ཧན་མི་རིགས་མ་ཡིན་པའི་མི་རིགས་རྣམས་ག་དུས་རྒྱ་མི་ཆགས་པ་རེད་དམ། ཁོང་ཚོ་ཚང་མ་རྒྱ་མི་རེད་དམ། དཔེ་ཞིག་བཞག་ན། གལ་ཏེ། གོབ་ལེ་ཁན་རྒྱ་མི་ཡིན་ན། ཁོང་གི་ཨ་མྱེ་ཇིང་གིར་རྒྱལ་པོ་ཡང་རྒྱ་མི་རེད་དམ། ཇིང་གིར་རྒྱལ་པོའི་རྒྱ་ནག་གི་ཆ་ཤས་དང་དབུས་ཨེ་ཤ་ཡའི་ས་ཁུལ་མང་དག་ཅིག་ཚུད་པའི་ལོ་རྒྱུས་ནང་གི་རྒྱལ་ཁམས་ཆེ་ཤོས་ཏེ་བཙུགས་ཡོད། དངོས་ཡོད་ཐོག་སོག་པོའི་རྒྱལ་ཁམས་ཀྱིས་ཡོ་རེ་ཤེ་ཡ་(Eurasia)་ཡི་ཆ་ཤས་མང་ཆེ་དབང་དུ་བསྡུས་ཡོད། ད་ལྟ་རྒྱ་ནག་གིས་ས་ཁུལ་དེ་དག་རྒྱ་ཁུངས་ཡིན་པའི་བདག་དབང་རྩོད་དགོས་སམ།

འོ་ན། གལ་སྲིད་སོག་པོ་ཚོ་རྟག་ཏུ་རྒྱ་མི་ཡིན་ན། ད་ལྟའི་དུས་ཀྱི་སོག་པོའི་གནས་བབ་ཅི་རེད། དེ་ནི་ད་ལྟ་རང་བཙན་གྱི་རྒྱལ་ཁབ་ཞིག་རེད། སོག་པོའི་མི་དམངས་ཚང་མ་རྒྱ་མི་རེད་དམ། རྒྱ་ནག་ནང་གི་མི་ཁག་ཅིག་གིས་སོག་པོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཟླ་སྒྲིལ་བྱེད་འདོད་ཡོད་པ་དེ་བཞིན་སོག་པོའི་མི་ཁག་ཅིག་གིས་ནང་སོག་ཁོང་ཚོའི་རྒྱལ་ཁབ་ཀྱི་ཆ་ཤས་ལ་ངོས་འཛིན་དགོས་སྙམ་གྱི་ཡོད། ད་ལྟ་གནས་བབ་ཀྱི་མགོ་མཇུག་སློག་ཡོད་པའི་སྒང་རེད། ཧན་མི་རིགས་རྣམས་ཕྱི་མི་ཚོའི་མི་སེར་སྤེལ་ཡུལ་མི་སེར་ཆགས་རྒྱུའི་ཚབ་ལ། ལོ་རྒྱུས་ཀྱི་བྱུང་རིམ་ཁག་ཅིག་ལ་བརྟེན་ནས་བོད་དང་ཡུ་གུར་མི་རིགས་ཚོའི་མི་སེར་སྤེལ་ཡུལ་གྱི་བདག་དབང་ཅན་ཏུ་གྱུར་ཡོད། ཁོང་ཚོ་མང་དག་ཅིག་གིས་རྒྱ་མི་ཡིན་པའི་ཚོར་སྣང་སྐྱེ་གི་མེད།

འདི་ནི་ད་ལྟའི་རྒྱ་གཞུང་གིས་རྒྱུན་མཐུད་བྱས་ཤིང་བཟོ་ལྟ་བཏོད་པའི་ལོ་རྒྱུས་ཀྱི་རྡོག་ཁྲེས་ཤིག་རེད།

རྒྱ་ནག་འབུར་ཏུ་ཐོན་བཞིན་པའི་དུས་སྐབས་འདིར་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ནང་དུ་སེམས་ཁྲལ་སློང་གི་ཡོད། རྒྱ་ནག་གི་མཁས་དབང་དང་གཞུང་འཛིན་མི་སྣ་ཚོས་གོ་བསྐོན་བློ་འགུགས་ཀྱི་སྒོ་ནས་རྒྱ་ནག་ནམ་ཡང་རྒྱ་སྐྱེད་རིང་ལུགས་ཤིག་བྱེད་མྱོང་མེད་ཅེས་བརྗོད་ཀྱི་ཡོད། འོ་ན། ཅིའི་ཕྱིར་ད་ལྟའི་རྒྱ་ནག་གི་ས་མཚམས་ཁག་ནི་རྒྱ་ནག་རྒྱལ་པོ་ཐོག་མའི་སྐབས་དང་མི་འདྲ་བ་ཆགས་པ་རེད། ཇི་ལྟར་རྒྱ་ནག་འདི་འདྲའི་ཆེན་པོ་ཞིག་ཆགས་པ་རེད།

ཧན་མི་རིགས་ཚོ་ནི་རྒྱ་སྐྱེད་རིང་རིང་ལུགས་པ་མིན་པར་སོག་པོ་དང་མན་ཇུ་གཉིས་རྒྱ་སྐྱེད་རིང་ལུགས་པ་རེད་ཅེས་འགྲེལ་བརྗོད་ཞིག་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། གལ་སྲིད་སོག་པོ་དང་མུན་ཇུ་རྣམས་རྒྱ་མི་ཡིན་ན། རྒྱ་ནག་ནི་རྒྱ་སྐྱེད་རིང་ལུགས་པ་ཞིག་མིན་ཞེས་པའི་སྐད་ཆ་དེ་ཁོག་སྟོང་རེད། གལ་ཏེ། སོག་པོ་དང་མན་ཇུ་གཉིས་ཀ་རྒྱ་མི་ཡིན་ན། ལོ་རྒྱུས་ཀྱི་བྱུང་རབས་མང་ཆེ་བའི་ནང་དུ་རྒྱ་ནག་ནི་འཁྲུག་རྐྱེན་སློང་མཁན་དང་རྒྱ་སྐྱེད་རིང་ལུགས་པ་ཞིག་རེད།

ང་ལ་རྒྱ་ནག་གིས་ཕྱི་སྡོད་རྒྱ་མི་ཚོར་ལྟ་སྟངས་ཇི་འདྲ་ཞིག་འཛིན་གྱི་ཡོད་མེད་ཐད་ནས་སྐད་ཆ་ཁ་ཤས་ཤིག་གླེང་སློང་བྱེད་འཇུག་རོགས། སྤྱིར་བཏང་ཆབ་སྲིད་ཀྱི་ཚིག་མཛོད་ནང་དུ་ཕྱི་སྡོད་རྒྱ་མི་ཞེས་པ་ནི་ཕྱི་རྒྱལ་ཏུ་གནས་པའི་རྒྱ་མི་ཚོ་རེད། འོན་ཀྱང་། ཐུན་མོང་གི་ལྟ་སྟངས་ཤིག་ནི་ཕྱི་སྡོད་རྒྱ་མི་ཞེས་པའི་ནང་དུ་འཛམ་གླིང་གང་སར་ཁྱབ་པའི་རྒྱའི་རིགས་རྒྱུད་ལས་ཆད་པ་ཚོར་གོ་གི་འདུག

འདས་ཟིན་པའི་ཕྱི་ཟླ་༡༡་ཚེས་༣་མི་དམངས་ཉིན་རེའི་ཚགས་པར་གྱི་དབྱིན་ཡིག་དྲ་ཚིགས་ནང་ཁ་བྱང་དུ་“ཕྱི་སྡོད་རྒྱ་རིགས་ཚོས་ཆབ་སྲིད་ནང་ཆ་ཤས་ལེན་པ་ནི་འགོག་ཏུ་མེད་པའི་འཕེལ་ཕྱོགས་ཤིག་ཆགས་པ”་ཞེས་པའི་རྩོམ་ཡིག་ཅིག་བཀོད་འདུག “ཕྱིའི་རྒྱལ་ཁབ་ཀྱི་ཆབ་སྲིད་ནང་ཆ་ཤས་ལེན་བཞིན་པའི་”ཨ་རི་དང་ལྷོ་ཨ་ཧྥེ་རི་ཁ། ཨོ་སི་ཁྲི་ར་ལེ་ཡ་བཅས་ཀྱི་ནང་གི་ཆབ་སྲིད་པ་ཚོ་ཞེས་གསལ་འདུག མི་སྒེར་བ་ཞིག་གི་ངོས་ནས་བལྟས་ན། ཁོང་ཚོ་ནི་ཕྱིའི་རྒྱལ་ཁབ་ཞིག་གི་ཆབ་སྲིད་ནང་དུ་ཆ་ཤས་ལེན་བཞིན་པ་མིན་པར་སོ་སོའི་རྒྱལ་ཁབ་ནང་དུ་ཆ་ཤས་ལེན་བཞིན་པ་ནི་སྨྲོས་མ་དགོས་པ་ཞིག་རེད། “རྒྱ་ནག་མཉམ་དུ་མཉམ་ལས་དང་བརྗེ་ལེན་ཡོང་བའི་ཆེད་དུ། ཕྱི་སྡོད་རྒྱ་མི་གང་མང་ས་གནས་ཀྱི་ཆབ་སྲིད་པའི་མི་ཚེའི་ནང་དུ་ཆ་ཤས་ལེན་དགོས།”ཞེས་རྩོམ་ཡིག་ནང་བཀོད་འདུག

མི་དམངས་ཉིན་རེའི་ཚགས་པར་གྱི་ལྟ་སྟངས་ལྟར་ན། རྒྱ་རིགས་ཆབ་སྲིད་པ་འདི་ཚོ་རྒྱལ་ཁབ་གཞན་པ་ཞིག་གི་དཔོན་རིགས་སུ་འོས་འདེམས་བྱུང་ཡང་། རྒྱ་ནག་རྒྱལ་ཁབ་ཀྱི་དམིགས་འདུན་སྒྲུབ་ཀྱི་ཡོད་པའི་སྣང་ཚུལ་ཞིག་མངོན་འདུག རྒྱལ་ཁབ་གཞན་པ་ཚོས་རྒྱལ་ཁབ་གཞན་པ་ཞིག་ལ་གནས་སྤོ་བྱས་ནས་སོང་བའི་མི་རྣམས་སོ་སོའི་མི་སེར་ལྟར་མི་ཉར་ལ་རང་གི་མི་སེར་ཡིན་རབས་ཀྱང་མི་བརྗོད། དཔེར་ན། ཨ་རིའི་མི་མང་གང་མང་ཞིག་གི་མེས་པོ་ཚོའི་འབྱུང་ཁུངས་དབྱིན་ཇིས་ལྗོར་ལྗེ་བྷི་ཤུ་(George Bush)་དང་ཁོང་གི་ནང་མི་ཚོ་ནམ་ཡང་ཕྱི་སྡོད་དབྱིན་ཇིའི་མི་རིགས་ཡིན་པའི་ངོས་འཛོན་བྱེད་ཀྱི་མེད་པར་ཨ་རིའི་མི་སེར་ལ་ངོས་འཛིན་བྱེད་ཀྱི་ཡོད།

ཡིན་ནའང་། རྒྱ་ནག་གིས་རྒྱ་རིགས་ཀྱི་ཁྲག་རྒྱུད་ཅན་གྱི་མི་སུ་ཞིག་ཡིན་རུང་ཕྱི་མི་ཞིག་བྱེད་ཐབས་མེད་པའི་ཨུ་ཚུགས་རྒྱག་གི་འདུག་ཀྱང་། དོན་དམ་དུ་ཁོང་ཚོ་ནི་ཕྱིའི་རྒྱལ་ཁབ་ཞིག་གི་མི་སེར་ལག་འཁྱེར་ཡོད་པའི་རྒྱ་མི་རྐྱང་རྐྱང་རེད།

(ཧྥི་རན་ཁི་ཆེང་ནི་རྩོམ་པ་པོ་དང་གསར་འགོད་པ་ཞིག་ཡིན། ཁོང་གིས་ལོ་མང་རིང་རྒྱ་ནག་དང་ཧོང་ཀོང་།ཐེ་ཝན་གཙོས་པའི་ཨེ་ཤ་ཡའི་གནད་དོན་རྣམས་གསར་འགྱུར་མཁོ་སྒྲུབ་དང་དཔྱད་གླེང་སྤེལ་ཡོད། ཁོང་གིས་ནེའུ་ཡོག་དུས་བབ་དང་། ཝོ་སི་ཁྲི་རེ་ཁྲེས་དུས་དེབ། ཤར་ཕྱོགས་དཔལ་འབྱོར་བསྐྱར་ཞིབ་བཅས་སུ་ཕྱག་ལས་གནང་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*