ང་ཚོ་བོད་རིགས་རེད། ཨ་དཀོན་རིན་པོ་ཆེའི་གསུང་བཤད།

(ཨ་དཀོན་རིན་པོ་ཆེས་༢༠༠༩ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་རོགས་སྐྱོར་འཛིན་གྲྭ་རབས་གསུམ་གྱི་སློབ་མ་ཡོངས་ལ་གནང་བའི་གསུང་བཤད།)
Akong RinpoChe

ཡིག་ངོར་ཕབ་མཁན། བླ་མ་བཀྲ་ཤིས།

གཅིག རང་གི་སྐད་ཡིག་དང་ཆ་ལུགས་སྲུང་འཛིན་བྱ་རྒྱུ་དེ་སོ་སོའི་ལས་འགན་རེད།

དེ་རིང་འདིར་ཡོད་པའི་སློབ་མ་བརྒྱ་དང་ཉི་ཤུ་བོ་འདི་རོགས་པ་ཚོགས་པས་རྒྱབ་སྐྱོར་བྱེད་པའི་སློབ་མ་རེད། ཁྱོད་ཚོ་སློབ་ཆུང་ནང་དུ་ལོ་དྲུག་དང་། སློབ་འབྲིང་དམའ་རིམ་ནང་དུ་ལོ་གསུམ། སློབ་འབྲིང་མཐོ་རིམ་ནང་ལ་མ་འོངས་པར་ལོ་གསུམ་བཅས་ཁྱོན་བསྡོམས་ལོ་བཅུ་གཉིས་ལ་རོགས་པ་བྱེད་ཀྱི་ཡོད་པ་རེད། དེའང་ཡོན་ཏན་ཡག་པོ་ཡོད་ཀྱང་ཁྱིམ་གྱི་འབྱོར་བ་ཞན་པ་དེ་འདྲ་ཡོད་ཚེ། སློབ་ཆེན་ནང་ནས་ཀྱང་ལོ་གསུམ་ནས་ལྔ་བར་རོགས་པ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ལྷག་པར་དུ་བསམ་པ་བཟང་བོ་དང་། ཀུན་སྤྱོད་བཟང་བོ། འབྱོར་བ་དམན་པ། ཤེས་ཡོན་ལ་མོས་པ་ཡོད་པ། རང་གི་ཀླུ་ཆུ་རྫོང་དང་ཀན་ལྷོ་ཁུལ་གཙོས་པའི་རྒྱལ་ཁབ་ལ་ཞབས་འདེགས་ཞུ་འདོད་ཡོད་པ་ལ་རོགས་པ་བྱ་ངེས་རེད། འོ་ན་ཞབས་འདེགས་དེ་ག་རེ་བཟོ་དགོས་རེད་ཅེ་ན། ང་ཚོ་བོད་རིགས་རེད། འོ་ན་རིགས་ཞེས་པ་དེ་གང་ལ་བལྟ་དགོས་པ་དང་། བོད་ཅེས་པ་དེ་ཅི་ཞིག་ལ་ཟེར་གྱི་ཡོད་པ་རེད། ཁྱོད་བོད་རིགས་ཡིན་ཚེ་ཁྱོད་ལ་ཁྱད་ཆོས་གཞན་ལ་མེད་པ་ཅི་དགོས་པ་རེད་ཅེ་ན། གཙོ་བོ་དེ་སྐད་ལ་ཟེར་གྱི་ཡོད་པ་རེད། དཔེར་ན་རྒྱ་རིགས་ལ་རྒྱ་སྐད་ཡོད་པ་དང་། ཕྱི་རྒྱལ་ལ་དབྱིན་ཇིའི་སྐད་ཡོད་པ་རེད། དེ་ནས་གཉིས་པ་དེ་ག་རེ་རེད་ཅེ་ན། ཡི་གེ་དང་གོན་པ་རེད། རིགས་དེ་ལ་ཁྱད་ཆོས་ཁ་ཁ་སོ་སོ་ཡོད་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོས་བོད་ཀྱི་གོན་པ་གྱོན་རྒྱུ་དེ་གནད་ཆེན་པོ་རེད། བོད་ཀྱི་གོན་པ་ལ་ཆ་མཚོན་ནའང་། ཨ་མདོ་ལ་ཨ་མདོའི་གོན་པ་དང་། ལྷ་ས་བ་ལ་ལྷ་སའི་གོན་པ། ཁམས་པ་ལ་ཁམས་པའི་གོན་པ་ཡོད་པ་རེད། ཁམས་པ་ལའང་སྡེ་དགེ་དང་ནང་ཆེན་སོགས་ས་ཆ་སོ་སོ་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པའི་གོན་པ་རེ་ཡོད་པ་རེད།

དེ་ནས། མི་དེའི་གཟུགས་མ་མཐོང་ནའང་ཕྱི་ལོགས་ནས་ཁ་གྲགས་འོངས་ན། སྐད་ཀྱི་སྒྲ་གདངས་ཀྱི་ཐོག་ནས་ས་ཆ་གང་ནས་ཡོང་བ་ཧ་གོ་ཐུབ་པའི་སྒྲ་ཁ་ཁ་སོ་སོ་ཡོད་པ་རེད། དཔེར་ན། ཁྱེད་རང་འདིའི་ནང་ནས་བསྡད་པ་དང་། ཕྱི་རོལ་ནས་མི་ཞིག་གིས་སྐད་ཆ་ཞིག་བཤད་ན། འདི་ལྷ་ས་བ་ཞིག་ཡིན་པ་འདྲ། འདི་སྡེ་དགེ་བ་ཞིག་ཡིན་པ་འདྲ། འདི་ཨ་མདོའི་རྔ་བའི་ཡིན་པ་འདྲ། འདི་ཨ་མདོའི་ཀླུ་ཆུ་ནས་ཡོང་བ་ཞིག་ཡིན་པ་འདྲ་ཞེས་སྐད་ཀྱི་སྒྲ་གདངས་ཁ་ཁ་སོ་སོ་ཡོད་པ་རེད། དེར་བརྟེན། མིའི་གཟུགས་མཐོང་མི་དགོས་པར་སྒྲ་ལ་བརྟེན་ནས་ཁ་ཁ་སོ་སོ་དབྱེ་ཐུབ་ཀྱི་འདུག ཡང་། སྐད་ཆ་མི་གོ་ཡང་། མི་དེའི་གཟུགས་མཐོང་ཚེ། མི་དེའི་གོན་པ་ལ་བལྟས་ནས་འདི་ས་ཆ་གང་ནས་ཡིན་པ་ཧ་གོ་ཐུབ་རྒྱུ་རེད། དཔེར་ན། ཀན་སུའུ་ལའང་དཔའ་རིས་ཀྱི་གོན་པ་གོན་སྟངས་དང་། ཀན་ལྷོ་ཁུལ་གྱི་གོན་པ་གོན་སྟངས་སོགས་རྫོང་ཁག་སོ་སོ་ལའང་ཁྱད་ཆོས་མི་གཅིག་པ་ཕྲན་བུ་ཡོད་པ་རེད། དེ་མ་ཟད། བོད་ཀྱི་ས་གནས་མང་བོ་ཞིག་ལ་གོས་གོན་ལུགས་འདྲ་མི་འདྲ་དང་། རྒྱན་ཆ་འདོགས་ལུགས་འདྲ་མི་འདྲ་ཡོད་པ་རེད། དེ་འདྲ་ཡིན་དུས། ཁྱེད་རང་ཚོ་ས་གནས་གང་ནས་ཡོང་བ་ཡིན་ན། ས་ཆ་དེ་གའི་སྐད་དང་། ས་གནས་དེ་གའི་རྒྱན་ཆ་སོགས་སྲུང་སྐྱོབ་བྱ་རྒྱུ་དེ་གནད་ཆེན་པོ་རེད། དཔེར་ན། ས་གནས་དེ་ལ་མེ་ཏོག་མཛེས་པོ་གཞན་ན་མེད་པ་ཞིག་ཡོད་ཚེ། མེ་ཏོག་དེ་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་སུ་ལ་ཡོད་པ་རེད་ཅེ་ན། ས་གནས་དེ་གའི་མི་ལ་ཡོད་པ་རེད།

གཉིས། བོད་ལ་སྤྱི་སྐད་ཆགས་རྒྱུ་དེ་གནད་ཆེན་པོ་ཞིག་མ་རེད།

དེ་རིང་ཁ་སང་ང་ཚོ་མི་ཚང་མའི་བསམ་པ་དེ་སྐད་གཅིག་གྱུར་ཡོང་རྒྱུ་དེ་རེད། ཁོ་བོས་བསམ་ན་སྐད་གཅིག་གྱུར་ཡོང་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་མ་རེད། ཕན་ཐོགས་ཆེན་པོ་མེད་པའི་རྩ་བ་དེ་གང་ཡིན་ཟེར་ན། ས་གནས་ཁ་ཁ་སོ་སོ་ལ་ཁྱད་ཆོས་རེ་ཡོད་པ་དང་། དཔེར་ན་སྐད་ལ་ཆ་བཞག་ན། རང་སོ་སོར་ཁྱད་ཆོས་རེ་ཡོད་པ་དེ་སྲུང་སྐྱོབ་བྱ་རྒྱུ་དེའང་ཤེས་རིག་ཅིག་རེད། གལ་ཏེ་ཤེས་རིག་དེ་བརླག་སོང་ན་ཡག་པོ་མ་རེད། དཔེར་ན། ཁྱེད་རང་ལྷ་ས་ལ་སོང་ན། ཕྱི་རོལ་ནས་ཁྱེད་རང་གི་ཕ་ཡུལ་གྱི་མི་ཞིག་གིས་སྐད་ཆ་བཤད་ཀྱིན་པ་གོ་ཚེ། ཨོ། ངའི་ཕ་ཡུལ་གྱི་མི་ཞིག་འདི་གར་སླེབས་འདུག ང་སོང་ནས་དེ་ལ་སྐད་ཆ་ཞིག་བཤད་དགོས་སྙམ་པའི་སེམས་ལ་དགའ་བ་ཆེན་པོ་ཞིག་སྐྱེས་ཡོང་གི་རེད། གལ་ཏེ་སྐད་གཅིག་གྱུར་ཆགས་སོང་ན། སེམས་ཀྱི་དགའ་བ་དེའང་མེད་པར་ཆགས་འགྲོ། ཀྲུང་གོ་གུང་ཁྲན་ཏང་གི་གྲངས་ཉུང་མི་རིགས་ཀྱི་རྩ་ཁྲིམས་ནང་ན། གྲངས་ཉུང་མི་རིགས་ཀྱི་ཤེས་ཡོན་གང་འདྲ་ཡོད་པ་ཆ་ཚང་སྲུང་སྐྱོབ་བྱེད་དགོས་ཞེས་བརྗོད་ཡོད་པ་མ་གཏོགས། གྲངས་ཉུང་མི་རིགས་རེ་རེ་ལ་སྐད་གཅིག་མ་གཏོགས་མི་དགོས། གོན་པ་གཅིག་མ་གཏོགས་མི་དགོས་ཞེས་བཤད་ཡོད་པ་མ་རེད། དེར་བརྟེན། ག་རེ་ཡོད་པ་ཆ་ཚང་སྲུང་སྐྱོབ་བྱ་རྒྱུ་དེ་གནད་ཆེན་པོ་ཞེ་དྲག་རེད།

གསུམ། སྐད་ཆ་གོ་དང་མི་གོ་དེ་རང་ཉིད་ཀྱིས་རྩོལ་བ་བྱེད་མིན་ལ་རག་ལས་པ་དང་། རྩོལ་བ་བྱེད་མིན་དེའང་ཁེ་ཕན་ལ་རག་ལས་པ་ཞིག་རེད།

མི་ཁ་ཤས་ཀྱི་བསམ་ཚུལ་ལ། ང་ཚོའི་བོད་ཀྱི་སྐད་དེ་དཀའ་ལས་ཁག་པོ་འདུག ཨ་མདོ་ལ་ཨ་མདོའི་སྐད་ཅིག་འདུག སྡེ་དགེ་ལ་སྡེ་དགེའི་སྐད་ཅིག་འདུག ལྷ་ས་ལ་ལྷ་སའི་སྐད་ཅིག་འདུག དེ་བས་ང་ཚོས་ཕན་ཚུན་ལ་སྐད་ཆ་བཤད་ཐུབ་ཀྱི་མི་འདུག སྐད་གཅིག་གྱུར་བཟོ་དགོས་འདུག་ཅེས་པ་དེ་ནོར་འཁྲུལ་ཆེན་པོ་རེད། སྐད་ཆ་ཕན་ཚུན་གོ་བརྡ་མི་འཕྲོད་པའི་རྩ་བ་དེ་གང་ཡིན་ཞེ་ན། རང་གིས་ཤེས་ཅི་ཐུབ་ཀྱི་རྩོལ་བ་དེ་བཟོ་གི་ཡོད་པ་མ་རེད། ང་ཚོའི་བོད་མི་ཚོས་ལོ་ངོ་སྟོང་ཕྲག་གཅིག་གི་རིང་ལ་སྐད་ཁ་ཁ་སོ་སོ་དང་སྒྲ་གདངས་ཁ་ཁ་སོ་སོ་བྱས་ནས་བསྡད་པ་ཞིག་ཡིན་པས། ལོ་སྟོང་ཕྲག་གཅིག་གི་རིང་ཕན་ཚུན་ལ་གོ་བརྡ་འཕྲོད་བསྡད་པ་ཡིན་ན། ད་ལྟ་གོ་བརྡ་མི་འཕྲོད་པའི་རྩ་བ་ཡོད་པ་མ་རེད། ཡིན་ནའང་། སྐད་དེ་གོ་དང་མི་གོ་དང་། སྐད་དེ་ལ་རྩོལ་བ་བཟོ་དང་མི་བཟོ་དེ་དཔལ་འབྱོར་ལ་རག་ལས་ཡོད་པ་ཞིག་རེད། དཔེར་ན་རྒྱ་གར་གྱི་ཚོང་བ་སྟེ། གོས་ཆེན་འཚོང་མཁན་དང་འབུར་རས་འཚོང་མཁན། ཐེར་མ་འཚོང་མཁན་ཚང་མ་ཡང་མ་རྒྱ་གར་བ་རེད། ཁོ་ཚོས་གོས་ཆེན་དང་ཐེར་མ་དེ་ཚོ་བོད་པ་ལ་བཙོང་གི་ཡོད་པས་ཁོ་རང་ཚོས་བོད་སྐད་མ་ཤེས་ན་བཙོང་ཐུབ་ཀྱི་མེད། དེར་བརྟེན་ཁོ་ཚོས་དཔལ་འབྱོར་ལ་བརྟེན་དགོས་པས་བོད་སྐད་བསླབ་ཀྱི་ཡོད་པ་རེད་ལ། དེ་བཤད་མ་ཤེས་ན་ཁོ་ཚོའི་དཔལ་འབྱོར་ལ་གྱོང་འབྱུང་གི་ཡོད་པ་རེད། ཡང་། མགོ་དཀར་གྱི་ཚོང་བ་དེ་ཚོའི་ཉོ་བྱ་ཚང་མ་འབྲོག་པའི་ས་ན་ཡོད་དེ། ཀོ་བ་དང་ཕྱུར་བ། ལུག ར་སོགས་ཚང་མ་འབྲོག་པའི་ས་ནས་ཉོ་དགོས་ཀྱི་ཡོད་པ་རེད། དེ་བས་མགོ་དཀར་ཚང་མས་འབྲོག་པའི་སྐད་དེ་གོ་ཐུབ་ཀྱི་ཡོད་པ་དང་། འབྲོག་པའི་སྐད་དེ་མ་ཤེས་ན་ཁོ་ཚོས་ཉོ་ཐུབ་ཀྱི་མ་རེད་ལ། རིན་གོང་གཏམ་དགོས་ན་ཡང་གཏམ་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས་ཁོ་ལ་གྱོང་ཁ་མ་གཏོགས་ཁེ་ཡོང་གི་མ་རེད། དེར་བརྟེན། མགོ་དཀར་སྟེ་ཁ་ཆེ་ཟེར་བ་དེ་ཚོས་ཨ་མདོའི་སྐད་དང་ཁམས་པའི་སྐད་ཚང་མ་ཤེས་ཀྱི་ཡོད་པ་རེད། ཁྱོད་ཚོས་ཁམས་པའི་སྐད་དེ་ཤེས་ཀྱི་མ་རེད། དེའི་རྒྱུ་མཚན་ནི་ཁྱོད་ཚོར་ཁེ་ཕན་ཡོད་པ་མ་རེད། མགོ་དཀར་གྱིས་ཁམས་པའི་སྐད་མ་གོ་ན་ཁེ་ཡག་པོ་ཡོང་གི་ཡོད་པ་མ་རེད། ཁེ་ཕན་ལ་བལྟས་ནས་སྐད་དེ་མགྱོགས་པོར་ཤེས་འགྲོ་བ་ཞིག་རེད། དེར་བརྟེན། སྐད་དེ་གོ་མི་གོ་དེ་བསམ་བློ་ཡག་པོ་ཞིག་བཏང་ན་ཁེ་ཕན་ཡོད་མེད་ལ་ཐུག་འདུག

དེ་ནས། བོད་སྐད་དེ་ཁེ་ཕན་ཡོད་པ་ཞིག་ཡིན་ན། ཚང་མས་བོད་སྐད་སྦྱོང་གི་རེད་མ་གཏོགས། གཞན་གྱི་སྐད་སྦྱོང་གི་མ་རེད། ད་ལྟར་མཚོན་ན། ཚང་མས་དབྱིན་ཇིའི་སྐད་ལ་སློབ་སྦྱོང་བྱེད་ཀྱི་འདུག་ག དེ་དབྱིན་ཇིའི་སྐད་དེ་འཛམ་བུ་གླིང་གི་རྒྱལ་ཁབ་གང་དུ་སོང་ན་ཕན་ཐོགས་ཡོད་པ་ཅན་ཞིག་དང་ཁེ་ཕན་ཡོད་པ་ཞིག་ཡིན་ཙང་དབྱིན་ཇིའི་སྐད་དེ་ཚང་མས་སྦྱང་གི་ཡོད་པ་རེད། ཁེ་ཕན་དེ་མེད་ན་དབྱིན་ཇིའི་སྐད་སྦྱང་གི་མ་རེད། ཡིན་ན་ཡང་། དང་བོ་རང་གི་མི་རིགས་ཀྱི་ཁྱད་ཆོས་ག་རེ་ཡོད་པ་སློབ་སྦྱོང་བྱ་རྒྱུ་དེ་རང་རང་སོ་སོའི་མི་ཡི་ལས་འགན་དེ་རེད། དེ་གོ་མི་གོ་ཡི་ལས་ཀ་མ་རེད། སོ་སོའི་ལས་འགན་རེད། མིའི་ལུས་པོ་འདི་གྲུབ་ཚར་དུས་ལས་འགན་ཅིག་ཡོད་པ་རེད། བོད་ཀྱི་མི་ཞིག་ཡིན་ཕྱིན་བོད་ཀྱི་སྐད་དང་ཤེས་ཡོན་ལ་དང་བོ་སློབ་སྦྱོང་བཟོ་རྒྱུ་དེ་རང་གི་ལས་འགན་རེད། དེ་ནས་གཉིས་པ་དེ། ང་ཚོ་ཀྲུང་གོ་གུང་ཁྲན་ཏང་གི་མངའ་འོག་ཏུ་བསྡད་ཡོད་པས་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་དེ་དོན་ཚན་གཉིས་པ་རེད། གསུམ་པ་དེ་འཛམ་བུ་གླིང་ལ་ཕན་ཐོགས་ཡོད་པའི་དབྱིན་ཇིའི་སྐད་རེད། དེ་བས་དབྱིན་ཇིའི་སྐད་ལ་སློབ་སྦྱོང་བྱ་རྒྱུ་དེའང་གནད་ཆེན་པོ་རེད། དབྱིན་ཡིག་སྦྱོང་རྒྱུ་དེ་ང་ཚོའི་ལས་འགན་ཨེ་རེད་ཅེ་ན་ལས་འགན་མ་རེད། ཡིན་ནའང་གནད་ཆེ་ཆུང་ལ་གཞིགས་ན་གནད་ཆེན་པོ་དང་ཕན་ཐོགས་ཆེན་པོ་ཞིག་རེད། ཀྲུང་གོའི་ཕྱི་ལོགས་ལ་འགྲོ་དགོས་ན་རྒྱ་སྐད་ཀྱིས་གོ་ཆོད་གི་མ་རེད། བོད་སྐད་ཀྱིས་གོ་ཆོད་གི་མ་རེད། གོ་ཆོད་པའི་སྐད་དེ་ག་རེ་རེད་ཅེ་ན། དབྱིན་ཇིའི་སྐད་རེད། གནམ་གྲུའི་ཐོག་ནས་འགྲོ་དགོས་ན། མེ་འཁོར་ནང་ནས་འགྲོ་དགོས་ན། མགྲོན་ཁང་ནང་ལ་འགྲོ་དགོས་ན། འཛམ་གླིང་ལ་གོ་ཆོད་པའི་སྐད་གཅིག་ཡོད་པ་དེ་དབྱིན་ཇིའི་སྐད་མ་གཏོགས་མེད། དེ་གནད་ཆེན་པོ་རེད།

[གསལ་བཤད།] གསུང་བཤད་འདི་ནི་ཨ་དཀོན་རིན་པོ་ཆེ་མཆོག་གིས་སྤྱི་ལོ༢༠༠༩ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་ཁོང་གི་རོགས་སྐྱོར་འཛིན་གྲྭ་རབས་གསུམ་གྱི་སློབ་མ་ཡོངས་ལ་གནང་བའི་སྒྲ་ཕབ་གཞིར་བྱས་ཏེ་ཡི་གེར་ཕབ་པ་ཡིན་ལ། ཁོང་གི་སྐད་ཆ་སོར་འཇོག་ཅི་ཐུབ་བྱས་ཡོད་ཀྱང་། བསྐྱར་ཟློས་དང་གོ་དཀའ་བའི་ཡུལ་སྐད་རྣམས་ལ་དོན་གྱི་གོ་བ་མི་འགྱུར་བའི་ཐོག་ནས་འཕྲི་སྣོན་ཅུང་བྱས་ཡོད་ཅིང་། བལྟ་བདེ་ཕྱིར་ཚན་པ་ཁ་ཤས་སུ་དགར་ཏེ་ཁ་བྱང་ཆུང་བ་རེ་བཏགས་ཡོད།

(ཨ་དཀོན་སྐུ་ཕྲེང་གཉིས་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་ནི། ཆབ་མདོ་རི་བོ་རྫོང་ཁོངས་ངོམ་རྒྱུད་མདའ་རག་གྲོང་སྡེར་ཡབ་ཝ་རྒྱུད་བཀྲ་ཤིས་རིན་ཆེན་དང། ཡུམ་ཁ་ལུ་དོན་འགྲུབ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག ཕྱི་ལོ་༡༩༤༠ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་གིས་ཨ་དཀོན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་དང། མཚན་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གནང། དགུང་གྲངས་བཞི་བཞེས་པའི་སྐབས་སུ་ཁྲི་འདོན་མངའ་གསོལ་ཞུས།

ཡོངས་འཛིན་བླ་མ་གྲགས་པ་བསྟན་འཛིན་གྱི་མདུན་ནས་ཡི་གེ་འབྲི་ཀློག་དང། ཆོ་ག་ཆོས་སྤྱོད་སོགས་བྱང་ཆུབ་པར་སྦྱངས་ཤིང་དབང་ལུང་ཁྲིད་སོགས་མང་དུ་ཞུས། ལྷག་པར་དུ་གྲུ་གུ་བསོད་སྙིང་སྤྲུལ་སྐུ་དང། འཛི་སྒར་ཀོང་སྤྲུལ། གྲུབ་ཆེན་ཀརྨ་ནོར་བུ། དྲུང་ཆོས་ཀྱི་རྒྱ་མཚོ། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད། མཁན་པོ་གང་ཤར། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་ཉིན་བྱེད་སོགས་ལས་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་གསན་བསམ་ཡང་དག་མཛད།

ཕྱི་ལོ་༡༩༥༩ ལོའི་དུས་ཟིང་སྐབས་རྒྱ་གར་དུ་ཞབས་སོར་འཁོད་ནས། རིས་མེད་གྲུབ་མཐའ་སྤྱི་ཡི་སྤྲུལ་སྐུའི་སློབ་གྲྭའི་བདག་གཉེར་གྱི་འགན་ཁུར་བཞེས་ཏེ་ལོ་གསུམ་བཞུགས། ཕྱི་ལོ་༡༩༦༣ ལོར་དབྱིན་ཇིར་ཟུར་མང་དྲུང་པ་རིན་པོ་ཆེ་དང་ལྷན་དུ་ཕེབས་ཏེ་སྨན་ཁང་ནང་དུ་ལོ་གསུམ་དུ་ཕྱག་ལས་དཀྱུས་མ་མཛད་ཅིང། ཕྱི་ལོ་༡༩༦༧ ལོར་དྲུང་པ་རིན་པོ་ཆེ་དང་ལྷན་དུ་དབྱིན་ཇིར་ནུབ་ཕྱོགས་ཀྱི་བོད་དགོན་དང་པོ་བཏབ་ནས་བཀའ་བརྒྱུད་བསམ་ཡས་གླིང་ཞེས་བཏགས་། ༡༩༩༠ ལོ་ནས་བཟུང་བོད་ནང་གི་སློབ་གྲྭ་ཁག་ ༦༡ དང་། སྨན་ཁང་ ༡༩ ། རྒན་གསོ་ཁང་ ༣ ། བཤད་གྲྭ་ ༢༩ ། དབུལ་སྐྱོབ་ཁང་ ༥ ། རིག་དངོས་སྲུང་སྐྱོབ་ཁང་ ༣ ། སྨན་རྩྭ་འདེབས་འཛུགས་ཁང་ ༢ སོགས་གསར་འཛུགས་དང་རོགས་རམ་གནང་སྟེ། བོད་ཀྱི་སློབ་གསོ་དང་འཕྲོད་བསྟེན། དཔལ་འབྱོར་སོགས་ཡར་རྒྱས་གོང་འཕེལ་དུ་གཏོང་བར་མཛད་རྗེས་རླབས་ཆེན་བཞག་ཡོད་འདུག)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to ང་ཚོ་བོད་རིགས་རེད། ཨ་དཀོན་རིན་པོ་ཆེའི་གསུང་བཤད།

  1. ཅི་ཞིག་ལ་བོད་པ་འདི་འདི་འདྲ་གླེན་པ་ཏག་ཏག་ཡིན་ནམ། དམ་པ་ཁོང་རང་གི་ལས་དོན་དེ་དག་ཆེད་དུ་དངོས་སུ་དཀའ་ལས་རྒྱག་པའི་དུས་སུ་གསར་འགྱུར་འགོད་མཁན་མི་འདུག་ལ་བསྟོད་པ་བྱེད་མཁན་དེ་བས་དཀོན། སུ་ཡིན་རུང་འཇིག་རྟེན་དང་ཁ་བྲལ་བའི་དུས་སུ་བསྟོད་པའི་མེ་ཏོག་གི་ཆུན་པོ་ཕུལ་མཁན་ཇེ་མང་ནས་ཇེ་མང་རེད། ཁོང་གི་ཕྱི་རྒྱལ་ཁབ་ཁག་གི་ཚགས་པར་ཏུ་སློང་ཡིག་བཀྲམས་པའི་དུས་སུ་ཁྱེད་ཚོ་གང་དུ་གཉིད་ལ་ལོག་ནས་བསྡད་ཡིན་ནམ། ཁྱེད་རང་ཚོས་ཁོང་གི་ཕྱག་ལས་ལ་རྒྱབ་སྐྱོར་ཅི་ཞིག་བྱེད་ཡོད་དམ། བོད་པ་ནི་བོད་པ་རང་རེད། གསར་འགོད་པ་དང་ལས་སྣེ་བ་ཚོས་ཀྱང་འདིའི་རིགས་ལ་དོ་སྣང་སྔ་ས་ནས་བྱེད་དགོས་པ་ད་ནི་ཡོད་ཚད་རྫོགས་ཚར་རེད། གླེན་པ་ནི་གླེན་པ་རང་རེད།

  2. བསྟན་འཛིན་ ནས།

    དམ་པ་ཁོང་གིས་རིས་སུ་མ་ཆད་པའི་བོད་མི་རྣམས་ལ་སློབ་གསོ་དང་རིག་གཞུང་གོང་འཕེལ་གྱི་ཐོག་ལ་རོགས་སྐྱོར་དང་སྐུ་ངལ་སྐྱོན་པ་ལ་ཡི་རངས་དང་ཁོང་གི་བཞེད་དོན་ལྷུན་གྲུབ་ཡོང་བའི་སྨོན་ལམ་འདེབས་པའོ།

    སྔོན་མ་ཁོང་མཇལ་ནས་གཟའ་འཁོར་གཉིས་ཙམ་ཁོང་གི་དགོན་པར་བསྡད་ནས་མཉམ་དུ་ཟ་མ་བཟའ་བ་དང་གཞུང་སྒེར་གཉིས་ཀྱི་གནད་དོན་མང་པོའི་སྐོར་ལ་ཉིན་ཤས་ཁ་བརྡ་ཞུས་མྱོང་།

    ཁོང་སྤྱིར་བཀའ་མོལ་གནང་བ་ཉུང་ཞིང་། ཐུགས་སྒམ་པ་དང་། ཐུགས་ལ་ཅི་བསམ་བཞིན་རས་ནས་བཏོན་པ་ཉུང་། ལྷག་པར་དུ། གནས་ཚུལ་གང་འཕྲད་ཀྱང་། རང་ཉིད་ཀྱིས་བསམ་བློ་མང་པོ་བཏང་། ཞིབ་འཇུག་བྱས་ནས་ཐག་གཅོད་པ་ལས། གཞན་ལ་བསྟུན་པ་དང་། གཞན་གྱི་ངོ་དགའ་བསུ་བར་མི་མཉེས་མོད། ཁོང་ས་ཕྱོགས་གཅིག་ལ་འགྲོ་དགོས་ཚེ། ཐད་ཀར་ཁ་ལོ་བ་དང་འབྲེལ་ཡོད་མི་སྣ་རེ་གཉིས་མཉམ་དུ་ཁྲིད་ནས་ཕེབས། ཁོང་གི་སྤུན་མཆེད་ཆུང་བ་བླ་མ་ཡེ་ཤེས་དང་ཁོང་གི་དྲུང་ཡིག་གིས་ཀྱང་ཁོང་གང་ལ་ཕེབས་པ་ཤེས་ཀྱི་མིན་འདུག ཁོང་གི་ཉེ་འཁོར་མི་རྣམས་དེ་ལ་གོམས་ནས། ཨ་ཀོང་རིན་པོ་ཆེ་ག་པར་ཕེབས་སོང་དྲིས་ན། ཏོག་ཙམ་སྒུག་ཨང་། ཁ་པར་ཞིག་ཡོང་སྲིད་ཟེར། ཁ་པར་ཡོང་དུས། རིན་པོ་ཆེ་རྒྱལ་ཁབ་གཞན་ཞིག་ལ་འབྱོར་ཟིན་པ་དེ་འདྲ་རེད་འདུག

Write a Reply or Comment

Your email address will not be published. Required fields are marked *

*