རྒྱ་ནག་གི་ཕྱི་སྲིད་རྟོགས་ཚུལ།

The Fifth Plenary Session Of The National People's Congress

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཏིང་ཡོ་བན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཕྱི་ཟླ་༣་པའི་ནང་ཞི་ཅེན་ཕེན་རྒྱ་ནག་སྲིད་འཛིན་གྱི་སྲིེད་སྟེགས་སུ་འཛེགས་པ་དང་མཉམ་དུ་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་གྲུབ་པ་རེད། རྒྱ་ནག་ནི་ཚོང་ལས་ཀྱི་ཁེ་ཕན་གོ་ལའི་ཁྱོན་ཡོངས་སུ་ཁྱབ་པའི་དཔལ་འབྱོར་ཨང་རིམ་གཉིས་པ་ཡིན་ཡང་། ནང་སྲིད་ཀྱི་གནད་དོན་ཁོ་ན་ལས་ཕྱི་སྲིད་ཀྱི་གནད་དོན་ཁག་ཆེས་མཐོའི་ཐག་གཅོད་ཀྱི་དབང་ཆའི་སྟེགས་བུར་སླེབས་མེད།

དངོས་ཡོད་ཐོག་ད་ལྟའི་དུས་སུ་རྒྱ་ནག་ནི་རྒྱལ་ཞེན་རིང་ལུགས་ཀྱི་ཚ་རླབས་འབར་བ་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཀྱི་དཀའ་ངལ། ཆབ་སྲིད་བཅོས་བསྒྱུར་གྱི་དཀའ་རྙོག དཔལ་འབྱོར་གནས བབ་དོ་མཉམ་མེད་པ། འགྱུར་ལྡོག་འགྲོ་བཞིན་པའི་སྤྱི་ཚོགས་བཅས་ཀྱིས་བསླངས་བའི་ནང་ཁུལ་གྱི་ཉེན་ཁ་དག་གིས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷག་ཡོད། དཀའ་རྙོག་འདི་དག་གིས་ད་ལྟའི་པེ་ཅིང་སྲིད་གཞུང་གི་དཀང་ངལ་ལ་གཡོལ་བའི་རྙིང་ཞེན་ཅན་གྱི་ཕྱི་སྲིད་ཀྱི་རྨང་གནད་འདིང་གི་ཡོད། ཕྱི་ཕྱོགས་སུ་རྙོག་གླེང་ཞིག་ལངས་མ་ཐག་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་ཡོད་རྒུ་རྩལ་སྤྲུགས་ཀྱིས་དཀའ་རྙོག་དེ་འདོར་ཐབས་བྱེད་ཀྱི་ཡོད་པ་ལྟར་ནང་སྲིད་ལའང་ཐབས་ལམ་གཅིག་མཚུངས་སྤྱོད་ཀྱི་ཡོད།

ཕྱི་ནང་གི་སྲིད་ཇུས་ཀྱི་ཁྱབ་ཁོངས་གཉིས་ཆར་ཕན་ཚུན་ལ་ལྟོས་གྲུབ་ཀྱི་འབྲེལ་བ་ཡོད། ཕྱི་སྲིད་ནུས་བ་ཐོན་པ་ཞིག་གིས་རྒྱ་ནག་གི་ནང་སྲིད་ཀྱི་དཀའ་རྙོག་ཁག་སེལ་བར་ཕན་ཐོགས་ཆེན་པོ་ཡོད་ཀྱང་། གནས་བབ་དེ་འདྲ་ཞིག་ཏུ་སླེབས་པར་ད་དུང་གཞུང་ཕྱོགས་ནས་བསྒྲུབ་དགོས་བའི་བྱ་བ་གང་མང་ཞིག་ཡོད། རྒྱ་ནག་གི་དཔོན་རིགས་ཚོས་རྒྱལ་ཁབ་ཀྱི་རྩ་དོན་དང་ཐབས་ལམ། སྲིད་ཇུས་དག་ལ་བསྐྱར་ཞིབ་ཀྱིས་དཀའ་རྙོག་རིགས་སེལ་བར་ཕན་པའི་ཕྱི་སྲིད་ཅིག་འདིང་དགོས། དེ་ལྟར་བྱེད་པར་པེ་ཅིང་སྲིད་གཞུང་གིས་ངེས་བར་དུ་རྒྱ་སྤྱིའི་འགྱུར་ལྡོག་དག་ལ་བསྐྱར་ཞིབ་དང་། འགོ་ཁྲིད་མི་རབས་གཉིས་པ་ཏིང་ཞོ་ཕེང་གིས་སྲིད་ཇུས་ཀྱི་སྲོག་ཤིང་དུ་བཟུང་བའི་“གཞན་གྱི་དོ་སྣང་བསྒྲིབས་ཐབས་དང་། རང་གི་ཡོན་ཏན་སྦས་ཐབས།”ཀྱི་ལྟ་བ་ཡང་ཁ་ཐག་རིང་དུ་འདོར་དགོས།

༡༩༧༨་ལོར་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་བཅོས་བསྒྱུར་བྱས་བ་ནས་བཟུང་“ཞི་བདེའི་འཕོ་འགྱུར”ཞེས་བའི་ཕྱི་ཕྱོགས་ཀྱི་ཞི་བདེའི་མཉམ་ལས་དང་མཉམ་དུ་ནང་ཁུལ་ཡར་རྒྱས་དང་འཆམ་མཐུན་ཡོང་བ་ནི་ཕྱི་སྲིད་ཀྱི་དམིགས་ཡུལ་དུ་བཟུང་ཡོད་ཀྱང་། འདི་ནི་གྲང་དམག་སྐབས་ཁོ་ནར་སྤྱོད་སྒོ་ཡོད་པའི་སྲིད་ཇུས་ཤིག་རེད། སྐབས་དེར། ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་དབང་ཤུགས་འགྲན་རྩོད་ཀྱིས་འཛམ་གླིང་ཧྲིལ་བོར་
དམག་འཁྲུག་གོད་ཆག་གི་སྒོ་ཁར་བརྫངས་བས། ལྷོ་ཕྱོགས་ཀྱི་རྒྱ་ནག་ལྟ་བུའི་འབྱོར་མེད་རྒྱལ་ཁབ་ཚོར་ཡར་རྒྱས་འགྲོ་སའི་ཞི་བདེའི་ཁོར་ཡུག་ཁོ་ན་དགོས་ཀྱི་ཡོད། འོན་ཀྱང་། ད་ལྟའི་དུས་སུ་ཨུ་རུ་སུ་འཐོར་ཞིག་ཕྱིན་པ་དང་། ཨ་རིའི་དབང་ཐང་ཉམས་བཞིན་པའི་སྐབས་སུ་རྒྱ་ནག་ནི་འཛམ་གླིང་གི་སྟོབས་ཤུགས་རྙོག་འཛིང་ཅན་ཞིག་ཆགས་ཡོད། རྒྱ་ནག་གི་ཕྱི་སྲིད་ནང་དུ་“ཞི་བདེ་དང་ཡར་རྒྱས་”ལྟ་བུ་བཅུག་པ་ནི་འགལ་
བ་ལྟག་སྤྲོད་ཞིག་ཡིན་པ་ཤེས་གསལ་རེད། ས་ཕྱོགས་གང་སར་ཡོད་པའི་མི་མང་ཚོས་ཞི་བདེ་དང་ཡར་རྒྱས་ལ་སྨོན་པ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་ཞི་བདེའི་ཆེད་དུ་ནུས་བ་གསར་བ་ཞིག་བཏོན་མེད་ཅེས་བརྗོད་ཀྱི་ཡོད།

ཏིང་ཞོ་ཕེང་གི་སྲིད་ཇུས་ལ་ལོ་རྒྱུས་དམིགས་བསལ་བ་ཞིག་ཡོད། ༡༩༨༩་ལོའི་རྗེས་སུ་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཚོས་རྒྱ་ནག་ལ་ནུས་བ་དང་ལག་རྩལ། ཁྲོམ་ར་བཅས་མཁོ་འདོན་གྱིས་དཔལ་འབྱོར་ཡར་རྒྱས་ཡོང་ཆེད་དུ་རྒྱ་ནག་ཁ་ཚ་དགོས་གཏུགས་ཀྱིས་རྒྱལ་སྤྱིའི་ལམ་ལུགས་ཀྱི་ནང་དུ་འཛུལ་དགོས་བྱུང་བ་རེད། སྐབས་དེར་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡིད་ཆེས་མེད་པའི་ལྟ་སྟངས་ཤིག་བཟུང་ཡོད་པས། རང་ཉིད་ཀྱི་ཡོན་ཏན་དག་སྦས་བསྐུངས་བྱེད་དགོས་བྱུང་ཡོད།

འོན་ཀྱང་། ད་ལྟ་རྒྱ་ནག་ནི་འཛམ་གླིང་གི་སྟོབས་ཤུགས་གལ་ཆེན་གྲས་ཀྱི་གཅིག་ཡིན་པས། རྒྱ་ནག་དང་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་དང་། ཨ་རིའི་དབར་གྱི་འབྲེལ་ལམ་བློ་འཚབ་ཅན་ཞིག་ཏུ་འགྱུར་བཞིན་པའི་རྒྱུ་མཚན་ནི་རྒྱལ་ཁབ་འདི་ཚོས་རྒྱ་ནག་གི་སྟོབས་ཤུགས་འཕར་བཞིན་པར་སྙོམ་སྒྲིག་བྱེད་པའི་དཀའ་ངལ་འཕྲད་བཞིན་པའི་རྐྱེན་གྱིས་རེད། དཔེར་ན། གླང་ཆེན་ཞིག་ཤིང་སྡོང་ཞིག་གི་རྒྱབ་ཏུ་ཡིབས་ནས་སྡོད་ཐབས་མེད་པ་ལྟར་རྒྱ་ནག་གིས་རང་གི་སྟོབས་ཤུགས་སྦས་བསྐུངས་བྱེད་ཐབས་བྲལ། པེ་ཅིང་གིས་རང་གི་སྟོབས་ཤུགས་ཅི་ཙམ་གྱིས་སྦས་བ་དེ་ཙམ་གྱིས་གཞན་ལ་བློ་དོགས་ཀྱི་ས་བོན་འདེབས་ཀྱི་ཡོད།

དེ་བཞིན། པེ་ཅིང་གི་རྒྱལ་སྤྱིའི་དཔལ་འབྱོར་གནད་དོན་ནི་རང་ལུགས་ཀྱི་སྟོང་བ་ཞིག་རེད། རྒྱ་ནག་གིས་ཚོང་གི་ཁེ་ཕན་གཅིག་པུར་རྔམ་ཏེ་དྲང་བདེན་དོར་བ་མཚམས་འཇོག་བྱས་ཏེ། གནད་དོན་གཉིས་ཆར་དོ་སྣང་བྱེད་དགོས། སྲིད་ཇུས་འདིས་རྒྱལ་ནང་གི་དཔལ་འབྱོར་ལ་ཕན་ཆེན་པོ་ཐོགས་ཀྱི་ཡོད། སྤྱི་སྙོམས་ཡོང་འབབ་ཀྱི་བརྒྱ་ཆ་དམའ་བ་དང་། ལྟོས་ས་ལྟོས་འཇོག་གིས་དབུལ་ཕོངས་ཀྱི་གྲངས་ཀ་མང་སའི་རྒྱལ་ཁབ་ཅིག་ལ་མཚོན་ན་གནད་དོན་འཁྱོངས་བར་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། འོན་ཀྱང་། དཔལ་འབྱོར་གྱི་སྲིད་ཇུས་ཀྱིས་འགྲོ་བ་མིའི་དྲང་བདེན་དང་། རྒྱལ་སྤྱིའི་གཞི་རྩའི་བསླབ་ཁྲིམས་ཁག་ཅིག་སྣང་མེད་དུ་གཏོང་བ་མཚོན་གྱི་མེད། པེ་ཅིང་གིས་ད་བར་དུ་ཡིན་ལུགས་ཚུལ་མཐུན་གྱི་བྱ་སྤྱོད་ཁག་གང་མགྱོགས་བརྩི་སྲུང་བྱེད་དགོས་བའི་སྐབས་སུ་སྣང་མེད་དུ་བཏང་ཡོད།

འཛམ་གླིང་གནས་རིམ་གསུམ་པའི་ནང་གི་རྒྱལ་ཁབ་ཚོར་“ཞི་བདེའི་ཡར་རྒྱས་”ཡོང་འཇུག་དགོས། པེ་ཅིང་གིས་སྲིད་ཇུས་འདིས་སྣེ་ཁྲིད་པ་དེ་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ངར་ཤུགས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ལ་རྒོལ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཀྱང་། འཛམ་གླིང་གང་སར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་རྒྱ་ཆེར་འགྲོ་བཞིན་པའི་སྐབས་སུ་ཡར་རྒྱས་ལས་འགྲོ་བ་མིའི་ཐོབ་ཐང་གལ་ཆེན་
འཛིན་དགོས་ལ། ཆེས་ཉུང་མཐར་ཡང་དོན་དག་འདི་གཉིས་འདྲ་མཉམ་དགོས། པེ་ཅིང་གིས་སྲིད་ཇུས་འདི་ནི་ཕྱིའི་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཇུས་གཏོགས་མི་བྱེད་པའི་ལྟ་གྲུབ་གཞིར་བཟུང་ལག་བསྟར་བྱས་ཡོད། དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་མི་ཐུབ་པའི་ཆེད་དུ་རེད། པེ་ཅིང་གཞུང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་དངངས་སྐྲག་སྐྱེ་དགོས་དོན་མེད། ད་ལྟའི་རྒྱ་ནག་གི་སྟོབས་ཤུགས་ཆེན་པོ་ལས་ཆུང་ཆུང་མ་རེད། ཕྱི་རྒོལ་བྱེད་པའི་ཐབས་ལམ་དང་ནུས་བ་འདང་ངེས་ཡོད་པས། ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ནང་སྲིད་ལ་ཐེ་ཇུས་བྱེད་པ་ནི་ཁ་ལས་དོན་ལ་གནས་ཀྱི་མེད། གལ་ཏེ། རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་མི་བྱེད་པའི་ལངས་ཕྱོགས་མུ་མཐུད་བཟུང་བ་ཡིན་ན། ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོའི་གནད་དོན་གཞན་ཁག་ལ་མུ་མཐུད་སྐྱོན་བརྗོད་བྱེད་ཀྱི་རེད། དེར་བརྟེན། རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཇུས་གཏོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བྱེད་སར་སེམས་འཚབ་དང་། རང་གི་སྟོབས་ཤུགས་ལ་བརྟེན་ནས་ཡར་རྒྱས་ཡོང་བར་སྐུལ་མ་བྱེད་རྒྱུ་ལས། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཇུས་གཏོགས་བྱེད་སྟངས་ཏེ། སྲིད་གཞུང་མགོ་རྟིང་སློག་པར་སྐུལ་མ་བྱེད་མི་ཉན། པེ་ཅིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སེམས་ཁུར་བྱས་པ་ཙམ་གྱིས་ཁེ་ཕན་གཞན་ཁག་ཤོར་མ་སྲིད་ལ། རྒྱ་ནག་གི་སྣང་བརྙན་གསར་བ་དང་ལེགས་པོ་ཞིག་སྟོན་ཐུབ་ཀྱི་རེད།

གལ་ཏེ་རྒྱ་ནག་གཞུང་རྒྱལ་སྤྱིའི་ལམ་ལུགས་ཁག་གི་རྗེས་འབྲངས་བ་ཁོ་ན་ཞིག་མིན་པར་འགོ་ཁྲིད་ཅིག་ཆགས་འདོད་ན། ངེས་པར་དུ་འཛམ་གླིང་ཡོངས་ཀྱི་དང་ལེན་བྱེད་ཐུབ་པའི་ཀུན་ཁྱབ་ཀྱི་རིན་ཐང་དང་རིང་ལུགས་གསར་གཏོད་བྱེད་དགོས་བ་མ་ཟད། རང་གི་བཅོས་བསྒྱུར་གྱི་ཉམས་མྱོང་ལས་འཛམ་གླིང་ཡོངས་སུ་དར་ཁྱབ་གཏོང་འོས་བའི་རིན་ཐང་དང་དཔེ་མཚོན་ཁག་ཅིག་དག་ཐེར་བྱེད་དགོས། ཉེ་བའི་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་གཙོ་ཞི་ཅེན་ཕེང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་སྣང་ཚུལ་གཞོན་ཤ་དོད་པོ་ཞིག་བཟོ་བའི་རྒྱ་ནག་གི་རྨི་ལམ་ཞེས་བ་ཞིག་གསུངས་བྱུང་བས། པེ་ཅིང་གིས་རྒྱ་ནག་གི་རྨི་ལམ་འདི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱི་སྲིད་གྲུབ་ཆ་གལ་ཆེན་ཞིག་གི་ངོ་བོར་བཟོ་ཆོག་གི་རེད། འོན་ཀྱང་། རྒྱ་ནག་གི་རྨི་ལམ་འདིས་རྒྱལ་ཁབ་གཞན་གྱི་མི་རིགས་ཚོས་རང་གི་རྨི་ལམ་རྙེད་པར་སྐུལ་མ་ཡོང་བ་ཞིག་ཆགས་པའི་ཆེད་དུ། རྨིལམ་འདི་རྒྱལ་སྤྱིའི་རང་བཞིན་ཅན་ཏུ་འགྱུར་བར་རྒྱ་ནག་རང་ལ་འབྲེལ་བའི་ལྟ་གྲུབ་དམིགས་བསལ་བ་དག་དོར་ཏེ། གུ་ཡངས་དང་བཟོད་སྒོམ་སོགས་ཀྱི་ཀུན་ཁྱབ་རིན་ཐང་དག་ལ་དོ་སྣང་བྱེད་དགོས།

རྒྱ་ནག་རྒྱལ་ཁབ་འཛམ་གླིང་གི་སྒྲོན་མདོང་ཞིག་ཆགས་ཐུབ་པས། རང་གིས་རང་གི་འོད་སྟོང་དེ་ཕྱོགས་བཞིར་འགྱེད་དགོས།

(ཏིང་ཡོ་བན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྐད་གྲགས་ཅན་གྱི་བདུན་རེའི་དུས་དེབ་སྐད་གྲགས་ཅན་ཞིག་གི་རྩོམ་སྒྲིག་པའི་ཕྱག་ལས་གནང་མྱོང་ཡོད། ཁོང་གིས་ད་ལོའི་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཛ་དྲག་ཏུ་ཕྱིན་སྐབས་སུ་དབྱིན་ཇིའི་ཚགས་ཤོག་ཅིག་གི་ནང་དུ་“རྒྱ་ནག་གིས་བྱང་ཀོ་ཡའི་འབྲེལ་ལམ་གཅོད་དགོས”ཞེས་བའི་རྩོམ་ཡིག་ཅིག་སྤེལ་བས་ལས་གནས་ནས་རྒྱང་ཕུད་བཏང་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*