དོ་སྣང་མི་བྱེད་དོན་ཅི་རེད།

འཇིགས་མེད་ནུབ་པ།

ཉེ་ཆར། ངས་རང་གི་ཉེ་འཁོར་གྱི་གྲོགས་པོ་འགའ་ལ་སྐད་ཆ་ཞིག་དྲིས་བ་ཡིན། ངའི་དྲི་བ་ནི་རིང་པོ་ཞིག་མིན། དྲི་བ་ཐུང་ཐུང་ཞིག་ཡིན། ངས་ “ཁྱེད་ཚོས་འཕྲིན་ཐུང་མ་ལག་གཙོ་བོ་གང་བེད་སྤྱོད་གཏོང་གི་ཡོད་དམ།” ཞེས་དྲིས། ང་ལ་ལན་མི་འདྲ་བ་གསུམ་རག་བྱུང་། གྲོགས་པོ་གཅིག་གིས། “ངས་ཡི་གེ་ཡག་པོ་འབྲི་མི་ཤེས། དེར་བརྟེན། ངས་འཕྲིན་ཕྲན་(WeChat)བེད་སྤྱོད་གཏོང་གི་ཡོད། འཕྲིན་ཕྲན་ཐོག་ལ་སྐད་འཕྲིན་འཇོག་བདེ་བ་འདུག་”ཟེར། གྲོགས་པོ་གཞན་དེས། “ངས་འཕྲིན་ཕྲན་བེད་སྤྱོད་གཏོང་གི་ཡོད། རྒྱུ་མཚན། འཕྲིན་ཕྲན་ཐོག་ལ་བོད་ཡིག་འབྲི་བདེ་བ་འདུག་”ཟེར། གྲོགས་པོ་གསུམ་པ་དེས། “ངའི་ཕ་མ་དང་སྤུན་མཆེད་ཚང་མ་བོད་ན་ཡོད། ཁོང་ཚོས་འཕྲིན་ཕྲན་བེད་སྤྱོད་གཏོང་གི་འདུག ངས་ཀྱང་འཕྲིན་ཕྲན་བེད་སྤྱོད་བཏང་ནས་ཁོང་ཚོར་འབྲེལ་བ་བྱེད་གི་ཡོད་”ཟེར། གྲོགས་པོ་ཚོའི་དྲི་ལན་ཁག་གི་ཐོག་ནས་ང་སྒེར་གྱིས་ཚོད་དཔག་བྱེད་ཐུབ་པའི་གནད་དོན་གཅིག་ནི། བོད་ཕྱི་ནང་གི་བོད་རིགས་ཚོའི་ཁྲོད་དུ་འཕྲིན་ཕྲན་བེད་སྤྱོད་གཏོང་མཁན་མང་བ་དེ་རེད།

འཕྲིན་ཕྲན་བེད་སྤྱོད་གཏོང་མཁན་མང་བ་འདིས་ང་ལ་སེམས་ཁྲལ་ལྷག་མ་ཞིག་སླེབས། སེམས་ཁྲལ་དེ་ནི། འཕྲིན་ཕྲན་བེད་སྤྱོད་གཏོང་མཁན་གྱི་བོད་མི་ཚོས། འཕྲིན་ཕྲན་སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་ཕབ་ལེན་བྱེད་དུས། ཁོང་ཚོས་འཕྲིན་ཕྲན་གྱི་བཀོལ་སྤྱོད་མ་ལག་ཆོག་མཆན་(Apps Permission)ཟེར་བ་དེར་དོ་སྣང་སྤྲོད་གི་ཡོད་མེད་དེ་ཡིན། ཕལ་ཆེར་མེད་ཚོད་ཡིན། རྒྱུ་མཚན། ནམ་རྒྱུན་མཉེན་ཆས་དང་བཀོལ་སྤྱོད་མ་ལག་(Apps)སོགས་ཀྱི་སྐོར་ལ་དོ་སྣང་ཡོད་མཁན་ཚོས་ཀྱང་། བཀོལ་སྤྱོད་མ་ལག་ཆོག་མཆན་ཟེར་བ་དེ་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མི་འདུག གནད་དོན་འདི་འཕྲིན་ཕྲན་ཕབ་ལེན་གྱི་གནད་དོན་གཅིག་པོ་མིན། བཀོལ་སྤྱོད་མ་ལག་རིགས་ཚང་མར་ཁྱབ་པའི་གནད་དོན་ཞིག་ཡིན།

ཁྱེད་རང་གློག་ཀླད་དང་ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་མཁན་ཞིག་ཡིན་ཚེ། ཕབ་ལེན་ཟེར་བའི་བྱེད་ལས་འདི་ལ་རྒྱུས་ཡོད་པ་རེད། དཔེར་ན། ཨན་སྒྲོ་(Android)མ་ལག་བེད་སྤྱོད་གཏོང་མཁན་ཞིག་ཡིན་ན། (Play Store)ནས་བཀོལ་སྤྱོད་མ་ལག་རིགས་ཕབ་ལེན་བྱེད་གི་ཡོད། ཀུ་ཤུ་རྟགས་ཅན་བེད་སྤྱོད་གཏོང་མཁན་ཞིག་ཡིན་ཚེ། (App Store)ནས་བཀོལ་སྤྱོད་མ་ལག་རིགས་ཕབ་ལེན་བྱེད་གི་ཡོད། འོན་ཀྱང་། ང་ཚོས་བཀོལ་སྤྱོད་མ་ལག་ཆོག་མཆན་ཟེར་བ་དེ་ལ་དོ་སྣང་བྱེད་ཀྱི་མེད་པ་མ་ཟད་གཟབ་གཟབ་ཡང་བྱེད་གི་མེད། ཆོག་མཆན་ཟེར་ན། བཀོལ་སྤྱོད་མ་ལག་གང་ཞིག་ཁྱོད་ཀྱི་ལག་འཁྱེར་ཁ་པར་སྟེང་དུ་ཕབ་ལེན་བྱས་རྗེས། བཀོལ་སྤྱོད་མ་ལག་དེས་ཁྱོད་ཀྱི་གནས་ཚུལ་དང་འབྲེལ་ཐོ། དྲ་ཐོག་གི་ལས་ཀ་སོགས་ལ་བལྟ་ཀློག་དང་རྗེས་འདེད་སོགས་བྱས་ཆོག་མིན་གྱི་ཆོག་མཆན་དེ་ལ་ཟེར། དེར་བརྟེན། ཆོག་མཆན་གང་ཞིག་ལ་ངོས་ལེན་བྱས་བའི་རྗེས་སུ། བཀོལ་སྤྱོད་མ་ལག་དེའི་བྱེད་ལས་ལ་ཡང་ངོས་ལེན་བྱས་ཡོད།

བྱེ་བྲག་ཏུ་འཕྲིན་ཕྲན་གྱི་བཀོལ་སྤྱོད་མ་ལག་གི་ཆོག་མཆན་སྐོར་ནི་ང་ཚོས་དོ་སྣང་བྱེད་དགོས་བའི་གནད་དོན་གལ་ཆེན་ཞིག་ཡིན། རྒྱུ་མཚན། ཁྱེད་ཀྱིས་འཕྲིན་ཕྲན་རང་གི་ལག་འཁྱེར་ཁ་པར་སྟེང་དུ་ཕབ་ལེན་བྱས་ཚར་བའི་རྗེས་སུ། ཁྱེད་ཀྱིས་འཕྲིན་ཕྲན་ལ། ཁྱོད་ཀྱི་སྡོད་གནས་འཚོལ་བ་དང་རྗེས་འདེད་གཏོང་ཐུབ་པའི་ཆོག་མཆན། ཁྱོད་ཀྱི་ལག་འཁྱེར་ཁ་པར་དང་བྱང་བུ་གཉིས་ཀའི་སྟེང་གི་འཕྲིན་ཐུང་ཚང་མ་བསྔོགས་པ་དང་ཀློག་པའི་ཆོག་མཆན། ཁྱོད་ཀྱི་ལག་འཁྱེར་ཁ་པར་སྟེང་དུ་ཡོད་པའི་བཀོལ་སྤྱོད་མ་ལག་གཞན་དག་གང་དང་གང་ཡིན་མིན་བལྟ་ཆོག་པའི་ཆོག་མཆན། ཁྱེད་ཀྱི་ཁ་པར་སྟེང་གི་འབྲེལ་མིང་ཁག་དང་གླེང་མོལ་ཁག ད་དུང་། སུ་ལ་ཁ་པར་བཏང་བ་དང་སུ་ཡི་རྩ་ནས་ཁ་པར་སླེབས་པ་སོགས་ཀྱི་གནས་ཚུལ་ཚང་མ་བསྔོགས་ཆོག་པའི་ཆོག་མཆན་བཅས་སྤྲོད་ཀྱི་ཡོད་པ་རེད། དེར་བརྟེན། འཕྲིན་ཕྲན་སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་ཕབ་ལེན་མ་བྱས་སྔོན་ལ། བཀོལ་སྤྱོད་མ་ལག་གི་ཆོག་མཆན་དེ་ངེས་པར་དུ་ཀློགས་དགོས། ད་དུང་། བཀོལ་སྤྱོད་མ་ལག་དེས་གསང་སྡོམ(HTTPS)་གྱི་མཐུན་རྐྱེན་སྦྱར་གྱི་ཡོད་མེད་ལ་ཡང་བལྟ་རོགས།

ངེད་ཀྱིས་གོང་དུ་གླེང་བ་བཞིན། འདི་འཕྲིན་ཕྲན་གཅིག་པོའི་གནད་དོན་ཞིག་མ་རེད། བཀོལ་སྤྱོད་མ་ལག་ཚང་མ་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་རེད། སླད་ཕྱིན། ཁྱེད་ཀྱིས་སོ་སོའི་ལག་འཁྱེར་ཁ་པར་སྟེང་དུ་བཀོལ་སྤྱོད་མ་ལག་ཅི་ཞིག་ཕབ་ལེན་བྱེད་རུང་། ཕབ་ལེན་མ་བྱས་སྔོན་ལ། དེའི་ཆོག་མཆན་དག་ངེས་པར་དུ་ཀློགས་རོགས།

(འཇིགས་མེད་ནུབ་པ་ནི། རྩོམ་འབྲི་དང་ཡིག་བསྒྱུར། རྩོམ་འབྲི་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་ན་གཞོན་ཞིག་ཡིན།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to དོ་སྣང་མི་བྱེད་དོན་ཅི་རེད།

  1. ཚེ་རིང་བཀྲ་ཤིས་ ནས།

    འཕྲིན་ཕྲན་བཀག་འགོག་བྱེད་དཀའ་བའི་ཚོད་ལ་སླེབས་འདུག་་་རྒྱུ་མཚན་མང་པོ་ཞིག་ཡོད་ལ་ལྷག་པར་དུ་མཉེན་ཆས་གཞན་དང་བསྡུར་ན་འཕྲིན་ཕྲན་ལ་ཁྱད་ཆོས་མང་བ་འདུག་ལ་བཀོད་སྤྱོད་བྱེད་བདེ་བ་དེས།  ང་ཚོ་ལ་དཀའ་ངལ་དེ་ཁུར་ཡོང་བ་རེད།  གཙོ་བོ་དེ་འཕྲིན་ཕྲན་མ་ལག་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་སོང་བས་བཀག་འགོག་བྱེད་ཟེར་བ་ངོ་མ་ནམ་མཁར་མི་ཤོང་བའི་དཀའ་ངལ་ཞིག་རེད།  དེར་བརྟེན།  འཕྲུལ་ལས་མཁས་པ་ཚོའི་ངོས་ནས་བེད་སྤྱོད་བཏང་བ་གང་ཞིག་ལ་བདེ་འཇགས་ཀྱི་སྐོར་ལ་གང་འཚམ་སྲུང་སྐྱོབ་བྱེད་ཐུབ་པའི་ལམ་ཁ་གསར་བ་ཞིག་ཨེ་རྙེད་ལ་ལྟོས་ན་མི་དགའ་འམ།  བསམ་ཚུལ་ཙམ་ཡིན་གོ

  2. སྦྲ་རིགས་ཐོགས་མེད་ ནས།

    ད་ལྟའི་བོད་ནང་གི་གཞི་རིམ་མང་ཚོགས་ཁྲོད་དུ་སྐད་འཕྲིན་(མང་ཚོགས་དཀྱུསམའི་ཁྲོད་དུ་wechatལ་སྐད་འཕྲིན་འབོད་བཞིན་འདུག)ཁྱབ་ཚད་དེ་ཧ་ལས་པའི་ཚད་མཐོན་པོ་རེད། དེར་བརྟེན། ང་ཚོས་ཐབས་ལམ་གཞན་པ་ཞིག་འཚོལ་ཐུབ་བམ།

    བརྡ་འཕྲིན་མཉེན་ཆས་གཞན་པ་ཞིག་གིས་སྐད་འཕྲིན་་གྱི་ཚབ་བྱེད་ཐུབ་རྒྱུ་ཕལ་ཆེར་རྒྱ་ནག་གི་ཅ་དངོས་ཉོ་་ཚོང་མི་་བྱེད་ཟེར་བ་དང་འདྲ་བོ་འདུག

    བཙན་བྱོལ་ནང་དུ་ང་ཚོས་ཐབས་ལམ་ཁ་ཤས་བརྟེན་ཐུབ་ནའང་བོད་ནང་དུ་དཀའ་ངལ་ཁག་པོ་ཡིན་རྒྱུ་རེད།

  3. འཇིགས་མེད་ནུབ་པ་ལགས་དགོངས་ཆར་གནང་བར་ཐུགས་རྗེ་ཆེ། བཙན་བྱོལ་ནང་འཕྲིན་ཕྲན་གཞན་བེད་སྤྱོད་བཏང་ན་ཆོག་མོད། འོན་ཀྱང་བོད་ནང་དུ་འབྲེལ་བ་བྱེད་དུས་ wechat བེད་སྤྱོད་མི་བྱེད་ཀ་མེད་འདྲ་པོ་རེད། འཕྲིན་ཕྲན་གཞན་ཕབ་ལེན་བྱེད་མ་ཤེས་པ་དང་ཕབ་ལེན་བྱེད་མ་ཐུབ་པ་སོགས་ཀྱི་དཀའ་ངལ་ཡོད་ཚད་རེད། དེས་ན་ཆོག་མཆན་ཟེར་བ་དེ་ལ་དོ་སྣང་ཙམ་མ་ཡིན་པར་བཀག་ནས་བེད་སྤྱོད་བྱེད་པའམ་ཡང་ན་ཐབས་ལམ་གཞན་འདྲ་ཡོད་དམ།

Write a Reply or Comment

Your email address will not be published. Required fields are marked *

*