མགོ་ལོག་སྡེ་གསར་གྱི་འོ་དོད།(བོད་འབྱོར།)

(མགོ་ལོག་སྡེ་གསར་ནས་རྒད་པོ་འགའ་དང་ཁ་བརྡ་བྱས་རྗེས།)

རྩོམ་པ་པོ་རླངས་ཚང་གཡག

མགོ་ལོག་སྡེ་གསར་ནི་ཟི་ལིང་ནས་མགོ་ལོག་ཏུ་སོང་མྱོང་མཁན་ཞིག་ཡིན་ཚེ་མཐོང་མེད་མཁན་ཞིག་ཕལ་ཆེར་ཡོད་རྒྱུ་མ་རེད་མོད། ཕྱི་ཚུལ་ནས་བལྟས་ན་གྲོང་སྡེ་གྲལ་དག་པོ། ཐང་ཡངས་ས་ཞིག་ཏུ་ཆགས་ཡོད་ཁར་ཁང་བ་ཚང་མ་དམག་ལྭ་གྱོན་པའི་དམག་མི་རུ་སྒྲིག་བྱས་པ་ལྟ་བུ་བྱས་ཡོད་པ་ལྟ་བུ་ཞིག་ཡོད། ལམ་ཁར་ཉི་མར་དྲོ་བའི་རྒད་པོ་རྒན་མོ་ཚོ་དང་། སྟེགས་ལྒང་གི་མཐའ་དང་ཚོང་ཁང་སྒོ་ན་འདུ་ཚོགས་བྱས་ཏེ་བག་ཡེངས་ངང་གནས་པའི་ལོ་ལོན་དང་དར་མ། བྱིས་པ་རེ་འགའ་བཅས་རིག་ན་ལས་བྲེལ་ཆེ་བའི་མི་ཞིག་ཁོང་ཚོ་ལ་ཡིད་སྨོན་སྐྱེ་ཡང་སྲིད། གང་ལྟར། སྡེ་གསར་དེ་ནི་འབའ་རྫོང་དང་མགོ་ལོག་གཉིས་ཀྱི་ལམ་གྱི་འདྲེས་མདོ་༼ད་སྐབས་འབའ་རྫོང་དང་མགོ་ལོག་ཁུལ་གྱི་མི་དག་གིས་ལམ་གྱི་འདྲེས་མདོ་ཞེས་པར་ཚ་ལུའུ་ཁུག་ཅེས་བོད་སྐད་ཅིག་ཡིན་པའི་ཟོལ་གྱིས་འབོད།༽ཞིག་ན་ཆགས་ཡོད་པ་དང་། སྡེ་གསར་དེར་ད་ལྟའི་ཆར་ཁྱིམ་ཚང་༡༨༩འདུག་ལ་ཁོང་ཅག་ནི་མགོ་ལོག་རྨ་སྟོད་ནས་རྫོང་གཅིག་དང་། སྟོང་སྡེ༼ཞང་༽གཉིས་དང་། རུ་ཆེན་༡༣ནས་ཡོངས་པའི་མི་སྣ་འདུས་ཤིག་རེད།

རྨ་སྟོད་ནས་སྡེ་གསར་བར་དུ་སྤྱི་ལོ་༥༤༠ཡོད་འདུག་པས་ཁོང་ཚོ་གཉེན་ཉེ་འཕྲད་པ་དང་སྐྱེས་ས་སྐྱེས་ཡུལ་ལ་སྐོར་བ་རེ་རྒྱག་འདོད་དུས། ཨ་མདོ་བ་ཚོ་ལྷ་སར་འགྲོ་བའི་འཆར་གཞི་འདྲ་ཞིག་མེད་ན་འགྲོ་ཐུབ་ཚོད་མི་འདུག ཁོང་ཚོ་གནས་འདིར་སྤོར་དགོས་དོན་ནི་༢༠༠༤ལོ་ནས་གྲོས་འགོ་བསླངས་པའི་དེང་དུས་རྒྱལ་ཁབ་རང་བཞིན་གྱིས་རྨ་རྫ་འབྲི་གསུམ་གྱི་འབྱུང་ཁུངས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཆེན་པོ་དེའི་ཁྲོད་ཀྱི་འཆར་གཞིའི་ཆ་ཤས་ཤིག་འགྲུབ་ཆེད་ཡོང་བ་རེད་ལ། ད་ལྟའི་ཆར་དཔེ་སྟོན་གནས་སྤོར་སྡེ་བ་རུ་གྱུར་ཡོད་ཚུལ་གྲོང་སྡེ་དེའི་མཐའ་འཁོར་ན་བར་སྣང་ལ་བསྒྲེངས་བའི་ཁྱབ་བསྒྲགས་ཆེན་པོ་དག་གི་སྟེང་ན་རྒྱ་བོད་ཡིག་རིགས་གཉིས་ཀས་གསལ་བཤད་བྱས་འདུག ཁོང་ཚོའི་གྲས་སུ་དེ་སྔ་ནོར་ལྔ་བརྒྱ་དྲུག་བརྒྱ་དང་ལུག་བརྒྱ་ཉིས་བརྒྱ་ཡོད་མཁན་ཡང་འདུག་ལ་ནོར་བཅུ་གྲངས་དང་ལུག་ལྔ་བཅུ་རེ་ལས་མེད་པ་ཡང་འདུག རྩྭ་ས་མུའུ་སྟོང་ཕྲག་གཉིས་གསུམ་རེ་ཡོད་པ་ནི་མང་ཤོས་རེད།

ཁོང་ཚོ་ཐོག་མར་གནས་འདིར་སྤོར་སྐབས་སུ་ས་ཐག་ཉེ་རིང་གཉིས་བདམས་ཆོག་པ་དང་ས་ཐག་རིང་བོར་སོང་ན་རོགས་དངུལ་སྒོར་མོ་མང་ཚུལ་དང་། ས་ཆ་དྲོ་ཚུལ། ལས་ཀ་ཉུང་ཚུལ། ཁང་བ་ལེགས་པོ་རྒྱབ་ཡོད་ཚུལ། འཁྲིས་སུ་སྨན་ཁང་དང་སློབ་གྲྭ་ཡོད་ཚུལ། ཁང་བ་རྒྱབ་པའི་ལྷག་སྒོར་རྐྱང་བ་སྒོར་ཁྲི་གཉིས་ཡོད་ཚུལ་སོགས་གོང་རིམ་མགོ་ཁྲིད་ཀྱིས་བཤད་པའི་སྐད་ཆ་ལ་ཡིད་སྨོན་དང་ཡིད་ཆེས་སྐྱེས་ནས་ཐག་རིང་བདམས་པའི་ཁྱིམ་ཚང་གྲུང་བོ་དག་གནས་འདིར་སྤོར་ནས་ཡོང་བ་དང་། ད་ལྟའི་བར་ཁང་བ་རྒྱབ་པའི་ལྷག་སྒོར་ལག་ཏུ་ཐོབ་མཁན་ཁྱིམ་ཚང་གཅིག་ཀྱང་མེད་ཟེར།

གཞན་ཡང་འཆར་གཞི་ཡོད་དུས་གནས་སྤོར་ན་ལེགས་པ་ལས་འཆར་གཞི་མེད་དུས་ཤིག་ལ་ཅིས་ཀྱང་སྤོར་དགོས་པ་དང་། དེ་དུས་རོགས་དངུལ་སྐར་གང་ཡང་མེད་ཚུལ་སོགས་ཀྱི་བཀའ་བཏང་བ་སོགས་ཐབས་ཤེས་འདྲ་མིན་བསྟེན་པའི་མཐའ་མར་སྡེ་གསར་འདིར་ཡོད་པའི་ཁྱིམ་ཚང་འདི་དག་གནས་སྤོར་ཡོང་རྒྱུ་བྱས་པ་བཞིན། རྟ་ནོར་ལུག་གསུམ་ཡོངས་རྫོགས་བཙོང་བ་དང་། ཁོང་ཚོས་ཅ་དངོས་དབོར་ཡོང་བའི་བརྡལ་གླ་གཅིག་པོར་སྒོར་ཁྲི་གཉིས་ཡན་མ་སྤྲད་པ་ཕལ་ཆེར་མི་འདུག སློབ་གྲྭ་ནི་སྤྱི་ལེ་གསུམ་གྱི་མཚམས་ལ་རྐང་ཐང་ལ་འགྲོ་དགོས་པ་དང་། སྨན་ཁང་རྩ་བ་ནས་མི་འདུག་ཁར། ཕྱུགས་ཟོག་བཙོང་བའི་སྒོར་མོ་ཡང་༢༠༠༤ལོ་ནས་༢༠༠༧ལོའི་བར་དུ་ཕལ་ཆེར་བཀོལ་ཚར་སོང་ཟེར། དེ་ཡང་མགོ་ལོག་སྡེ་གསར་ལ་གནས་སྤོར་རྗེས་ཟས་རང་གྲུབ་དང་གོས་རང་གྲུབ་ཡིན་པའི་འགྲེལ་བཤད་དེ་ལ་ཡིད་ཆེས་ནས་བཀོལ་བཞག་པ་ཡིན་ཟེར།

ད་ལྟ་ཁྱིམ་ཚང་༡༨༩ཡི་ཁྲོད་ན་དབུལ་སྐྱོར་ཁྱིམ་ཚང་བརྒྱ་དང་། ན་གཞོན་མང་པོ་ཞིག་ས་ཆ་གཞན་ལ་ངལ་རྩོལ་བྱེད་དུ་སོང་འདུག་པ་དང་། གཡོག་པོར་སོང་འདུག་པ་མ་ཟད། མི་མང་པོ་ཞིག་སྤྲང་དུ་སོང་ཡོད་པ་དང་། འགའ་རེ་ནི་ཇག་པ་ཡང་ཆགས་ཡོད་སྐད། ཁོང་ཚོ་ཕྱིར་སྐྱེས་ཡུལ་དུ་དབྱར་རྩྭ་བརྐོ་རུ་སོང་ཚེ་ས་རིན་མཐོན་པོ་སྤྲོད་དགོས་པ་དང་ས་ཐག་རིང་བ་བཅས་ཀྱིས་ཡོང་སྒོ་ཞན་པས་དབྱར་རྩྭའི་ཡོང་སྒོ་ཡང་དེ་ཙམ་ལེགས་པོ་ཞིག་ཡོད་ས་མ་རེད། ཁྱིམ་ཚང་རེ་ལ་རོགས་དངུལ་སྒོར་༨༠༠༠རེ་འདུག་ལ་དེ་ནི་ལོ་སྟོད་དང་ལོ་སྨད་གཉིས་སུ་ཕྱེས་ནས་སྤྲོད་ཀྱི་ཡོད་འདུག སྒོར་མོ་འདིས་ཟས་རིགས་མཐའ་དག་དང་། འབུད་ཤིང་ཉོ་བ་དང་། གློག་རིན་དང་ཆུ་རིན་སྤྲོད་པ་སོགས་ཁྱིམ་ཚང་གང་བོའི་ཁ་གསོ་དགོས་པ་རེད། ལོ་བཅུའི་རིང་རྒྱལ་ཁབ་ནས་རོགས་དངུལ་སྤྲོད་རྒྱུ་རེད་མོད། དེའི་རྗེས་ནས་ག་རེ་བྱེད་དགོས་མིན་ཐད་འཆར་གཞི་ཡོད་པའི་ཁྱིམ་ཚང་ཕལ་ཆེར་མེད་པ་ཆགས་འདུག་པས། ཁྱིམ་དུ་ལོ་ལོན་དང་རྒན་པ་མེད་མཁན་དག་གནས་ངེས་མེད་དུ་སོང་ཡོད་པས་ད་ལྟ་ཤུལ་དུ་བསྡད་ཡོད་པའི་ཁྱིམ་ཚང་བརྒྱ་ལྷག་ལས་ལུས་མི་འདུག

རྒན་པོ་རྣ་ལུང་ཅན་ཞིག་གིས་བཤད་རྒྱུར། ང་ཚོ་ཕ་མྱེས་སྔ་བའི་རིང་ནས་འབྲོག་པ་རེད། ཤ་མར་ཐུལ་གསུམ་དང་། འོ་ཕྱུར་རྩམ་པ་ལ་ཁ་བྲལ་མ་མྱོང་བ་ཏག་ཏག་ཡིན་ནི་རེད། འདིར་སླེབས་དུས་མ་གཏོགས་རང་གི་ཕ་ཟས་ལ་དེ་འདྲའི་རིན་ཐང་ཞིག་ཡོད་པ་ཚོར་མ་མྱོང་། དེ་སྔ་ནི་གཡག་ལུ་གསུམ་བཞི་རེ་ལོ་རེའི་ནང་བཟའ་ཡི་ཡོད། ད་ལྟ་རོགས་དངུལ་གྱིས་ཤ་ཉོས་ཚེ་རྩམ་པ་བཟའ་རྒྱུ་མེད་པའི་ཚོད་རེད། མར་རྒྱ་མ་གང་ལ་སྒོར་ཉི་ཤུ་ཡིན་པས་དེ་ཡང་སྔོན་ལྟར་བཟའ་གང་ནས་ཐུབ། ལོ་ལོན་ཚོས་ལུས་པོས་ཀྱང་མི་ལྕོགས་གི ད་དུང་འབའ་རྫོང་དང་རྩེ་ཁོག་ཕྱོགས་སུ་ལྕི་བ་འཐུ་རུ་སོང་ན་མགོ་ལོག་སྤྲང་བོ་ཚོ་མར་སོང་ཞེས་རིགས་གཅིག་པའི་འབྲོག་པ་ཚོས་ཀྱང་རིག་མི་ཉན་གི ཚེ་མཇུག་འདི་འདྲའི་མུག་འདུག་ཞིག་བྱས་ཏེ་འདུག་དགོས་པ་རྨི་ལམ་དུའང་རྨིས་ག་ལ་མྱོང་། ངོ་མ་སྡུག་ཐུག་རེད་ཅེས་ངུ་ཤོར་ལ་བྱས་སོང་བས་ཁོང་ལ་མུ་མཐུད་དྲི་བ་འདྲི་མ་ཕོད་པ་ལུས།

དེ་བཞིན། ལོ་ལྔ་བཅུ་ཡས་མས་ཤིག་ལོས་ཡིན་འདོད་པའི་རྒན་པོ་གཞན་ཞིག་གིས་བྱིས་པ་སློབ་གྲྭར་བསྐྱལ་དགོས་ཞེས་གོང་རིམ་ནས་བཤད་པ་བཞིན་བྱིས་པ་ལོའོ་ཉིན་གྲོང་ཁྱེར་ན་སློབ་གྲྭ་འགྲོ་ཡི་ཡོད། སློབ་ཡོན་སྤྲོད་མི་དགོས་ཀྱང་། གོན་པ་རལ་ཐལ། སློབ་ཆས་ཚར་ཐལ་སོགས་ཀྱི་ཁ་པར་ནི་གཅིག་འཕྲོར་གཅིག་བྱས་ཏེ་གཏོང་གི་འདུག་པས་སྒོར་མོས་འདང་སོང་བ་ཞིག་མི་འདུག ད་རུང་ལོ་གསར་སོགས་ལ་ཡུལ་ལ་ཡོང་དུས་རླངས་འཁོར་གླ་ཆ་སོགས་མཐོ་བ་མ་ཟད། བཟའ་མི་གང་བོའི་ནང་ལས་སྟངས་སྣང་བ་འགྲོ་བ་གཅིག་ཀྱང་མེད་པ་ལྟ་བུ་ཞིག་ཏུ་གྱུར་འདུག་པས་བཟའ་ཚང་ནང་ཁུལ་ལྟ་ཚུལ་མ་མཐུན་པར་འགལ་ཟླ་ཆེན་པོ་འབྱུང་གིན་འདུག དེ་ཚོ་རྗེས་མ་ཕྱིར་ཡོང་ན་ཡང་ལས་ཀ་ཞིག་གང་ནས་ལག་ཏུ་ཡོང་། ཁ་སང་དེ་རིང་སློབ་གྲྭར་སོང་སོང་ནས་སྒོར་མོ་བརླག་བརླག་སྟེ་ཕྱིར་ཡུལ་དུ་ཡོང་དུས་ལས་ཀ་གང་ཡང་བྱེད་ས་རག་གི་མི་འདུག་གཱ་ ཟེར།

ལོ་ན་ཅུང་གཞོན་པ་ཞིག་གིས། གནས་འདི་ན་ཞིང་ལས་ནི་མེད། འབྲོག་ལས་ནི་དེ་བས་ཀྱང་མེད། ཟ་ཁང་དང་ཚོང་ཁང་ནང་ལ་གཡོག་པོར་ང་ཚོ་འབྲོག་པ་ཚོ་མི་དགོས་གི ཤུགས་ལས་བྱེད་ས་ནི་དེ་བས་ཀྱང་མི་དགོས། ངོ་མ་ལས་ཀ་གང་ལས་དགོས་ཡང་མི་ཤེས་པས་ཉི་མ་བསྐྱལ་རྒྱུ་འདི་ངོ་མ་དཀའ་གི་ཡ། ཁྱིམ་དུ་ལོ་ལོན་ཡོད་པས་གནས་གཞན་ལ་ཡང་འགྲོ་མི་ཐུབ་ཀི མདོར་ན་མི་ཤི་སོང་ན་རོ་འཕེན་ན་ལེགས་པོ་ཞིག་ཀྱང་ང་ཚོར་ཡོད་ནི་མ་རེད། ས་མཐའ་ཡོང་ན་ངོ་མ་དཀའ་གི་ཡ། ལྕི་བ་སྐམ་པོ་གཅིག་མཐུ་རུ་སོང་ན་ཡང་སྤྲང་བོ་ཞེས་འབོད་ཀྱི་འདུག མི་ཤི་སོང་ན་རོ་བསྐྱལ་སའི་ས་ལེགས་པོ་ཞིག་གང་ན་ཡོད། ཤུགས་་་་་་ཞེས་བཤད་མཚམས་ཆད་སོང་།

ངས་ཁྱོད་ཚོར་འཚོ་བ་དཀའ་ཁག་ཆེན་པོ་ཡོད་པས་ན་གཞོན་ཚོའི་ནང་ན་བརྐུ་དང་འཕྲོག་བཅོམ་བྱེད་མཁན་དེ་འདྲ་འབྱུང་གི་འདུག་གམ་ཞེས་དྲིས་པ་ན། རྒད་པོ་ཚོས་ཕན་ཚུན་གྱི་གདོང་ལ་རིག་རིག་བལྟས་རྗེས། ང་ཚོའི་མགོ་ལོག་མི་གཤིས་དྲང་ས་རེད། དེ་འདྲ་ཡོད་ནི་མ་རེད་ཟེར། མཚམས་དེར་སླེབས་དུས་ལྭ་བ་སྟོད་སྨད་ཆ་ཅན་ཞིག་གོན་ཞིང་ལག་ཏུ་ཀོ་བའི་ཁུག་མ་ཆུང་ཆུང་ཞིག་ཐོག་པའི་ཕོ་གསར་ཞིག་ཡོང་ནས་ཁྱོད་ཚོས་ཅི་ཞིག་བཤད་ཀྱིན་ཡོད། ཁོང་སུ་རེད་སོགས་དྲག་པོའི་ཚུལ་གྱིས་དྲིས་སོང་བས། ངས་ཅི་ཡང་མིན། ལམ་འགྲོ་བ་ཞིག་ཡིན་པས་རྒད་པོ་ཚོར་ཁ་བརྡ་ཞིག་བྱས་པ་དེ་ཡིན་ཞེས་ལན་བཏབ་པ་ན། སོང་། སོང་། ཁྱོད་རང་གང་ལ་འགྲོ་ཡི་ཡོད་ན་དེ་ལ་སོང་ཞེས་བཤད་པ་དང་། ངའི་མགྲོན་པོ་མགོ་སེར་དེ་ཡང་དེ་ལ་འཐད་པའི་སྲོལ་གྱིས་ང་ཚོ་འགྲོ་ཟེར། དེ་ལྟར་ཡིད་མུག་པའི་གནས་སྟངས་འདིར་འཁྱུག་ཙམ་ཉན་པའི་རིང་དེར་ཟིན་བྲིས་ཐར་ཐོར་ཞིག་བྲིས་པ་ཟི་ལིང་ལ་ལོག་པའི་ལམ་བར་ནས་ཕྱིར་འདང་དང་ཤུགས་རིང་འབྱིན་བྱེད་དུ་གྱུར་པ་ནས་དུས་དེ་རིང་སླར་ཡང་ཉིན་ཐོ་བསྔོགས་རྗེས་གཞན་དུ་འགོད་ཐུབ་ན་བསམ་སོང་ངོ་།།

༢༠༡༡ལོའི་ཟླ་༡༠ཚེས་༡༩ཉིན་གྱི་ཉིན་ཐོ་ནས།


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to མགོ་ལོག་སྡེ་གསར་གྱི་འོ་དོད།(བོད་འབྱོར།)

  1. བསྟན་པ་ ནས།

    རྩོམ་འདི་ཧ་ཅང་ཀློགས་རན་ཡོད་པ་ཞིག་འདུག ངོ་དེབ་སྟེང་དུ་ཡང་གྲོགས་པོ་འགས་འདི་བཞག་འདུག

Write a Reply or Comment

Your email address will not be published. Required fields are marked *

*