བཙན་བྱོལ་གཞོན་སྐྱེས་ཚོ་ཕྱི་ནང་གཉིས་ཀའི་ཐོབ་ཤོར་དང་མཉམ་དུ་འཚོ་ཡོད།

A Home in Tibet

བཅར་འདྲི་ཞུ་ཡུལ། སྡོམ་པ་ཚེ་ཪིང་དབང་མོ།
བཅར་འདྲི་ཞུ་མཁན། ཨར་ཆ་ན་ག་རེ་གྷོ་སེ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཨ་རིར་གནས་སྡོད་བོད་ཀྱི་སྙན་ངག་མ་སྡོམ་པ་ཚེ་རིང་དབང་མོའི་ཕྲག་ཏུ་ཆོ་ལོ་ཆེན་པོ་ཞིག་ཁུར་ཡོད། ཁོ་མོ་དབྱིན་ཡིག་ནང་དུ་སྙན་ངག་བརྩམས་ཆོས་སྤེལ་མཁན་གྱི་བོད་པའི་སྙན་ངག་མ་ཐོག་མ་ཡིན། རྒྱ་གར་དང་བལ་ཡུལ་ནས་འཚར་ལོངས་བྱུང་བ་དང་། ཁོ་མོའི་བརྩམས་ཆོས་ཀྱི་ནང་དུ་རིག་གཞུང་གི་སྙིང་བཅུད་སྣུམ་པོ་ཞིག་གིས་ཁྱབ་ཡོད་པ་ཉེ་ཆར་ཕན་གུན་པར་སྐྲུན་ཁང་ནས་བཏོན་པའི་བརྩམས་ཆོས་རིང་ཤོས་(བོད་ནང་གི་རང་ཁྱིམ)་ཞེས་པ་ལས་ཤེས་ཐུབ། རང་ཁྱིམ་དུ་ལོག་པའི་སྐོར་འབྲི་རྒྱུ་ནི་ཁོ་མོར་མཚོན་ན་༡༩༥༩་ལོར་བོད་ས་དང་ཁ་བྲལ་ཏེ་མི་ཡུལ་ནས་གསོ་སྐྱོང་གནང་མཁན་གྱི་ཨ་མའི་བཀའ་དྲིན་དྲན་པ་ཞིག་རེད། བཅར་འདྲི་འདིའི་ནང་དུ་ཁོ་མོས་བརྩམས་ཆོས་དང་། སྐྱབས་བཅོལ་གྱི་འཚོ་བ། བོད་ནས་ཆད་པའི་ཐོགས་རེག་བྲལ་བའི་རུས་རྒྱུད་བཅས་ཀྱི་སྐོར་གླེང་གི་ཡིན།

དྲི་བ།
འཛམ་གླིང་ས་ཕྱོགས་གང་སར་བོད་ཀྱི་སྐོར་ལ་དང་དོད་ཆེན་པོ་ཡོད་པས། ཁྱེད་ཀྱིས་དཔེ་ཆ་འདི་འབྲི་སྐབས་དོན་དངོས་འདིས་དགའ་བ་བསྐྱེད་སོང་ངམ།

ལན། ང་ལ་མཚོན་ན་དཔེ་ཆ་འདི་དྲང་པོ་དྲང་བཞག་དང་ཁ་གསལ་གཏིང་གསལ་གྱིས་འབྲི་རྒྱུ་ནི་གལ་ཆེན་རེད། འདིས་ངས་དཔེ་ཆའི་ནང་གི་བྱུང་བ་དང་མི་སྣར་དོ་སྣང་སྤྲོད་ཀྱིན་པ་མཚོན་གྱི་ཡོད། ངས་དཔེ་ཆ་འདི་་འབྲི་སྐབས་དཔེ་དེབ་འདི་པར་སྐྲུན་བྱེད་ཐུབ་དང་ཀློག་པ་པོ་མང་པོ་ཞིག་གི་མདུན་སར་སླེབས་པའི་བསམ་བློ་འཁོར་མྱོང་མེད། དཔེ་ཆ་འདི་ངའི་ལག་ཏུ་འབྱོར་རྗེས་ཀློག་པ་པོ་ཚོར་འབྲེལ་འདྲིས་བྱེད་སྐབས། དཔེ་ཆ་འདི་ལ་ཡང་ཚེ་སྲོག་ལྡན་པ་ཕྱོགས་མང་པོ་ཞིག་ནས་བལྟ་ཆོག་གི་རེད།(ངས་རང་གི་དཔེ་ཆའི་ཕུལ་དུ་བྱུང་བའི་རྩོམ་སྒྲིག་པ་སེ་ཝ་པི་རེ་ཡར་(Sivapreya)གློག་འཕྲིན་གྱི་ལམ་ནས་དཔེ་དེབ་འདིའི་ཤོག་ངོས་ཀྱི་ཁ་ཕྱེ་ནས་ཀློག་རྒྱུར་ཞེད་སྣང་སྐྱེ་གི་འདུག་ཅེས་བསྐུར་ཡོད།)

དྲི་བ།
དབྱིན་ཡིག་ནང་དུ་སྙན་ངག་བརྩམས་ཆོས་ཐོག་མར་པར་སྐྲུན་བྱེད་མཁན་གྱི་སྙན་ངག་མའི་གོ་གནས་ནི་དོན་སྙིང་ཅན་ཞིག་རེད། ཁྱེད་ཀྱི་སྔོན་གྱི་མི་ཚོར་དབྱིན་ཡིག་བརྩམས་ཆོས་སྤེལ་ཏེ་པར་སྐྲུན་བྱེད་རྒྱུ་ནི་་དཀའ་ཁག་ཆེན་པོ་ཞིག་ཚོར་གྱི་འདུག་གམ།

ལན། ལོ་ངོ་ཉི་ཤུའི་སྔོན་ལ་བོད་ཀྱི་བུད་མེད་ཅིག་གིས་(སྐྱེས་པ་ཚོའང་ཚུད་ཡོད)་དབྱིན་ཡིག་ནང་དུ་བརྩམས་ཆོས་སྤེལ་རྒྱུར་འགོག་རྐྱེན་ཁག་ཅིག་ཡོད། སྐད་ཡིག་གི་བྱང་ཆ་དང་ཀློག་པ་པོ། པར་སྐྲུན་བྱེད་མཁན་རག་མིན། སྤྱིའི་ཆ་ནས་སྙན་ངག་སྐོར་གྱི་གོ་རྟོགས་བཅས་རེད། ངས་ཤེས་ཚོད་ལ་སློབ་གྲྭའི་སློབ་ཁྲིད་ཀྱི་ཁྲིད་གཞིའི་སྙན་ངག་ཕུད་པའི་སྙན་ངག་ཀློག་མཁན་མེད། ངས་ཡོ་རོབ་ཀྱི་གྲོངས་ཟིན་པའི་མི་རྣམས་ཁོ་ན་སྙན་ངག་པ་རེད་བསམ་མྱོང་། གང་ལགས་ཤེ་ན། སློབ་གྲྭའི་ཀློག་དེབ་ནང་དུ་ཁོང་ཚོའི་བརྩམས་ཆོས་ཡོད། ངས་གནས་ཚུལ་འདི་སེམས་སུ་ཉར་ནས་བརྩམས་ཆོས་སྤེལ་བ་ཡིན། དེ་དང་མཉམ་དུ་ཡུལ་དང་གོ་སྐབས་ཀྱང་གལ་ཆེན་པོ་རེད། ང་ཨ་རིར་ཡོང་བའི་རྗེས་ནས་བརྩམས་ཆོས་པར་སྐྲུན་བྱས་པའི་སྙན་ངག་པ་ཚོའི་སྐོར་གྱི་གོ་རྟོགས་སད་བྱུང་ལ། རང་ཉིད་ཀྱིས་ཀྱང་བརྩམས་ཆོས་སྤེལ་ན་འགྲིག་གི་འདུག་སྙམ་བྱུང་། ང་རང་རྒྱ་གར་དང་བལ་ཡུལ་དུ་འཚོ་བ་སྐྱེལ་སྐབས་དང་བྱ་བ་གཉེར་སྐབས་འཚོ་བཞུགས་ཏུ་ཡོད་པའི་སྙན་ངག་པ་གཅིག་ཀྱང་ཤེས་ཀྱི་མེད་ལ། ངས་རང་གི་སྙན་ངག་བརྩམས་ཆོས་ཀྱི་སྐོར་ལ་བསམ་བློ་གནད་དུ་འཁེལ་བ་གཏོང་མྱོང་མེད།

དྲི་བ།
ཁྱེད་རང་རྒྱ་གར་དང་བལ་ཡུལ་དུ་འཚར་ལོངས་བྱུང་བ་དང་། ཨ་རི་ནས་སློབ་སྦྱོང་བྱས་ཏེ་ད་ལྟ་འཚོ་བ་སྐྱེལ་གྱི་འདུག རྒྱ་གར་དང་ཨ་རིའི་ནང་གི་བོད་པ་ཚོའི་དབར་ལ་ཁྱད་པར་ཅི་ཞིག་འདུག ད་བར་ཁྱེད་ཀྱིས་འཚོ་བ་སྐྱེལ་མྱོང་སའི་ས་ཆ་གང་རུང་ནས་རིགས་རུས་དབྱེ་འབྱེད་ཀྱིས་ཀུན་ནས་བསླངས་བའི་གནས་ཚུལ་དེ་འདྲར་འཕྲད་བྱུང་ངམ།

ལན། ངས་རྒྱུན་ཏུ་རྒྱ་གར་དང་བལ་ཡུལ་གང་ཡིན་ཡང་སོ་སོ་སྤྱི་ཚོགས་དེའི་གྲལ་མཐའ་རུ་བསྡད་ཡོད་བསམ་མྱོང་། ཚོར་བ་དེ་ཨ་རིར་སླེོབས་རྗེས་ཀྱང་འགྱུར་བ་ཕྱིན་མེད། རིགས་རུས་དབྱེ་འབྱེད་ཀྱི་གནས་ཚུལ་དེ་གང་དུ་ཡིན་ཡང་བྱུང་ཆོག་ཆོག་རེད། མཚམས་རེར་ལྷད་ཀྱིས་མ་གུས་བའི་སྐད་ཆ་དང་དྲི་བའི་ངོ་བོར་ཡོང་གི་འདུག ཏག་ཏག་འདས་བའི་གཟའ་འཁོར་དེའི་ནང་དུ་ང་རང་སེན་ཌ་ཁི་རོ་རྗི་(Santa Cruz)་ཞིང་བའི་ཁྲོམ་རར་ཡོད་སྐབས། སིལ་ཚོང་བ་ཞིག་གིས་ང་ལ་”ཁྱེད་རང་གང་ནས་ཡོང་བ་ཡིན། ཁྱེད་ཀྱི་དབྱིན་སྐད་སྒྲ་གདངས་ཏེ་འཚམས་པོ་མི་འདུག”་ཞེས་སྐད་ཆ་དྲིས་བྱུང་། ང་རྒྱ་གར་ཏུ་འཚར་ལོངས་བྱུང་བ་འགྲེལ་
བརྗོད་བྱས་རྗེས་སུ། དྲི་བ་དེ་ཁྱད་མཚར་བསམ་བྱུང་། ངས་ནམ་ཡང་ཁོ་ཁ་ཤན་(Caucasian)་གྱི་མི་རིགས་ཤིག་ལ་ཁྱེད་ཀྱི་དབྱིན་སྐད་སྒྲ་གདངས་ཏེ་གདོང་གཤིས་དང་འཚམས་པོ་མི་འདུག་ཞུ་མྱོང་མེད། ཨ་རིར་ཤར་ཕྱོགས་མི་རིགས་ཤིག་དང་ཕྱི་མི་ཞིག་ཡིན་པའི་ཆ་ནས་དྲི་བ་དེའི་རིགས་དུས་རྟག་ཏུ་དགའ་བོའི་ངང་ནས་ལན་བསྐྱོན་པ་ཡིན། དྲི་བ་དེ་འདྲ་ཞིག་གཏོང་བའི་དབང་ཐོབ་སུ་ལ་ཡོད་མེད་ཀྱི་སྐོར་ལ་བསམ་གཞིག་བྱེད་མྱོང་མེད།

Tsering_Wangmo_Dhompa

དྲི་བ།
ཁྱེད་ཀྱི་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་ཏུ་ཚོར་ཐུབ་པ་ཞིག་ནི། ཁྱེད་ཀྱི་འཚོ་བས་ཁྱེད་རང་བོད་ནང་དུ་ཡོད་པའི་བོད་མི་ཚོ་དང་མི་འདྲ་བ་ཞིག་བཟོས་འདུག་པ་དེ་རེད། གཞིས་བྱེས་གཉིས་ཀྱི་བོད་མི་ཚོའི་དབར་ལ་ཧེ་བག་འདུག་སྙམ་གྱི་ཡོད་དམ།

ལན། བོད་ཕྱི་ནང་དུ་ཡོད་པའི་བོད་མི་ཚོའི་དབར་ལ་སྐད་རིགས་འདྲ་མིན་དང་། དངོས་ཡོད་གནས་ཚུལ། ཉམས་མྱོང་མི་འདྲ་བ་ཡོད་པ་རང་བཞིན་རེད།(གལ་ཆེ་ཤོས་ཤིག་ནི། ང་ཚོས་བོད་ནང་གི་བོད་མིའི་ཆབ་སྲིད་གནས་བབ་སྐོར་སེམས་སུ་འཛིན་དགོས།) འཛམ་གླིང་གང་སར་འཐོར་བའི་བོད་མི་ཚོས་ཁྱད་པར་འདི་ལས་བརྒལ་ཏེ། རྒྱལ་ཁབ་དང་མི་རིགས། རིག་གཞུང་། མི་རིགས་རིང་ལུགས་གླེང་བའི་ཐུན་མོང་གི་འཆར་སྣང་། ལོ་རྒྱུས། རིག་གཞུང་བཅས་ཀྱི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད། ངའི་དཔེ་ཆའི་ནང་དུ་རང་གི་ངོ་བོར་འབྲེལ་བའི་གཏིང་ཟབ་པའི་རིག་གཞུང་དང་སེམས་ཚོར་གྱི་ནང་སྙིང་། དེ་བཞིན་ཁྱད་པར་འདི་འདྲ་ཡོད་མིན་ལ་མ་ལྟོས་པར་བོད་ཀྱི་མི་རིགས་རིང་ལུགས་སྐྲུན་བྱེད་ནང་ཆོས་ཀྱི་འབྲེལ་བ་སོགས་འབུར་ཏུ་བཏོན་པའི་རྩོལ་བ་བྱས་ཡོད། ང་ཚོས་བོད་པའི་རྣམ་པ་འདྲ་མིན་ཐོག་ནས་སྟོན་སྲིད་ཀྱང་། བོད་པ་ལ་ངོས་འཛིན་བྱེད་ཀྱི་རེད།

དྲི་བ།
ཁྱེད་ཀྱིས་བོད་ཀྱི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་འགྲེལ་བ་སྟེ། ཡུལ་ལྗོངས། གཙང་པོ། མཁའ་དབུགས། ཉི་མ། ཐ་ན་མི་མང་གི་སྐོར་སོགས་ནི་ཡིད་དུ་འོང་བ་ཞིག་འདུག་པས། ཀློག་པ་པོ་ཞིག་གིས་ཁྱེད་ཀྱི་བརྩམས་ཆོས་ཀྱི་སྙིང་དོན་ལས་མཛེས་ཉམས་ལ་བལྟ་གི་རེད། དེས་ན། ཁྱེད་ཀྱིས་དཔེ་ཆ་འདི་གློག་བརྙན་ལ་དབབ་འདོད་ཡོད་དམ།

ལན། བཀའ་དྲིན་ཆེ། ཁྱེད་ཀྱི་ངའི་དཔེ་ཆ་དེ་ཀློག་ཞོར་ཏུ་མཛེས་ཉམས་ལ་རོལ་ཐུབ་པ་གོ་བས་དགའ་བོ་བྱུང་། སྙན་ངག་མ་ཞིག་ཡིན་པས་ཆ་ནས་ངས་འཆར་སྣང་ལྟར་བསམ་གཞིག་བྱེད་ཀྱི་ཡོད་པས། ཕལ་ཆེར་་འཆར་སྣང་དེ་དཔེ་དེབ་བརྗོད་སྙིང་དུ་གྲུབ་པ་འདྲ། འོན་ཀྱང་། ང་ནི་དཔེ་ཆ་དེ་བརྙན་ལ་དབབ་རྒྱུ་དང་ཁ་ཐག་རིང་བའི་སར་ཡོད།

དྲི་བ།
བོད་ཀྱི་སྐོར་བརྒྱུད་ལམ་འདྲ་མིན་ཏུ་ཐོན་བཞིན་པ་དང་། རྒྱལ་སྤྱིའི་མི་སྣ་སྐད་གྲགས་ཅན་མང་པོ་ཞིག་གིས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མིན་ལ་མ་ལྟོས་པར། ཁྱེད་ཀྱིས་བལྟས་ན། ད་སྔར་འཛམ་གླིང་ལ་མ་བརྗོད་པའི་བོད་སྐོར་གྱི་གཏམ་རྒྱུད་ཆེས་ཡིད་དུ་འོང་བ་དེ་ཅི་ཞིག་རེད།

ལན། བོད་ཀྱི་འབྲོག་པ་མི་མང་དཀྱུས་མ་ཚོས་ཕ་ས་དང་ཕ་སའི་བདེ་སྡུག་ལ་བཅིངས་བའི་བརྩེ་བ་ཡི་འབྲེལ་བ་དེ་ལས་སླ་བོར་ཡིག་ཐོག་ཏུ་འགོད་ཐུབ་ཀྱི་མི་འདུག

དྲི་བ།
ཁྱེད་ཀྱིས་བོད་ཡིག་ནང་དུ་རྩོམ་རིག་ཀློག་གི་ཡོད་དམ། བྱེས་སུ་གྱར་བའི་བོད་མི་རང་གི་ཕ་སར་བཅིངས་བའི་འབྲེལ་བ་མི་གློད་པའི་ཆེད་དུ་རྩོམ་རིགས་བརྩམས་ཆོས་འདང་ངེས་ཤིག་ཀློག་རྒྱུ་འདུག་གམ།

ལན། བོད་ནང་གི་རྩོམ་པ་པོའི་བརྩམས་ཆོས་ཕུལ་དུ་བྱུང་བ་མང་པོ་ཞིག་འདུག བརྩམས་ཆོས་དེ་ཚོ་རྒྱུན་ཏུ་བྱེས་ཀྱི་བོད་མི་ཚོའི་ལག་ཏུ་རག་གི་མེད་ཀྱང་། ངས་བསམ་པར་ད་ལྟ་བརྩམས་ཆོས་དེ་དག་བལྟ་ཀློག་གི་ལམ་ཁ་མང་པོ་འདུག སྟབས་མ་ལེགས་པ་ཞིག་ལ། ངས་བོད་ཡིག་གི་ཆུ་ཚད་དམའ་བོ་ཡིན་ཡང་། རྩོམ་རིག་བརྩམས་ཆོས་དེ་དག་ཀློག་སྐབས་བསྒྱུར་རྩོམ་ལ་བསྟེན་མི་དགོས་པར་བོད་ཡིག་ནང་དུ་ཀློག་ཐུབ་ཆེད་ད་ལྟ་བོད་ཡིག་སྦྱོང་གི་ཡོད།

དྲི་བ།
བཙན་བྱོལ་སྤྱི་ཚོགས་སུ་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་མི་རབས་གསུམ་པ་དང་བཞི་བ་ཚོས་རང་གི་ཕ་ས་བཟུང་བའི་འབྲེལ་བ་གང་འདྲ་འདུག

ལན། ང་རང་ཐུག་མྱོང་བའི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་སོ་སོའི་རྒྱལ་རབས་ཤེས་ཐབས། རང་ཉིད་གང་ནས་ཡོང་མིན། རང་གི་རྒྱལ་ཁབ་ལ་བཅིངས་བའི་འཁྲེང་སེམས་བཅས་ཀྱི་ཐད་ལ་འགན་ཡག་པོ་་འཁུར་གྱི་འདུག ཁོང་ཚོའི་གྲས་ཀྱི་མང་པོ་ཞིག་རང་གི་གཉེན་ཉེ་དུ་ཚོར་འཕྲད་མྱོང་མེད་ལ། བོད་དུའང་འགྲོ་མྱོང་མེད་ཀྱང་། རང་གི་ཕ་སར་བཅིངས་བའི་སེམས་པ་ནི་ཡལ་བ་མེད་པ་ཞིག་རེད། འདས་བའི་ལོ་ངོ་ཉི་
ཤུའི་ནང་དུ་བཙན་བྱོལ་དུ་ཡོང་བའི་བོད་རིགས་གཞོན་སྐྱེས་ཚོ་ནི་ཉིན་མ་ཪེ་རེར་ཕྱི་ནང་གོད་ཆག་འདྲ་མིན་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། ཁོང་ཚོས་ད་ལྟའི་དུས་རབས་འདིའི་ནང་དུ་ལོ་ན་ཆུང་དུས་ནས་ཕ་
ས་ཕ་ཡུལ་རྒྱབ་ཏུ་བསྐྱུར་བའི་གནད་དོན་རྟོགས་ཀྱི་ཡོད་ལ། ཁོང་ཚོར་ནམ་རྒྱུན་ནས་རང་གིས་རྒྱབ་ཏུ་བསྐྱུར་བའི་ཕ་སར་ལོག་ཐུབ་ཀྱི་མ་རེད་སྙམ་པའི་བློ་དེ་ཡོད། དེར་བརྟེན། གཞོན་སྐྱེས་ཚོའི་ཁྲོད་དུའང་བོད་ལ་བཟུང་བའི་འབྲེལ་ལམ་ལ་རྣམ་པ་འདྲ་མིན་ཡོད།

དྲི་བ།
ཁྱེད་ཀྱི་བརྩམས་ཆོས་རྗེས་མ་ཅི་ཞིག་འབྲི་གི་ཡོད། བོད་གཞིར་བཞག་པའི་རྟོག་སྒྲུང་ཞིག་བཞེངས་ཐུབ་ཀྱི་རེད་དམ།

ལན། ངས་དུས་ཡུན་རིང་པོར་“བོད་ནང་གི་རང་ཁྱིམ་”བྲིས་པ་ཡིན། བརྩམས་ཆོས་གཞན་པ་སྐོར་ལ་ད་དུང་བསམ་གཞིགས་བྱེད་པའི་རབ་དེ་བརྒལ་མེད། ངས་རེ་བར་ཞོགས་ལྟར་མི་འགྱངས་བར་སྙན་ངག་འབྲི་ཐུབ་བསམ་བློ་གཏོང་གི་ཡོད། ང་རྟོག་སྒྲུང་ལ་དགའ། རྒྱ་གར་དང་བལ་ཡུལ་བརྗོད་སྙིང་དུ་བཀོད་པའི་སྒྲུང་ཐུང་འབྲི་རྒྱུར་ཡང་དགའ། ང་ལ་རྩོམ་མཇུག་མ་བསྐྱངས་བའི་སྒྲུང་ཐུང་མང་པོ་ཡོད།

དྲི་བ།
ཁྱེད་རང་ཀློག་པར་སྤྲོ་བའི་རྩོམ་པ་པོ་དང་སྙན་ངག་པ་སུ་རེད། ད་ལྟའི་དུས་ཅི་ཞིག་ཀློག་གི་ཡོད།

ལན། ང་རྟོག་སྒྲུང་ལ་དགའ། ང་རང་ཆེས་དགའ་སའི་རྩོམ་པ་པོ་ཁག་ནི། མེར་ལེ་ཡན་རོ་བྷེན་སོན། རྗེ་ཨེམ་ཁོ་རྫེ། ཨ་མེ་ཏ་ཝེ་སྒོ་ཤི། རྗོ་སེ་ས་ར་མ་གྷོ། མེ་རེ་ཧེ་ལེ་བྷི་རེ་ཁྲོ་ནེ་བཅས་ཡིན། ད་ལྟ་ངས་བོད་ཀྱི་ལོ་རྒྱུས་ཀློག་གི་ཡོད་པས། ཚེ་རིང་ཤཱཀྱ། ཝང་ལི་ཞུང་། མལ་ཡེན་གྷོལ་སི་ཌེན་བཅས་ཀྱི་བརྩམས་ཆོས་ཀློག་གི་ཡོད། མ་ཟད། ད་ལྟ་ངས་རྩོམ་ཡིག་འབྲི་ཚུལ་སློབ་ཁྲིད་བྱེད་ཀྱི་ཡོད། འཛིན་གྲྭར་སློབ་ཁྲིད་ཀྱི་ཆེད་དུ་སྤྱོད་བཞིན་པའི་སྙན་ངག་པ་དག་ནི། ཤེར་མན་ཨེ་ལེ་ཛེ། མ་མོ་ཏི་རྡར་ཝེ་ཤི། ཤེག་སི་ཕེ་ཨིར། ནོ་མེ་ཤེ་ཧབ་ནེ་བཅས་ཡིན།

(སྡོམ་པ་ཚེ་རིང་དབང་མོ་ནི་བཙན་བྱོལ་གྱི་མི་རབས་གསར་བའི་སྙན་ངག་པའི་མདུན་གྲལ་བ་ཞིག་ཡིན། ད་ཕན། ཁོ་མོས་ “ཁྱིམ་སྲོལ་” དང་ “ཉིན་རེའི་ཆད་ལྷག་གི་ཁྲོད་དུ་” བཅས་པའི་སྙན་ངག་གི་དེབ་ཕྲེང་གཉིས་བརྩམས་གྲུབ་ཅིང་། ལྷུག་རྩོམ་དེབ་ “བོད་ནང་གི་གཞིས་ཁྱིམ་” ཟེར་བ་ཞིག་ཀྱང་བརྩམས་གྲུབ། ད་ལྟ་ཨ་རིར་རྩོམ་རིག་གི་སྒང་ལ་འབུམ་རམས་པ་འདོན་བཞིན་ཡོད། )


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to བཙན་བྱོལ་གཞོན་སྐྱེས་ཚོ་ཕྱི་ནང་གཉིས་ཀའི་ཐོབ་ཤོར་དང་མཉམ་དུ་འཚོ་ཡོད།

  1. ཀླུ་སྨྱོན་ ནས།

    ཞི་མོ་འདི་ངོ་མ་ཅིག་ངར་གི མོ་ནི་ཉི་འོད་དང་སྡེབས་ཏེ་ལྡང་བའི་རླུང་བུ་ཞིག་ཡིན།

Write a Reply or Comment

Your email address will not be published. Required fields are marked *

*