མཱ་ཡོན་གྱི་བོད་ཀྱི་གཏམ་རྒྱུད་ཁག འཆར་སྣང་ཁྲོད་ཀྱི་ཆག་སྒོའི་མཇུག་འབྲས་བརྗོད་པ།(ཕྱི་མ)

(མ་གཞི་རྩོམ་ཡིག་འདི་ཨ་རིའི་ཧ་བེ་ནུབ་མིའི་གཙུག་ལག་སློབ་གྲྭ་ཆེན་མོར་བསྡུས་པའི “འབྲེལ་འདྲིས་ཁྲོད་ཀྱི་ཉམས་ཉེས་དང་ཆག་སྒོ། མི་སེར་སྤེལ་བའི་རྗེས་ཀྱི་འཛམ་གླིང་ཡུལ་གྲུ་ཁག་གི་གདོད་མིའི་མི་རིགས་རྣམས་ཀྱི་གསོན་གནས།” ཞེས་པའི་བགྲོ་གླེང་སྐབས་སུ་གཏམ་གཤད་དུ་བྲིས་ཡིན།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སུ་ཀྲིས་བན་ཇེ་བན་ཆོས་རེས་ནོ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

མཱ་ཡོན་གྱི་བརྩམས་སྒྲུང་“རྣམ་ཤེས་འཁྱམས་པོ།”ཞེས་པའི་ནང་གི་མི་སྣ་ཁ་ཤས་དོང་ཙེའི་རང་བཞིན་ལྟ་བུའི་ལོ་རྒྱུས་ཀྱི་གནས་བབ་ལ་དོ་སྣང་སླེབས་པའི་སྐོར་བྲིས་ཡོད་ལ། སྐབས་དེར་ང་ཚོའི་སེམས་སུ་ལམ་སང་འཆར་བ་ནི་ལོ་རྒྱུས་ནི་གཅིག་ཡིན་ན་ཡང་དེ་ནི་དོང་ཙེ་ཞིག་དང་འདྲ་བར་ཕན་ཚུན་འགྲེལ་བཤད་རྒྱགས་སྟངས་ཀྱི་ཆ་ནས་ངོས་གཉིས་ཡོད་པ་རེད། དེ་བཞིན་དུ་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་རྒྱ་བོད་གཉིས་ལ་མཚོན་ན་ཡང་རྒྱ་ནག་གི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་དག་ནི་དོང་ཙེ་དེའི་ངོས་གཅིག་དང་དེ་བཞིན་བོད་ཀྱི་སྐད་ཡིག་ཁྲོད་ཀྱི་ལོ་རྒྱུས་ནི་དོང་ཙེ་དེའི་ངོས་གཞན་ཞིག་ཡིན་པ་དེ་རེད། གནད་དོན་དེ་ནི་རིག་གཞུང་མཉམ་འདྲེས་ཀྱི་གནས་བབ་འོག་ཏུ་རིག་གཞུང་གཅིག་མེད་པར་གཞན་པ་དེ་ཡང་གནས་མི་ཐུབ་པ་ལྟ་བུ་རེད། འོན་ཀྱང་། ངག་རྒྱུན་གཏམ་རྒྱུད་དེའི་གནད་རྙོག་འཛིངས་ཅན་དུ་ཆགས་དོན་ནི་བརྩམས་སྒྲུང་དེས་གནད་དོན་དབྱེ་གསེས་མེད་པར་ལོ་རྒྱུས་ཀྱི་འགྲེལ་བཤད་གཉིས་པོ་མཉམ་དུ་བདེན་པར་བརྩིས་ནས་རྗེས་ཟློས་བྱས་པ་དེས་རེད།

དེར་བརྟེན། བརྩམས་སྒྲུང་དེའི་ཐོག་མའི་བརྗོད་དོན་དེ་ནི་སྒྲུང་གཏམ་ནང་གི་མི་སྣ་ངོས་འཛིན་བྱེད་ཚུལ་གྱི་ཆ་ནས་བྱུང་ཡོད་པ་རེད། ད་དུང་མི་སྣ་དེའི་གནའ་དུས་སུ་ལྕགས་བསགས་ནས་དོང་ཙེ་བཟོ་ཚུལ་སོགས་ཀྱིས་རྫོགས་མཐའ་མེད་པའི་གནད་དོན་དེ་རྙོག་འཛིངས་ཆེ་རུ་བཏང་ཡོད་པ་རེད། བྱེད་ཚུལ་འདིས་གནད་དོན་གང་ཞིག་གསལ་བཤད་བྱས་པ་རེད་ཅེ་ན། དོང་ཙེ་ཞིག་གི་ངོས་གཉིས་ཡོད་པ་དེ་ཡང་གློ་བུར་ཐོལ་རྒྱག་ཏུ་བྱུང་བ་ཞིག་མ་ཡིན་པར་བཟོ་བོ་གང་ཞིག་གི་བསམ་བློ་དང་ལག་རྩལ་ལས་འཁྲུངས་བ་ཡིན་པའི་སྒྲུབ་བྱེད་དེ་ལོ་རྒྱུས་ལ་ཡང་སྦྱར་ནས་བཤད་བཞིན་ཡོད་པ་རེད། དེ་བཞིན་དུ་སྐབས་ཁ་ཤས་སུ་མཱ་ཡོན་གྱིས་རྣམ་དཔྱོད་ལྡན་པའི་ངང་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ཁག་ལའང་འགྲེལ་བཤད་བསྐྱོན་ཡོད་པ་རེད།

དེ་བཞིན་གཏམ་རྒྱུད་དེའི་ནང་གི་བརྗོད་དོན་གཉིས་པ་དེ་ནི་བྱུང་རིམ་ཁག་གི་ནང་དུ་དོང་ཙེ་ཞིག་གི་རིན་ཐང་ནི་དོང་ཙེ་ཁོ་རང་གཅིག་པོ་དང་ཡང་ན་དོང་ཙེ་དེ་ཉིད་ཉོ་ཚོང་བྱེད་མཁན་ཉོ་མཁན་དང་ཚོང་བདག་གཉིས་ཙམ་ལ་ཡང་རགས་ལས་པ་མིན། འོ་ན་གང་ཡིན་ཟེར་ན་དེ་ནི་དོང་ཙེ་དེའི་སྤྱི་ཚོགས་འབྲེལ་ལམ་ཁྲོད་ཀྱི་གྲུབ་ཆའི་ནུས་ཤུགས་ལ་རགས་ལས་ཡོད་པ་ལས་མི་སྣ་གཉིས་ཀྱི་ཤུགས་རྐྱེན་ནི་ཧ་ཅང་ཚད་བཀག་ཅན་ཡིན། དངོས་པོ་གང་ཞིག་གི་རིན་ཐང་དེ་སྤྱི་ཚོགས་གྲུབ་ཆའི་ཆ་ནས་གཙོ་བོར་ཐག་གཅོད་བཞིན་ཡོད་པ་རེད། དཔེར་ན། དོང་ཙེ་ཞིག་གམ། གཏམ་རྒྱུད་ཅིག ལོ་རྒྱས་ཀྱི་ཕྱིར་དྲན་ཞིག ཡང་ན་སྲོལ་རྒྱུན་གྱི་ལུགས་སྲོལ་ཞིག་གམ་སྒྱུ་རྩལ་གྱི་ཐོན་དངོས་བྱེ་བྲག་པ་ཞིག་བཅས་གང་ཡིན་ཡང་དེའི་རིན་ཐང་སྤྱི་ཚོགས་ཀྱི་གཞི་རིམ་གྲུབ་ཆ་དང་འབྲེལ་ནས་ཐག་གཅོད་བྱེད་བཞིན་ཡོད།

མཱ་ཡོན་གྱི་སྒྲུང་གཏམ་གཞན་ཞིག་སྟེ་“དོང་ཙེ་སྒྲུག་མཁན།”ཞེས་པར་མཚོན་ན་ཡང་བྱུང་རིམ་གཙོ་བོ་དོང་ཙེ་སྒྲིག་པའི་གོ་རིམ་དང་བསྟུན་ནས་དབྱེ་བ་དགར་ཡོད། སྒྲུང་གཏམ་བཤད་མཁན་དང་སྒྲུང་གཏམ་ནང་གི་མི་སྣ་དག་ལ་མཚོན་ན་དོང་ཙེ་ནི་དོང་ཙེ་རང་ཙམ་ཡིན་ན་ཡང་། དོན་དངོས་ཐོག་དོང་ཙེ་རེ་རེས་ཁ་གསལ་བོའི་སྒོ་ནས་སྒྲུང་གཏམ་རེ་རེའི་སྣང་བརྙན་བསྐྲུན་བཞིན་ཡོད། དཔེར་ན། སྐབས་འདིའི་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོས་ “དོང་ཙེ་རེ་རེར་རང་ཉིད་ཀྱི་གཏམ་རྒྱུད་ཡོད།”ཅེས་བཤད་པ་དང་ཡོངས་སུ་མཐུན་ཡོད། དེ་དང་བསྟུན་ནས་རྩོམ་པ་བོས་རིམ་བཞིན་སྤྱི་ཚོགས་ཁྲོད་ཀྱི་མི་དང་གཏམ་རྒྱུད་ཅ་དངོས་སོགས་དཀོན་པོའི་རིགས་ལ་རིན་ཐང་ལྷག་མ་སྟེར་དགོས་པའི་ལྟ་ཚུལ་བཏོན་ཡོད། གང་ཡིན་ཟེར་ན་དཀོན་པོའི་རིགས་ནི་ནམ་ཡང་དམིགས་བསལ་དང་ཁྱད་དུ་འཕགས་པ་ཞིག་ཡིན་པའི་ལྟ་ཚུལ་བཟུང་ཆོག་ཚུལ་དང་སྐད་ཆ་གཞན་ཞིག་གི་སྒོ་ནས་བཤད་ན་དཀོན་པོའི་རིགས་ཀྱིས་སྐབས་མང་བོར་སྒོར་མོའི་ཚབ་བྱེད་ཐུབ་པར་བཤད་ཡོད།

དེ་བཞིན་ཁོའི་ཁྱད་དུ་འཕགས་པའི་སྒྲུང་རིང་ (གངས་ཏི་སེའི་མན་ངག)ཅེས་པའི་སྒྲུང་གཏམ་གྱི་བརྗོད་དོན་གཙོ་བོ་དེ་སྒྲུང་མཁན་ཁ་ཤས་དང་བྱུང་རིམ་ཀྱག་ཀྱོག་གི་ནང་དུ་བསྲེས་ནས་ཡོད་པ་རེད། གཏམ་རྒྱུད་རིང་མོ་དེ་མིང་མ་བཏོན་པའི་སྒྲུང་བ་ཞིག་གི་ངག་རྒྱུན་ལས་བཏུས་པ་མ་ཟད་ད་དུང་མིང་མ་བཏོན་པའི་སྒྲུང་གཏམ་ནང་གི་མི་སྣ་ཞིག་གི་བྱུང་རིམ་ལ་སྦྱར་ནས་བྲིས་ཡོད། དེ་ལྟ་བུའི་གཏམ་རྒྱུད་དེ་རིམ་བཞིན་ངག་རྒྱུན་སྒྲུང་བ་གཉིས་པ་ཞིག་གིས་བཤད་ཡོད་ལ་དེ་ནས་ཡར་བསྐྱར་ཐོག་པའི་སྒྲུང་བ་དེའི་འགྲེལ་བཤད་དང་སྦྱར་ཡོད། དེ་བཞིན་ཡང་བསྐྱར་སྒྲུང་བ་གསུམ་པ་དང་བཞི་སོགས་སྒྲུང་བ་འདྲ་མིན་གྱི་ངག་རྒྱུན་དང་འདྲེས་ཡོད་པ་མ་ཟད་ཐ་ན་ངག་ལྐུགས་པ་ཡིན་པའི་མི་སྣའི་ས་ནས་ཀྱང་གནས་ཚུལ་བསྡུས་ཡོད། སྒྲུང་གཏམ་དེའི་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་དཔེར་ན་རི་དྭགས་རྔོན་བྱེད་ཚུལ་ནས་གཤིན་པོ་བྱ་གཏོར་བྱེད་སྟངས་ཚུན་ཆད་བར་གྱི་གནད་དོན་ཆེ་མ་ཆུང་གསུམ་མང་བོར་འགྲེལ་བཤད་དང་དོ་སྣང་བྱས་ཡོད་པ་རེད།

དེ་བཞིན་མཱ་ཡོན་གྱི་སྒྲུང་གཏམ་གྱི་བརྗོད་རྙིང་རང་བཞིན་དམིགས་བསལ་བ་གཅིག་ནི་གཞུང་ལུགས་ངོས་ནས་སྒྲུང་གཏམ་དེ་ཧྲིལ་བོ་དེ་སྒྲུང་ཐུང་འདྲ་མིན་ཕྱོགས་བསྒྲིགས་བྱས་པའི་རྨང་གཞིའི་ཐོག་ཏུ་བསྐྲུན་ཡོད་ལ། (གངས་ཏི་སེའི་མན་ངག)ཅེས་པའི་སྒྲུང་གཏམ་དེ་སྤྱི་ཡོངས་ནས་རྒྱ་ནག་གཙོས་ཕྱི་ལོགས་ཀྱི་ཀློག་མཁན་དག་གིས་བོད་ཅེས་པའི་མི་རིགས་དེར་རེ་བ་ག་འདྲ་ཞིག་ཡོད་པ་གཞིར་བཟུང་ནས་བྲིས་ཡོད་པ། དེ་ཡང་འཛམ་གླིང་གིས་བོད་མི་རིགས་ནི་སྲོལ་རྒྱུན་གྱིས་ཕྱུག་པ་དང་། ངོ་མཚར་ལྐོག་གྱུར། ད་དུང་ཆོས་ལུགས་ཀྱི་དག་ཞིང་སོགས་དང་འདྲེས་ཡོད། དེ་བཞིན་བོད་དེ་མི་རིགས་གཞན་པ་གང་ཞིག་ལས་ཀྱང་ཁྱད་ཆོས་ལོགས་སུ་ཡོད་པ་སོགས་ཀྱི་རྣམ་པ་བྲིས་ཡོད། དེ་བཞིན་སྒྱུ་རྩལ་ཁྲོད་ཀྱི་བདེན་པ་དེ་ཡང་ལྐོག་གྱུར་གྱི་དངོས་པོ་གང་ཞིག་གི་བྱེད་ཚུལ་ལ་བརྟེན་ནས་ཡོད་པའི་སྐོར་ཡང་བྲིས་ཡོད་པ་རེད། སྒྲུང་གཏམ་དེའི་བརྗོད་བྱ་གཙོ་བོ་ནི་དེང་རབས་ཅན་དུ་འབོད་བཞིན་པའི་རྒྱ་ནག་གི་སྤྱི་ཚོགས་དེ་ཐལ་ཆེའི་དངོས་གཙོ་ཁོ་ནར་འགྱུར་བཞིན་པར་བརྟེན་ཁོ་ཚོས་ནང་སེམས་ཀྱི་འཇིག་རྟེན་དང་འབྲེལ་བའི་གནད་དོན་མང་བོ་ཞིག་སྣང་མེད་བཏང་ཡོད་པས་ད་ལྟ་དེ་དག་ལ་དོ་སྣང་བྱེད་དགོས་ཚུལ་བྲིས་ཡོད་པ་རེད།

ད་དུང་མཱ་ཡོན་གྱི་སྒྲུང་གཏམ་བརྗོད་གཞིའི་སྒྲིག་སྦྱོར་ཞིག་ནི་གཏམ་རྒྱུད་དེའི་ནང་གི་མི་སྣ་གཙོ་བོའི་བསམ་ཚུལ་གཙོ་བོ“ངའི་ཉམས་མྱོང་གིས་ང་རང་བསྐྲུན་ཡོད།”ཅེས་པའི་སྡོམ་ཚིག་གཅིག་པོ་ཙམ་གྱི་ས་མཚམས་ལས་བརྒལ་ནས། གང་ཟག་བྱེ་བྲག་པ་གང་ཞིག་གི་ངོ་བོ་ནི་གཙོ་བོ་རང་ཉིད་ཀྱི་ཐད་ཀར་དངོས་སུ་ཁས་ལེན་བྱས་མ་མྱོང་བ་དང་ཡང་ན་དངོས་སུ་ཉམས་མྱོང་མེད་པའི་གནད་དོན་དམིགས་བསལ་བ་ཁ་ཤས་ཀྱི་ཐོག་ནས་ཐད་གཅོད་བྱེད་བཞིན་ཡོད། དཔེར་ན། མཱ་ཡོན་གྱི་གཏམ་རྒྱུད་དེའི་ནང་གི་མི་སྣ་མང་བོ་ཞིག་གི་མི་ཚེའི་ལོ་རྒྱུས་དང་ཉམས་མྱོང་ཁག་སྒྲུང་གཏམ་བཤད་མཁན་གང་ཟག་གཞན་པ་ཞིག་གི་བཤད་ཡོད། སྒྲུང་གཏམ་དེ་དག་བཤད་མཁན་དང་མི་སྣ་དངོས་ཀྱི་བར་དུ་བར་ཐག་ག་ཚོད་ཡོད་མེད་ལ་མ་ལྟོས་པར་སྒྲུང་གཏམ་ནང་གི་མི་སྣའི་ལོ་རྒྱུས་དང་བཤད་མཁན་གྱི་འཚོ་བ་གཉིས་མཉམ་དུ་འདྲེས་ནས་འགྲེལ་བཤད་སྐྱོན་བཞིན་ཡོད། ཐ་ན་མི་སྣ་ཁག་གི་མིང་ཡང་སྐབས་མང་བོར་ཁོ་ཚོས་བྱེད་སྟངས་དང་ཤེས་ཡོན་བཅས་ལ་བརྟེན་ནས་བཏགས་ཡོད་པ་བཅས་མི་སྣ་དེ་དག་གི་དཔེར་མཚོན་དང་ངོ་བོ་སོགས་གང་ཟང་གཞན་ཞིག་བརྒྱུད་ནས་ཕྱིར་མངོན་བྱེད་བཞིན་ཡོད།

མཱ་ཡོན་གྱི་བརྩམས་སྒྲུང་ཁག་གིས་ནམ་རྒྱུན་གནད་དོན་གཙོ་བོ་ཁ་ཤས་ཀྱི་ཕྱོགས་ལ་འཚོལ་སྙེགས་བྱེད་བཞིན་ཡོད་པ་ལས་གཅིག་ནི་རང་ཉིད་སོ་སོའི་ངོ་བོ་དང་མི་རྣམས་ཀྱི་འདུ་ཤེོས་ཀྱི་གཏིང་ན་ལྷག་ཡོད་པའི་མི་སེར་སྤེལ་མཁན་དང་འཕྲད་པའི་མི་སྒེར་གྱི་ཉམས་མྱོང་དང་བརྒྱུད་རིམ་སྐོར་ཡིན། འོན་ཀྱང་། རྩོམ་ཡིག་འདིའི་ཁ་བྱང་རྟོག་འཆར་ཞེས་པའི་ཚིག་དེའི་ནང་དོན་གཞན་ཞིག་ནི་གནད་དོན་གང་ཞིག་ཁ་མ་ཚང་བའམ་སྤས་བརྐུངས་བྱས་པར་སྟོན་བཞིན་ཡོད་པ་ལྟར། ངས་བསམ་ཚུལ་ལ་ཚིག་དེའི་དགོས་མཁོ་གཙོ་བོ་ནི་མཱ་ཡོན་ལྟ་བུའི་རྒྱ་ནག་གི་རྩོམ་པ་བོ་གང་མང་ཞིག་གིས་རྟོག་སྒྲུང་ཁག་གི་ནང་དུ་རིགས་རྒྱུད་བྱེད་བྲག་པ་ཞིག་གི་འཚོ་གནས་ཐག་གཅོད་དང་འབྲེལ་ནས་སྐད་ཆ་བཤད་ཡོད། “མི་སེར་སྤེལ་བའི་གནད་དོན་དང་འབྲེལ་ནས་རྫོགས་མཐའ་མེད་པའི་མཇུག་འབྲས་མང་བོ་ཞིག་གདོད་མིའི་མི་རིགས་ཁག་གི་ནང་དུ་སླེབས་བཞིན་ཡོད།”མཱ་ཡོན་གྱིས་གཞུང་ལུགས་ཀྱི་གནད་དོན་དག་འདི་ལྟར་ཞིབ་ཚགས་པོར་བཀླགས་ནས་མཐོང་ཐུབ་པ་ནི་སྐད་ཡིག་བྱེ་བྲག་པ་ཞིག་མི་རིགས་དེའི་འཆི་གསོན་ཐག་གཅོད་མཁན་ཡིན་ཞེས་ཁོས་ཀྱང་བཤད་བཞིན་པ་དེས། མཱ་ཡོང་ཡང་སྔོན་གྱི་བསམ་བློ་བ་གྲགས་ཆེན་ཕུ་ལེ་གྲོ་དང་བྷོར་རྗས་སུ། ཧེས་མེན་བེ་བཅས་ཀྱི་ལྟ་བའི་ཕྱོགས་སུ་འགྲོ་བར་འབད་བརྕོན་བྱེད་བཞིན་ཡོད་པ་མཐོང་ཐུབ།

མཱ་ཡོན་གྱི་བོད་དུ་མི་སེར་སྤེལ་མཁན་ཕྱོགས་ཀྱི་སྣང་བརྙན་གཙོ་བོ་ཞིག་ནི་མི་སེར་སྤེལ་མཁན་ཕྱོགས་ཀྱི་སྟོབས་ཤུགས་གཙོ་བོ་མཱ་ཡོན་གྱི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་ཁག་གི་ཁ་བརྡའི་ཁྲོད་ནས་ཕྱིར་མངོན་བཞིན་ཡོད། སྐབས་དེའི་འགོག་རྐྱེན་གཙོ་བོ་ནི་ཁ་བརྡ་དེ་གཙོ་བོ་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཉིས་ཀྱི་ཁས་ལེན་བྱེད་མིན་གྱི་འབྲེལ་བ་དང་དང་ཕྱོགས་ངོས་གཞན་ཞིག་ནི་མི་སེར་སྤེལ་ཡུལ་གྱི་སྲོལ་རྒྱུན་ལུགས་སྲོལ་བརྒྱུད་པའི་སྟོབས་ཤུགས་གཉིས་ནས་ཡོང་བཞིན་ཡོད་ལ། ཕྱོགས་དེ་གཉིས་ནི་མི་སེར་སྤེལ་མཁན་དང་མི་སེར་སྤེལ་ཡུལ་ཕྱོགས་གཉིས་ཀྱི་བསམ་བློའི་འགལ་ཟླའི་ཁྲོད་དུ་བསྐྲུན་ཡོད།

རྩོམ་ཡིག་འདི་མཇུག་སྒྲིལ་སྐབས། ངས་སླར་ཡང་ཚིག་མཛོད་ཁྲོད་ཀྱི་བརྡ་ཆད་མིང་ཚིག་ཅིག་གི་གོ་དོན་ལ་ཕྱིར་དྲན་ཞིག་བྱེད་འདོད་པ་ནི་མི་སེར་སྤེལ་བའི་སྲིད་ཇུས་ཀྱི་མཇུག་འབྲས་ཞེས་པའི་ཚིག་དོན་དེ་མཱ་ཡོན་གྱི་སྒྲུང་གཏམ་གཞིར་བཟུང་ནས་འགྲེལ་བཤད་སྐྱོན་སྐབས “སྐྱེ་དངོས་གང་ཞིག་ཡོད་ཚད་རྩ་མེད་བྱས་རྗེས་བསྐྱར་དུ་བཏབས་པའི་ལོ་ཏོག་གཉིས་པའམ་ཐེངས་གཉིས་པར་གསར་དུ་སྐྱེས་པའི་སྔོ་ལྗང་གི་རྩྭ་ལོའི་གོ་དོན་ཙམ་མོ།།” དེར་བརྟེན། མཱ་ཡོན་གྱི་མི་རིགས་གང་ཞིག་གི་འཚོ་སྡོད་ཅེས་པ་ནི་གང་ཞིག་རྩ་མེད་དམ་རྩ་འབྲེགས་བྱས་རྗེས་བསྐྱར་དུ་སྐྱེས་པའི་གོ་རིམ་ལྟ་བུ་ཞིག་ལ་ཟེར་ཞིང་། ཁོ་ལ་མཚོན་ནས་བཤད་ན། ཡང་དང་བསྐྱར་དུ་རྩ་འབྲེགས་བྱས་རྗེས་སུ་སྙིང་བསྐྱུར་གསར་བརྗེའི་ཁྲོད་ཀྱི་གྲུབ་འབྲས་ནི་མི་སེར་སྤེལ་བའི་བརྒྱུད་རིམ་ཁྲོད་ཀྱི་འགྱུར་ལྡོག་གི་ངོ་བོ་གལ་ཆེན་ཞིག་ཡིན། དཔེར་ན། དེ་ནི་ཤོག་བུ་དཀར་གཙང་ཞིག་ཏུ་བསྐྱར་འབྲི་བསྐྱར་བསུབ་ཀྱིས་ཡི་གེ་བྲིས་པ་དང་ཡོངས་སུ་མཚུངས་སོ།།

མཱ་ཡོན་གྱི་བརྩམས་སྒྲུང་ཁག་གིས་བརྗོད་དོན་ལྟར་ན། མི་སེར་སྤེལ་བའི་བརྒྱུད་རིམ་ཁྲོད་དུ་སྤེལ་མཁན་དང་སྤེལ་ཡུལ་གྱི་ཕྱོགས་གཉིས་བོར་ཆེ་ཆུང་ལ་མ་ལྟོས་པའི་ཤུགས་རྐྱེན་ངེས་ཅན་རེ་ཐེབས་བཞིན་ཡོད་ལ། དེར་བརྟེན། ཕྱོགས་གཉིས་ལ་ཕྱོགས་རེ་ནས་ཐོབ་པ་དང་ཕྱོགས་རེ་ནས་ཤོར་བ་ཡོད་པ་ལས་གཞན་ད་དུང་སྦས་པ་དང་ཡ་མེད་བཏང་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་བརྒྱུད་གཞི་ནས་མི་སེར་སྤེལ་མཁན་དང་སྤེལ་ཡུལ་གཉིས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས་པར་བསྟན་ཡོད།

ནང་ཕན་ཚུན་སྦྲེལ་ནས་ཡོད་ལ་ད་དུང་མི་སེར་སྤེལ་བའི་མཇུག་འབྲས་ཀྱི་སྣང་ཚུལ་ཟུར་བ་ཞིག་ཀྱང་ཡིན་པའི་ཤུགས་རྐྱེན་དེ་རྣམས། བསྐྱར་འབྲི་བསྐྱར་བསུབ་ཀྱི་བྱེད་ཐབས་བརྒྱུད་ནས་ཐག་གཅོད་པ་ནི་མཱ་ཡོན་གྱི་ཞིབ་འཇུག་གི་དམིགས་ཡུལ་ཡིན། དཔེར་ན། ཁོའི་བརྩམས་སྒྲུང་ནང་དུ “བགྲོ་གླེང་རྣལ་མ་དེ་བཀག་རྗེས་དེའི་ཁ་ཕྱོགས་དེ། སྒྱུ་རྩལ་བརྩམས་སྒྲུང་ཁྲོད་ཀྱི་དོན་དངོས་གནས་ཡོད་མེད་ལ་མ་ལྟོས་པར་མི་སྣ་ཞིག་གམ་དངོས་པོ་བྱེ་བྲག་པ་ཞིག་བརྒྱུད་ནས་གླེང་སློང་བྱས་ཡོད།”

མཇུག་རྫོགས།


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to མཱ་ཡོན་གྱི་བོད་ཀྱི་གཏམ་རྒྱུད་ཁག འཆར་སྣང་ཁྲོད་ཀྱི་ཆག་སྒོའི་མཇུག་འབྲས་བརྗོད་པ།(ཕྱི་མ)

  1. སྦྲ་རིགས་ཐོགས་མེད་ ནས།

    རྩོམ་ཡིག་འདིའི་རིགས་ཀློག་མཁན་ལ་ངེས་པར་དུ་གནད་དོན་པའི་རྒྱབ་ལྗོངས་ཀྱི་ཤེས་ཚད་དང་རྩོམ་རིག་གཞུང་ལུགས་ཀྱི་མཐོང་ཐོས་ངེས་ཅན་ཞིག་དགོས་པས་ཀློག་མཁན་ཁ་ཤས་ལ་མཚོན་ན། རྩོམ་ཡིག་ཆ་ཚང་བཀླགས་རྗེས་ཅི་ཡང་གོ་མ་སོང་ཟེར་སྲིད།

Write a Reply or Comment

Your email address will not be published. Required fields are marked *

*