༸གོང་ས་མཆོག་ནི་མི་གཙོ་བོ་དང་མིའི་བདེ་དོན་གཙོ་བོར་འཛིན་མཁན་ཞིག་རེད།

Kunchok

བཅར་འདྲི་ཞུ་ཡུལ། ཨ་འབྲུག་དཀོན་མཆོག།
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

དྲི་བ།
གལ་སྲིད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་ནང་ཆོས་སྲུང་སྐྱོབ་གཉིས་གདམ་ཀ་ཞིག་ཡིན་པའི་དབང་དུ་བྱས་ན། ༧རྒྱལ་བ་རིན་པོ་ཆེས་གཙོ་བོ་གང་འདེམས་ཀྱི་རེད་དམ།

དྲི་ལན།
ང་རང་གིས་༸གོང་ས་མཆོག་གི་བཀའ་སློབ་དང་དགོངས་དོན་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་ཐབས་ཀྱི་ཁ་ཕྱོགས་སམ་རྩ་འཛིན་ཞིག་ནི། ༸གོང་ས་མཆོག་གིས་གང་ཞིག་གསུངས་པའི་ནང་དོན་ཕྱོགས་བསྡོམས་དང་། ཅིའི་ཕྱིར་གསུངས་པའི་དགོངས་དོན་འཚོལ་ཞིབ་བྱེད་པ་དེ་གཉིས་ཡིན། གཞི་རྩ་འདིའི་ཐོག་ནས་བཤད་ན་སྤྱིའི་ཆ་ནས་༸་གོང་ས་མཆོག་གིས་བོད་མི་རིགས་དང་ནང་བསྟན་ཆོས་ལུགས་གཉིས་ལ་གདམ་ཀའི་རང་བཞིན་གྱི་དབྱེ་ཁྱད་ཅིག་ཕྱེས་ཡོད་པ་ཁོ་བོས་མ་མཐོང་། སྤྱིར་ན་༸གོང་་མཆོག་གིས་ནང་བའི་ཆོས་ལུགས་ལུགས་འདི་བོད་པའི་ངོས་ནས་བཤད་ན་འདི་བོད་པའི་བསམ་སྤྱོད་ལ་ཤན་ཤུགས་ཆེས་ཆེ་བའི་ཆོས་ལུགས་ཙམ་མ་ཡིན་པར། བོད་པ་དུས་རབས་ཉེར་གཅིག་པའི་འཛམ་གླིེང་གི་ཤེས་ཡོན་འཕེལ་རིམ་གྱི་ཁོར་ཡུག་ཏུ་འགྲེངས་བྱེད་ཀྱི་ཤེས་ཡོན་གྱི་ཕུང་བོ་ཁྱད་པར་བ་ཞིག་ཏུ་གཟིགས་བཞིན་པ་དང་། འཇིག་རྟེན་ཁྱོན་ཡོངས་དང་འབྲེལ་བའི་ཐོག་ནས་བཤད་ན་ནང་པའི་ལྟ་གྲུབ་དེ་དེང་དུས་ཀྱི་ཤེས་ཡོན་སྤྱི་དང་ལྷག་པར་དུ་ཚན་རིག་དང་འབྲེལ་བའི་ཉམས་ཞིབ་ཀྱི་ཁྱབ་ཁོངས་གལ་ཆེན་དུ་མ་ཞིག་ཏུ་དཔྱད་གཞི་དང་དཔྱད་ཐབས་གསར་པ་མཁོ་སྤྲོད་ཐུབ་པའི་རིན་ཐང་ལྡན་པའང་གཟིགས་ཤིང་གསུངས་བཞིན་པ། དེ་ལྟ་བུའི་འགྲོ་བ་མིའི་རིགས་ཀྱི་ཤེས་ཡོན་གྱི་འཕེལ་ཕྱོགས་ལ་ཁ་གསབ་དང་བརྗེ་རེས་བྱེད་པ་དེ་བོད་ཀྱི་འགན་འཁྲི་ཞིག་དང་། བོད་ཀྱི་རིག་གཞུང་གི་རིན་ཐང་ཞིག་ཏུ་གཟིགས་ཤིང་གསུངས་བཞིན་པ་འདི་དག་ནི་༸གོང་ས་མཆོག་གི་བཀའ་སློབ་དང་དགོངས་དོན་གྱི་ནང་དུ་མི་རིགས་དང་རིག་གཞུང་གཉིས་ཀྱི་སྤོབས་པ་དང་རིན་ཐང་གི་ངོས་འཛིན་དེ་ཚད་རིམ་གཅིག་ན་ཡོད་པ་ལས་ཐ་དད་དུ་མེད་པའི་དཔེ་མཚོན་གསལ་བོ་ཧ་ཅང་གསལ་བོ་ཞིག་རེད། དེའི་ཕྱིར་༸གོང་ས་མཆོག་གིས་བོད་མི་རིགས་ཀྱི་ངོ་བོ་དང་ནང་བའི་ཆོས་ལུགས་གཉིས་ཀ་སྲུང་སྐྱོབ་བྱེད་པའི་དགོངས་པ་དང་མཛད་ཕྱོགས་ནི་དེ་གཉིས་ཉེན་ཁ་ཞིག་ལ་ཕྲད་ཀྱིན་པའི་ཉེན་ཚབས་ཀྱི་ཚོར་སྣང་གཅིག་པུ་ཙམ་མ་ཡིན་པར། དེ་གཉིས་ལ་རང་ངོས་ནས་རིན་ཐང་ཁྱད་པར་བ་ཞིག་ཡོད་པའི་ངོས་འཛིན་གྱི་ལྟ་བ་དང་འབྲེལ་ཡོད་པས༸གོང་ས་མཆོག་གིས་བོད་མི་རིགས་དང་ནང་ཆོས་གཉིས་ཀྱི་དམ་ལ་ཟབ་པའི་འབྲེལ་བ་དང་། དེ་གཉིས་ཀ་རྒྱུན་གནས་དང་འཕེལ་རྒྱས་ཀྱི་ཆེད་དུ་དགོངས་བཞེས་དང་འབད་བརྩོན་གནང་བ་ལས། གལ་ཆེ་ཆུང་གི་དབྱེ་ཁྱད་ཅིག་ཕྱེས་མི་འདུག ལར་ནས་༸གོང་ས་མཆོག་ནི་མི་གཙོ་བོ་དང་། མིའི་བདེ་དོན་གཙོ་བོར་འཛིན་མཁན་ཞིག་ཡིན་པ་ལས། ལྟ་གྲུབ་དང་ལངས་ཕྱོགས་གཙོ་བོ་འཛིན་གནང་མཁན་ཞིག་ནམ་ཡང་རེད་མི་འདུག་པས། ལྟ་བའི་ངོས་ནས་དབྱེ་ཞིབ་བྱེད་རྒྱུ་འགའ་རེ་ཡོད་ངེས་རེད། འོན་ཀྱང་ཁྱེད་ཀྱི་དྲི་བ་དེ་ནང་ཆོས་དང་བོད་མི་རིགས་གཉིས་ལས་སྤྱིར་མི་དང་རིག་གནས་གཉིས་ལས་གང་ཞིག་གཙོ་བོར་འཛིན་པ་སོགས་ཀྱི་གནད་དེ་མིན་པ་འདྲ། ལར་ནས་གལ་སྲིད་ལ་ལན་འདེབས་བྱེད་པ་དེ་ཉམས་ཞིབ་པ་ཚད་ལྡན་གྱི་བྱ་སྤྱོད་མ་རེད། གལ་སྲིད་ཅེས་པ་ནི་ཚོད་དཔག་གཞིར་བཞག་གིས་བསམ་ཚུལ་བཤད་ཁན་ཚོའི་སྤྱོད་ཚུལ་ཞིག་རེད། དེ་སྲིད་དོན་དབྱེ་ཞིབ་པ་ཚོས་བཤད་ཕྱོགས་ཤིག་རེད།

དྲི་བ།
༧གོང་ས་མཆོག་གིས་བཀའ་བསྟན་ཕྱིའི་སྐད་ཡིག་ལ་བསྒྱུར་བ་དེ་གལ་ཆེར་འཛིན་དགོས་བའི་རྒྱུ་མཚན་གང་ལ་ཐུག་གི་ཡོད་དམ།

དྲི་ལན།
ཆོས་ལུགས་རང་ངོས་ནས་བཤད་ན་བོད་ལ་ནང་བསྟན་ཆོས་ལུགས་ཆ་ཚང་བ་ཞིག་དར་སྤེལ་དང་འཕེལ་རྒྱས་རྒྱུན་འཛིན་བཅས་ཀྱི་ལམ་ལུགས་གཏན་ཆགས་པ་ཞིག་འབྱུང་ཐུབ་པའི་རྨང་གཞི་གཙོ་བོ་ནི་བཀའ་བསྟན་བོད་དུ་བསྒྱུར་བས་ཡིན་པ་དང་། བོད་བརྒྱུད་ནང་བསྟན་ལ་བོད་ཀྱི་བླ་མའི་ཆོས་ལུགས་ཅེས་པའི་ལོག་འགྲེལ་བྱས་པ་དེ་དོན་དངོས་མིན་པའི་ཁུངས་སྐྱེལ་གཙོ་བོ་ནི་བོད་ཀྱི་མཁས་པ་དག་གིས་འཆད་རྩོད་རྩོམ་གསུམ་གྱི་གཞི་འཛིན་ས་དང་ཁུངས་གཏུགས་ས་དེ་བཀའ་བསྟན་ཡིན་པ་ལ་ཐུག་ཡོད་པ་དེ་༸གོང་ས་མཆོག་གིས་ལན་མང་གསུངས་འདུག དེང་སྐབས་བོད་དང་བོད་ཀྱི་བླ་སྤྲུལ་དགེ་བཤེས་ཚོ་དང་བོད་བརྒྱུད་ནང་བསྟན་ལ་ སློབ་གཉེར་བྱེད་མཁན་གྱི་ཕྱི་མི་འགའ་བརྒྱུད་ནས་ནང་བསྟན་འཛམ་གླིང་ལ་དར་བཞིན་པའི་་འཕེལ་རྒྱས་གསར་པ་འདི་ལ་གཞི་འཛིན་ས་ཞིག་མེད་ན་ཉེན་ཁ་ཆེན་པོ་ཡིན་པའང་ཁོང་གིས་སྐབས་འགའ་ཞིག་ཏུ་གསུངས་འདུག་པས་གནད་འགག་དེ་ཚོ་དང་ཡང་འབྲེལ་བ་ཡོད་ངེས་རེད། དེ་བཞིན་དུ་ཤེས་ཡོན་གྱི་ངོས་ནས་བཤད་ན་འཛམ་གླིང་ཤར་ནུབ་དང་གནའ་དེང་གི་ཤེས་ཡོན་གྱི་བརྗེ་རེས་སམ་ཚན་རིག་དང་སེམས་དོན་རིག་པ་གཉིས་ཟུང་འབྲེལ་གྱིས་འགྲོ་བ་མིའི་རིགས་ཀྱི་ཤེས་ཡོན་དང་ཤེས་རབ་ཀྱི་འཇུག་པ་མཐའ་རྒྱ་གསར་པ་ཞིག་ཏུ་བསྐྱེད་པའི་ཁོང་གི་དགོངས་པ་དང་མཛད་ཕྱོགས་ལའང་འབྲེལ་བ་ཡོད་ངེས་རེད། འཛམ་གླིང་འདི་སྲིད་དོན་གྱི་ལྟ་བའི་ཐད་ནས་ཕན་ཚུན་ཁ་གཏད་དུ་ལངས་གྲང་དམག་གི་དུས་སྐབས་སུ་ཚན་རིག་པ་ཚོས་ཕན་ཚུན་་ཤེས་ཡོན་གྱི་ཐད་ནས་མཉམ་ལས་བྱེད་པའི་འདུན་པ་དང་ཆོད་སེམས་བསྟན་ལ་༸གོང་ས་མཆོག་གིས་ཡིད་སྨོན་གནང་མྱོང་འདུག དེས་ན་ཤེས་ཡོན་ནི་རང་ངོས་ནས་རྒྱལ་མཚམས་མེད་པ་ཞིག་ཡིན་པ་དང་། ༸གོང་ས་མཆོག་གིས་ཁོང་ཉིད་ཞལ་ཞེ་གཉིས་མེད་ཀྱི་རྒྱལ་སྤྱིའི་རིང་ལུགས་པ་ཞིག་ཡིན་པ་ཁོང་ཉིད་ཀྱིས་གསུངས་འདུག་པ་སོགས་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་བསམ་བློ་བཏང་ན། ལས་དོན་འདི་ཁོང་གི་གལ་ཆེན་དུ་གཟིགས་བཞིན་པ་དེ། ཤེས་ཡོན་རང་ངོས་ཀྱི་ཁྱད་ཆོས་དང་། མིའི་རིགས་ཀྱི་ཤེས་ཡོན་གྱི་འཕེལ་རྒྱས་དང་དེང་གི་སྤྱི་ཚོགས་ཀྱི་དགོས་མཁོའི་ཐད་ཀྱི་ཁོང་གི་གཟིགས་ཕྱོགས་དང་མཛད་ཕྱོགས་ལ་འབྲེལ་བ་ཡོད་པ་རེད། ཟུར་དུ་བཤད་དགོས་པ་ཞིག་ལ་༸གོང་ས་མཆོག་གིས་བོད་དང་བོད་ཀྱི་སྤྱི་ཚོགས་ལ་ཕྱོགས་པའི་བཀའ་སློབ་ལམ་སྟོན་དག་གི་ངོས་ནས་བཤད་ན་ཁོང་གིས་བོད་མི་ཚོས་རང་གི་ཪིག་གཞུང་གཞན་ལ་ཁྱབ་སྤེལ་བྱེད་རྒྱུ་ལས་ཀྱང་གཞན་གྱི་ཤེས་ཡོན་སྦྱོང་བ་དང་རང་སྐད་དུ་བསྒྱུར་རྒྱུའི་ཐད་བརྡབ་མང་པོས་ནན་གསུངས་དང་སྐུལ་འདེད་བྱས་འདུག

དྲི་བ།
༧གོང་ས་མཆོག་གིས་བོད་ཀྱི་རིག་གཞུང་ཟེར་ན་ནང་པའི་ཆོས་གཅིག་པོར་བལྟ་གི་ཡོད་དམ།
དྲི་ལན།
༸གོང་ས་མཆོག་གིས་སྐབས་མང་པོ་ཞིག་ཏུ་ཆོས་ལུགས་དང་རིག་གཞུང་གཉིས་ཀྱི་བར་ཁྱད་ཐད་ཁོང་གི་གཟིགས་ཕྱོགས་གང་ཡིན་པ་དེ་ཁ་གསལ་བོས་གསུངས་མྱོང་། ཁོང་གིས་ཆོས་དད་ནི་མི་སྒེར་གྱི་གནད་དོན་ཞིག་ཡིན་པ་དང་། རིག་གཞུང་ནི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཡིན་པའི་ངོས་འཛིན་གནང་ཞིང་། ཁོང་གིས་ཆོས་དད་ཡོད་མེད་དང་ཆོས་ལུགས་གང་ཞིག་ལ་དད་པ་བྱེད་མིན་སོགས་ནི་མཐའ་གཅིག་ཏུ་མི་སྒེར་གྱི་གནད་དོན་ཞིག་ཡིན་རུང་། སྤྱི་ཚོགས་དང་འབྲེལ་བའི་རིག་གཞུང་རྒྱུན་འཛིན་དང་ཁྱབ་སྤེལ་བྱེད་རྒྱུ་གལ་ཆེན་དུ་གཟིགས་བཞིན་པ་རེད། ནང་ཆོས་ནི་རང་ངོས་ནས་འཛམ་གླིང་ཡོངས་ཁྱབ་ཀྱི་ཆོས་ལུགས་ཤིག་ཡིན་པ་ལས་དེ་མཐའ་གཅིག་ཏུ་བོད་ཀྱི་རིག་གཞུང་ཞིག་རེད་ཅེས་བརྗོད་དཀའ་ཡང་ནང་ཆོས་ཀྱིས་བོད་ལ་རིག་གཞུང་ཞིག་བསྐྲུན་པའམ་བོད་ལ་ནང་བའི་ཆོས་དང་འབྲེལ་བའི་རིག་གཞུང་ཞིག་ཆགས་ཡོད། དེའི་ཕྱིར་༸གོང་ས་མཆོག་གིས་ནང་ཆོས་ཀྱི་ཤན་སྟོབས་ལས་བྱུང་བའི་བོད་མིའི་བསམ་སྤྱོད་དང་གོམས་སྲོལ་རིན་ཐང་ཅམ་མང་པོ་ཞིག་ཡོད་པར་གཟིགས་ཤིང་གསུངས་བཞིན་པ་རེད། དེ་གནད་འགག་གཅིག་རེད། ཡང་ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་གིས་སྐབས་འགའ་ཞིག་ཏུ་ནང་ཆོས་དང་མ་འབྲེལ་བའི་བོད་ཀྱི་འཚོ་བ་སྐྱེལ་སྟངས་ཁག་ལ་དམིགས་བསལ་གྱིས་ཞིབ་འཇུག་བྱེད་ཐུབ་ན་་ཞེས་པའི་ཐུགས་རེའང་གནང་མྱོང་འདུག མ་གཞི་༸གོང་ས་མཆོག་ནི་རིག་གནས་ལྟ་བ་སྣ་མང་མཉམ་གནས་ལ་རྒྱབ་སྐྱོར་གནང་མཁན་ཞིག་རེད། དེའི་ཕྱིར་ཁོང་གིས་ཁ་གསལ་བོས་མ་གསུངས་པ་ཙམ་གྱིས་དེ་ཁོང་གི་དགོངས་པ་མ་མཐུན་པའམ་དགོངས་པའི་ནང་མེད་པར་བཤད་ཐུབ་ཀྱི་མ་རེད།

(ཕྱི་ལོ་༡༩༩༧ ལོར་རྒྱ་གར་དུ་འབྱོར་ཞིང་ལོ་ངོ་བརྒྱད་ཙམ་གྱི་རིང་ཀིརྟིའི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས་ཏེ་རབ་འབྱམས་པའི་མིང་བཏགས་བླངས། དེ་ནས་ལོ་ངོ་གསུམ་ཙམ་གྱི་རིང་ལ་སློབ་གླིང་དེ་རུ་སློབ་ཁྲིད་དང་རྩོམ་སྒྲིག སློབ་ཚན་བསྐྱར་ཞིབ་སོགས་ཀྱི་ལས་ཀ་བྱས། ཕྱི་ལོ་༢༠༠༢་ཙམ་ནས་༸གོང་ས་མཆོག་གི་བཀའ་སློབ་དགོངས་དོན་ལ་རང་ངོས་ནས་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་མགོ་བཙུགས་ཤིང་། ཕྱི་ལོ ༢༠༠༩ ནས་ ༢༠༡༡་ བར་ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་སློབ་གཉེར་བའི་ཁོངས་སུ་༸གོང་ས་མཆོག་གི་ཤེས་ཡོན་དང་འབྲེལ་བའི་བཀའ་དགོངས་སྐོར་ལ་ཉམས་ཞིབ་བྱས་ཤིང་། ཞོར་དུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཉམས་ཞིབ་ཀྱི་བརྗོད་གཞི་དང་འབྲེལ་བའི་འཆད་ཁྲིད་དང་སྙན་ངག་དང་བརྡ་སྤྲོད་སོགས་སློབ་ཁྲིད་ལོ་ངོ་གཉིས་ཙམ་གྱི་རིང་ལ་བྱས། ད་ལྟ་རྒྱ་གར་ལྷོ་ཕྱོགས་བྷང་ལོར་དུ་ཡོད་པའི་༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སྙན་ངག་དང་རྩོམ་རིག་གི་དགེ་རྒན་བྱེད་མུས་ཡིན།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to ༸གོང་ས་མཆོག་ནི་མི་གཙོ་བོ་དང་མིའི་བདེ་དོན་གཙོ་བོར་འཛིན་མཁན་ཞིག་རེད།

  1. བོན་རྒྱ་བསྟན་འཛིན་རབ་རྒྱས་ ནས།

    ༸གོང་ས་མཆོག་གིས་གང་ཞིག་ན་བཀའ་བསྟན་ཕྱི་བསྒྱུར་གལ་ཆེན་དུ་བཟུང་འདུག རྒྱལ་སྤྱིའི་རིང་ལུགས་པ་ངོ་མ་ཡིན་ན་བཀའ་བསྟན་ཕྱི་ཡིག་ལ་བསྒྱུར་དགོས་སམ།

  2. སྦྲ་རིགས་ཐོགས་མེད་ ནས།

    ༧་གོང་ས་མཆོག་ལ་ཞིབ་འཇུག་བྱེད་མཁན་གྱི་བོད་མི་ཞིག་ལ་མཚོན་ན། ཤེས་རབ་ལས་ཀྱང་སྙིང་སྟོབས་གལ་ཆེན་ཡིན།

  3. ཁང་ཟླ་སྲས་ ནས།

    བོན་བརྒྱས་ཅི་ཟེར་གྱི་ཡོད་རེད། སྦྲ་རིགས་ཀྱིས་ཅི་ཞིག འདོད་ཀྱི་ཡོད་རེད། སྔ་མས་ཕལ་ཆེར་བཀའ་ཡོད་ཚད་རང་གིས་མཐོང་འདུག་བྱས་པ་མིན་འགྲོ། ཕྱི་མས་ནི་རང་ཉིད་དྲང་པོ་ཞེ་དྲག་ཡིན་པའི་ཕྱོགས་བཟུང་འདུག་པ་འདྲ། གང་ལྟར་ཨ་འབྲུག་ལགས་ལ་ཡི་རངས་ཡོད། ཁྱོད་འདྲ་བ་དེང་སང་མང་པོ་མི་འདུག དེ་བས་ཀྱང་བཙན་བྱོལ་བོད་མིའི་ཁྲོད་ན་་་་ཁ་ཁུ་སིམ་པོར་རིག་གཞུང་དང་མི་རིགས་བསམས་མཁན་དཀོན་ཙམ་གདའ།

Write a Reply or Comment

Your email address will not be published. Required fields are marked *

*