རྟོག་སྒྲུང་<<གསེར་བསྒྱུར་མཁན་ >>ཞེས་པ་བཀླགས་པ།

71SXCz3ckRL

སྐལ་བཟང་ཉི་མ།

མཚམས་སྦྱོར་མདོར་བསྡུས།
རྟོག་སྒྲུང་<<གསེར་བསྒྱུར་མཁན>>ཞེས་པ་ནི་སྒྲུང་བ་གྲགས་ཅན་པོ་ལོ་ ཁུ་ལོ་(Paulo Coelho)ཡིས་ཕོར་ཆོའི་གྷལ་སིའི་(Portuguese)ནང་བདུན་ཕྲག་གཅིག་གི་རིང་བརྩམས་གྲུབ་པར་བྱས་པ་དང་། ཐོག་མར་སྤྱི་ལོ་༡༩༨༨ལོར་པར་བསྐྲུན་བགྱིས། དེ་ནས་སྐད་ཡིག་ང་དྲུག་ཏུ་བསྒྲུར་གྲུབ། མཚོན་བྱེད་ཅན་གྱི་རྟོག་སྒྲུང་འདི་ཡིས་མིང་ལ་སན་ཤི་ཡ་གྷོ་(Santiago)རུ་འབོད་པའི་ཨན་ཌ་ལ་ཤི་ཡན་(Andalusian)པའི་ལུག་རྫི་བུ་ཆུང་ཞིག་གི་རྨི་ལམ་གྱིས་ཁོང་ལ་ཡང་དང་བསྐྱར་དུ་སྦས་ནོར་ཞིག་བརྙེད་དུ་ཡོད་པར་བསྟན་པ་ཇི་བཞིན་ཨེ་ཇིབ་ལ་འགྲུལ་བསྐྱོད་བྱས་པའི་བྱུང་རིམ་གྱི་སྣེ་ལ་འཇུས་ཏེ་མཐར་བསྐྱལ་ཡོད།

སྒྲུང་དེབ་འདི་རྒྱལ་སྤྱིའི་དཔེ་དེབ་བྲིན་ཤོས་སུ་གྱུར་བ་མ་ཟད་ཧྤ་རན་སིའི་པར་ཁང་གིས་བརྗོད་པ་ལྟར་ན་རྟོག་སྒྲུང་འདིའི་དཔེ་དེབ་སྐད་རིགས་མི་འདྲ་བ་ང་དྲུག་གི་སྐད་ལ་བསྒྱུར་ཏེ་དེབ་གྲངས་ས་ཡ་སུམ་ཅུ་བྲིན་པས། ལོ་རྒྱུས་སྟེང་གི་དཔེ་དེབ་བྲིན་ཤོས་དང་རྩོམ་པ་པོ་གསོན་ཐོག་ཏུ་སྐད་རིགས་གཞན་དུ་བསྒྱུར་མང་ཤོས་ཀྱི་རྒྱལ་སྤྱིའི་ཇཱེ་ནེ་སིའི་ཟིན་ཐོར་བཀོད་པའི་རྒྱལ་ཁ་ཐོབ་ཡོད།
རྩོམ་པ་པོ་མཚམས་སྦྱོར་མདོར་བསྡུས།

པོ་ལོ་ཁོ་ལྷོ་(Paulo Coelho)མཆོག་ནི་ནུབ་ཕྱོགས་ཡོ་རུབ་ཀྱི་རྒྱལ་ཁབ་བྷི་ར་རྫིལ་(Brazil)དུ་སྤྱི་ལོ་༡༩༤༧ ལོར་སྐུ་བལྟམས་ཤིང་། ཆུང་དུས་ནས་ཁོས་ཡུམ་ལ་རང་ཉིད་རྩོམ་པ་པོ་ཞིག་བྱེད་འདོད་ཚུལ་བརྗོད་མྱོང་ལ། སྤྱི་ལོ་༡༩༨༢ལོར་ཁོང་གི་བརྩམས་ཆོས་ཆེས་ཐོག་མ་དེ་འདོན་སྤེལ་བྱས། ཁོང་གི་བརྩམས་ཆོས་ཁག་འཛམ་གླིང་སྟེང་གི་སྐད་ཡིག་བརྒྱད་ཅུ་ལྷག་གི་ནང་བསྒྱུར་ཏེ་རྒྱལ་ཁབ་༡༧༠ལྷག་གི་ནང་གྲངས་ས་ཡ་༡༤༥ལྷག་བཙོངས་མྱོང་བས། ཁོང་ནི་ཕལ་ཆེར་འཛམ་གླིང་ཀུན་གྱིས་བཀླགས་དང་ཀློག་བཞིན་པའི་རྩོམ་པ་པོ་ཞིག་ཡིན། ཁོང་གི་བརྩམས་ཆོས་ལ་<<མཇལ་བ་>>དང་<<ཝེ་རོ་ནི་ཀས་རང་ཤི་རྒྱག་པར་ཐག་བཅད་པ།>> <<པོར་ཁྲོ་བྷེ་ལོ་ཡི་གདོན་མོ།>> <<སྐར་མ་བཅུ་གཅིག་>>སོགས་བསྡོམས་པས་སུམ་ཅུ་ཡོད་ལ། དེ་དག་ལས་གསེར་བསྒྱུར་མཁན་ཞེས་པའི་རྟོག་སྒྲུང་གིས་སྤྱི་ལོ་༢༠༠༩ལོར་འགྱུར་མང་ཤོས་ཀྱི་འཛམ་གླིང་ཇེ་ནེ་སི་ཟིན་ཐོ་བཀོད་དེ་ཁོང་འཛམ་གླིང་ལ་གྲགས་པར་བྱས། སྤྱི་ལོ་༢༠༠༧ལོར་ཁོང་ལ་ཞི་བདེའི་ཕོ་ཉ་ཞེས་པའི་མཚན་སྙན་ཐོབ།

བྱུང་རིམ་སྙིང་བསྡུས།

མིང་ལ་སན་ཤི་ཡ་གྷོ་ཟེར་བའི་བུ་ཆུང་ལུག་རྫི་ཞིག་ཡོད་པར་སྦས་ནོར་བརྙེད་པའི་རྨི་ལམ་ཞིག་བསྐྱར་ཟློས་ཡང་ཟློས་ཀྱིས་གཏོང་གིན་ཡོད་ལ། ཁོས་མ་རྒན་ཞིག་ལ་རང་གི་རྨི་ལམ་འགྲེལ་བརྗོད་བྱེད་པར་སྐུལ་མ་བྱས་པར་ཡ་མཚན་པ་ཞིག་ལ་མ་རྒན་དེས་ཁོ་ཨེ་ཇཱིབ་ལ་འགྲོ་དགོས་པར་བཤད། ཁོས་རྨི་ལམ་དེ་ལ་ཡིད་ཆེས་ཀྱིས་ཨེ་ཇཱིབ་ཀྱི་གཏོར་གཟུགས་མཆོད་རྟེན་འགྲམ་བར་དུ་འགྲུལ་བཞུད་ཀྱིས་སྦས་ནོར་བསྔོག་འདོན་བྱ་རྒྱུ་ཐག་བཅད། དེ་ནས་བུ་ཆུང་དེ་མིང་ལ་མལ་ཆིའི་རྫི་གྲགས་(Melchizedek)ཟེར་ཞིང་རང་ཉིད་ས་ལམ་(Salem)གྱི་རྒྱལ་པོ་ཡིན་པར་རློམ་པའི་སྒྱུ་མ་མཁན་བགྲེས་སོང་ཞིག་དང་འཕྲད་དེ་ལུག་བཙོང་ནས་ཕྲན་ཇིར་(Tangier)ལ་སོང་། དེ་རུ་རྐུན་མ་ཞིག་གིས་ཁོའི་དངུལ་ཆ་ཚང་བརྐུས་པ་དང་ཁོས་ཡུལ་དེའི་ཤེལ་ཕོར་ཚོང་མཁན་ཞིག་གི་ཚོང་ཁང་དུ་གཡོག་ལས་བྱས། ཁོས་ལོ་གཅིག་གི་ནང་དུ་ཚོང་པ་དེར་ཚོང་ལས་ཀྱི་སྙིང་སྟོབས་འཕེལ་དུ་བཅུག་པ་མ་ཟད་ཁོ་རང་ཉིད་ཀྱང་ཕྱུག་པོ་བཟོས། སླར་ཡང་སན་ཤི་ཡ་གྷོ་ཡིས་རང་གི་ཡོང་སྒོ་མཐའ་དག་ཕུལ་ཏེ་གཏོར་གཟུགས་མཆོད་རྟེན་གྱི་འགྲམ་དུ་སོང་ནས་སྦས་ནོར་བཙལ་ཏེ་རང་གི་མི་ཚེ་ཡི་རྟོག་སྒྲུང་མཐར་བསྐྱལ་རྒྱུར་དམ་བཅས། དེ་ནས་ཁོ་ས་ཧ་ར་(Sahara)བྱེ་ཐང་བརྒལ་ཏེ་ཨེ་ཇཱིབ་ཀྱི་ཕྱོགས་སུ་འགྲོ་བའི་འགྲུལ་ཚོ་ཞིག་དང་བསྡེབས་ནས་ལམ་ལ་ཆས་ཤིང་། དེའི་ཁྲོད་དུ་ཁོ་དབྱིན་ཇི་བ་(Englishman)ཞིག་ལ་འཕྲད་པ་དང་། ཁོས་དབྱིན་ཇི་བ་དེ་ས་ཧ་རན་ འོ་སི་སུ་ལ་ལོ་ཉིས་བརྒྱ་སོན་པའི་མངོན་རྟོག་སྨྲ་བ་བོ་ཞིག་སྡོད་པ་དེ་འཚོལ་དུ་འགྲོ་བཞིན་པ་ཤེས། འོན་ཀྱང་བྱེ་ཐང་གི་འཐབ་འཛིང་གི་རྐྱེན་པས་ཁོང་ཚོ་ཨལ་ཧྥ་ཡོམ་(Al-Fayoum)དུ་སྡོད་དགོས་བྱུང་ལ། དེ་རུ་ཁོ་དང་བྱེ་ཐང་གི་བུ་མོ་ཧྥེ་ཁྲི་མ་(Fatima)ཟེར་བ་ཞིག་གཉིས་ཀྱི་བར་ལ་བརྩེ་དུང་གི་མྱུ་གུ་འབུས། ཁོས་རྟགས་དང་མཚན་མར་བལྟས་ཏེ་ཨོ་སི་སི་ལ་ཚུར་རྒོལ་བྱེད་རྒྱུ་ཡིན་པ་ཤེས་ཏེ་སྡེ་ཤོག་གི་མགོ་བར་བརྡ་ལན་སྤྲདཅིང་རྒྱལ་ཁ་བླངས། ལོ་ཉིས་བརྒྱ་ཅན་གྱི་མངོན་རྟོག་སྨྲ་བ་བོ་ཡིས་སན་ཤི་ཡ་གྷོ་གནས་དེར་འབྱོར་ཡོད་པ་ཤེས་ཏེ་ཁོང་གཉིས་འཕྲད་པར་བྱས་པ་དང་། བུ་ཆུང་ལ་རང་རང་གི་སྙིང་གི་འཕར་ལྡིང་ལ་ཉན་པ་དང་རང་གི་མི་ཚེ་ཡི་རྟོག་སྒྲུང་མཐར་བསྐྱལ་བའི་དགོས་གལ་སྐོར་བསླབས།

ཁོང་གིས་ཧྥེ་ཁྲི་མ་དང་འགྲུལ་ཚོ་བཞག་ནས་གཏོར་གཟུགས་མཆོད་རྟེན་འགྲམ་ལ་འགྲོ་ཨུ་ཚུགས་མཐར་བསྐྱལ་བྱས་པ་མ་ཟད། ཁོག་རང་ཉིད་ཀྱིས་ལྷན་དུ་འགྲོ་བསྐྱོད་བྱ་རྒྱུ་ཁས་བླངས། ཁོང་གཉིས་བྱེ་ཐང་དུ་འགྲུལ་བཞུད་བྱེད་ཡུན་ལ་མངོན་རྟོག་སྨྲ་བ་བོ་ཡི་ཁོང་གི་འཇིག་རྟེན་གྱི་སྲོག་སྙིང་སྐོར་གྱི་ཤེས་བྱ་མཐའ་དག་བུ་ཆུང་དེ་ལ་བུམ་པ་གང་བྱོའི་ཚུལ་གྱིས་བསླབས། ཁོང་གཉིས་གཏོར་གཟུགས་མཆོད་རྟེན་གྱི་འགྲམ་དུ་སླེབས་པར་ཉི་མ་འགའ་ལས་མེད་པའི་མཚམས་དེར་ཨ་རེབ་(Arab)ཀྱི་དམག་དཔུང་སྐོར་ཁག་ཅིག་གིས་བཟུང་། ཁོང་གཉིས་ཀྱི་ཚེ་སྲོག་ཉེན་ཁ་ལས་ཐར་ཆེད་མངོན་རྟོག་སྨྲ་བ་བོ་ཡིས་སན་ཤི་ཡ་གྷོ་ཡི་དངུལ་སྒོར་ཡོད་ཚད་སྤྲད་པ་དང་། དམག་མི་ཚོར་སན་ཤི་ཡ་གྷོ་ནི་རང་ཉིད་ཉིན་གསུམ་གྱི་ནང་རླུང་ལ་བསྒྱུར་ཐུབ་མཁན་གྱི་མངོན་རྟོག་སྨྲ་བ་བོ་ནུས་མཐུ་ཅན་ཞིག་ཡིན་པར་སྨྲས་ལ། ཐབས་ཤེས་དེ་ལ་བརྟེན་ནས་ཁོང་གཉིས་དེ་དག་གི་ལག་ནས་ཐར་ཏེ་མངོན་རྟོག་སྨྲ་བ་བོ་ཡིས་གཏོར་གཟུགས་མཆོད་རྟེན་ལ་སླེབས་པར་ཆུ་ཚོད་ཁ་ཤས་ལས་མེད་པའི་བར་དུ་མུ་མཐུད་འགྲོ་རོགས་བྱས། དེ་རུ་ཁོས་སན་ཤི་ཡ་གྷོ་ལ་མཚན་ཉིད་རིག་པ་བའི་རྡོ་ཞེས་པ་བརྒྱུད་ནས་རང་གི་གསེར་ལ་བསྒྱུར་བའི་འཇོན་ནུས་དེ་དངོས་སུ་བསྟན་པ་དང་གསེར་སྤྲད་དེ་འགྲོ་རུ་བཅུག སན་ཤི་ཡ་གྷོ་ཡིས་སྦར་ནོར་འཚོལ་ཕྱིར་གཏོར་གཟུགས་མཆོད་རྟེན་ཞབས་མཐིལ་བསྔོགས། འོན་ཀྱང་མི་གཉིས་ཁོ་བཟུངསྟེ་ཉེས་རྡུང་བཏང། མི་དེ་གཉིས་ཀྱི་གཅིག་གིས་ཁོས་ཀྱང་སན་ཤི་ཡ་གྷོ་རྨི་ལམ་རྨས་པའི་ཤི་པན་གྱི་ཡུལ་དེར་སྦས་ནོར་ཡོད་པ་རྨི་ལམ་བཏང་ཚུལ་ལོ་རྒྱུས་བཤད་པ་དང་། སན་ཤི་ཡ་གྷོ་ཕྱིར་སི་པན་དུ་ལོག་པ་དང་དེ་ནས་སྐེ་རྒྱན་དང་གསེར་འཁྱེར་ཏེ་ཨལ་ཧྥ་ཡོམ་ལ་སོང་ནས་ཁོང་ལ་རེ་སྒུག་བྱེད་བཞིན་པའི་ཧྥེ་ཁྲི་མ་དང་མཉམ་འཛོམས་བྱ་རྒྱུའི་གྲ་སྒྲིག་བྱས།

སྒྲུང་གི་ཕྱི་ནང་གི་བཀྲམས་སྟོན་བསྡུས་བརྗོད།

རྟོག་སྒྲུང་འདི་ཡི་ནང་རིམ་ན་ཐོག་མར་ལུག་རྫི་སན་ཤི་ཡ་གྷོ་ཡི་མི་ཞིག་གི་རྨི་ལམ་ནི་ཅི་ཞིག་ཡིན་མིན་དང་མི་ཞིག་གིས་རང་ཉིད་ཀྱི་རྨི་ལམ་མངོན་འགྱུར་བྱ་ཐུབ་མིན་གྱི་འཕྲུལ་སྣང་ཞིག་བརྗོད་པ་ལྟ་བུར་སྣང་ཡང་། དེ་ནི་དོན་ངོ་མར་གསེར་བསྒྱུར་མཁན་གྱི་མཚན་ཉིད་དགོངས་པ་ཡིན་ལ། རྩོམ་པ་པོའི་དེ་ལྟ་བུའི་མཚན་ཉིད་ཀྱི་བསམ་བློ་གཏིང་ཟབ་ཅིག་གི་བཀོད་སྒྲིག་འོག་རིམ་བཞིན་མི་ཡི་ལས་དབང་དང་། མི་ཡི་གཉུག་སེམས། ཚེ་སྲོག་གི་རིན་ཐང་། འཇིག་རྟེན་གྱི་དོན་སྙིང་། བྱེ་ཐང་། གསེར་བསྒྱུར་སོགས་ཅི་ཞིག་ཡིན་མིན་གྱི་དྲི་རྟགས་མང་པོ་དང་སན་ཤི་ཡ་གྷོ་ཡི་བསམ་བློའི་འགལ་ཟླ་མང་པོ་ཞིག་ཁ་འཐབ་ཀྱིས་ཡར་བསླངས་པ་དང་། དེ་ལྟའི་འགྱུར་ལྡོག་དང་འཚོལ་སྙེག ཉེན་མཆོང་བཅས་ལས་ཁོས་སྦས་ནོར་ལྟ་བུའི་ཚེ་སྲོག་གི་མངའ་ཐང་ཞིག་མངོན་འགྱུར་སླད་ས་ལམ་གྱི་རྒྱལ་པོ་དང་། ཚོང་པ། བྱེ་ཐང་གི་དབྱིན་ཇི་བ། ཧྥེ་ཁྲི་མ་སོགས་ཀྱི་མི་ཚེའི་མྱོང་བའི་སྦས་ནོར་བསྔོག་འདོན་གྱིས་རང་གི་མི་ཚེ་གསེར་བསྒྱུར་གྱི་བགྲོད་ལམ་ཡངས་བར་ཕྱེ་ཞིང་། ཐ་མར་དཀའ་སྤྱད་སྡུག་རུས་ཀྱི་འོག་ནས་གསེར་བསྒྱུར་མཁན་ལ་གཏུགས་པ་དང་། ཁོང་གིས་རང་གི་རྨི་ལམ་མངོན་འགྱུར་གྱི་གེགས་ཁོ་ན་ནི་རྒྱལ་ཁ་མི་ཐོབ་པར་སྐྲག་པ་དེ་ཡིན་པ་ར་སྤྲད་པ་སོགས་མི་ཚེ་གསེར་བསྒྱུར་དང་རང་གི་བསམ་བློའི་སྦས་ནོར་བསྔོག་འདོན་གྱི་ཐབས་སྣ་ཚོགས་འཚོལ་སྙེག་གི་གོ་རིམ་ཧྲིལ་བོ་ཞིག་བརྗོད་ཡོད་ལ།
ཕྱི་རིམ་གྱི་ཐད་ནས་རྩོམ་པ་པོས་ལུག་རྫི་སན་ཤི་ཡ་གྷོ་ཡི་འགྲུལ་བཞུད་ཀྱི་བྱུང་རིོམ་ཇི་བཞིན་པར་བཀོད་ཡོད་ཕྱིར། ཀློག་པ་པོ་ལ་ཇི་འདྲའི་གོ་སླ་བའི་སྣང་བ་ཞིག་ཤར་མོད། སྒྲུང་གི་རྒྱུད་སྐུད་ངོ་མ་ནི་དེ་ལྟའི་ཕྱི་ཡི་གཏམ་རྒྱུད་ཀྱི་གཟུགས་སྣང་རགས་པ་དེ་ཡི་ཐོག་ན་མེད་པར། སྒྲུང་གི་མི་སྣ་གཙོ་བོ་ཡི་འགྲུད་བཞུད་ཁྲོད་ཀྱི་དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ་རེ་རེའི་སྟེང་གི་ཡིད་ཁམས་བཀོད་འབྲིའི་ཐོག་ཏུ་(བརྩམས་སྒྲུང་འདི་ཡི་ཁ་ཚིག་ལྟར་བརྗོད་ན་)“སྦར་ནོར་”ལྟར་བཞག་ཡོད་པ་དེ་ལགས་ན། ཀློག་པ་པོ་ཞིག་གིས་སྒྲུང་འདིའི་སྒྲིག་གཞིའམ་སྒྱུ་རྩལ་ཐབས་འཕྲུལ་ཀྱི་ཐད་ནས་ཉམས་འཇོག་དགོས་སའང་འདི་རེད་འདོད་ཅིང་། དེ་ལྟའི་སྒྱུ་འཕྲུལ་གྱི་ཀློང་ཡངས་སུ་སེམས་ཁམས་འབྲི་ཐབས་ཐད་འཕྲུལ་སྣ་ཚོགས་བསྟན་ཡོད་པ་ལས་ཡིད་དབང་འཕྲོག་པ་གཅིག་ནི་སན་ཤི་ཡ་གྷོ་ཁོ་རང་ཉིད་དང་ཁོའི་སེམས་པ་གཉིས་དབར་གྱི་ཁ་བརྡ་བརྒྱུད་ནས་ཁོའི་ནང་སེམས་ཀྱི་རྟོགས་རིགས་ཕྲ་མོ་དག་ཐད་བརྗོད་བྱས་པ་དེ་ལ། དེ་ལྟར་མི་ཞིག་གི་མི་ཚེ་ཡི་འགྱུར་ལྡོག་དང་འཚོལ་སྙེག ཉེན་མཆོང་བཅས་ཀྱི་སྐབས་ཐོག་གི་ཡིད་ཁམས་བསྔོགས་འདོན་དང་བཀྲམས་སྟོན་ལ་ཤུགས་སྣོན་བྱས་པའི་སྒྱུ་རྩལ་གྱི་ཐབས་འཕྲུལ་འདི་ཡིས་རྟོག་སྒྲུང་འདི་ལ་ནུབ་ཕྱོགས་ཀྱི་དེང་རབས་རྩོམ་རིག་གི་བརྩམས་ཆོས་ཡག་ཤོས་ཤིག་གི་གོ་འཕང་ཐོབ་པར་བྱས་སོ།

མདོར་ན་རྟོག་སྒྲུང་འདི་ཡིས་རྩོམ་པ་པོ་ཁོ་རང་ཉིད་ཀྱིས་བརྗོད་པ་ལྟར། རང་གི་ང་ཚོས་རང་གཉུག་སེམས་ལ་ཉན་འཇོག་(ཐོས་བསམ།)བྱེད་པའི་ཤེས་རབ་དང་། མི་ཚེའི་རྒྱུད་ལམ་སྟེང་གཅལ་དུ་བཀྲམས་པའི་མཚན་མ་(སྔ་ལྟས།)ཤེས་རྟོགས་བཅས་ཀྱི་དོན་སྙིང་ཕྱིར་མཚོན་བྱས་སོ།།


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to རྟོག་སྒྲུང་<<གསེར་བསྒྱུར་མཁན་ >>ཞེས་པ་བཀླགས་པ།

  1. ཁང་གསར་ཀརྨ་བསྟན་འཛིན་ ནས།

    དཔེ་དེབ་ཀྱི་མཚམས་སྦྱོར་གནང་བར་བཀའ་དྲིན་ཆེ། དེ་དེ་བཞིན་གྱི་དཔེ་དེབ་ཀྱི་མཚམས་སྦྱོར་མང་ཙམ་ཞིག་ཡོད་ན་ཡག་པོ་འདུག

  2. རྐ  འོད་ཟེར་ ནས།

    སྐུ་ཉིད་ཀྱིས་དེབ་འདི་བསྒྱུར་བརྩིས་ཡོད་དམ།

Write a Reply or Comment

Your email address will not be published. Required fields are marked *

*