ས་ཁྲ་གང་རུང་ཞིག་གི་སྟེང་དུའང་མེད་།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བསྟན་འཛིན་བསོད་ནམས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ངས་ཅི་ཙམ་ཕྱིར་དྲན་བྱེད་ཐུབ་པ་དེ་ནས་ངས་ཕ་ཡུལ་ཞེས་བོས་པའི་ས་ཆ་དེ་དག་ཕ་ཡུལ་ངོ་མ་མིན་པ་ངས་ཤེས་ཤིང་། ང་སྐྱེས་ས་དང་ཆུང་དུས་ལོ་མང་རིང་བསྡད་ས་རྡར་རྗེ་གླིང་དུ་དུས་རྒྱུན་ང་ཚོའི་ཕ་ཡུལ་ངོ་མ་ནི་བོད་ནང་དུ་བཞག་ཡོད་པ་དང་མཐོ་ཞིང་བརྗིད་པའི་གངས་ཅན་ཇོན་གྷའི་རི་རྒྱུད་བརྒལ་མ་ཐག་གི་དེའི་གྲིབ་གཟུགས་ཕོག་ས་དེར་ང་ཚོ་འཚོ་སྡོད་བྱས་ཡོད་ཅེས་བརྗོད་པས་སྐབས་འཕྲལ་ཞིག་ཏུ་ཚོར་གྱིན་ཡོད་ལ། བོད་ནས་གསར་དུ་བྲོས་བྱོལ་བྱས་པའི་ཉེ་འབྲེལ་རྣམས་དང་ངོ་ཤེས་མང་པོ་ཞིག་ཕར་འགྲོ་ཚུར་ཡོང་བྱེད་པ་དེས་ང་ལ་ངའི་ཕ་མ་གཉིས་ཀས་ཀྱང་ཁོང་ཚོའི་ནང་མི་རྣམས་རྒྱབ་ཏུ་བཞག་ནས་འདི་ལྟར་ཧི་མ་ལ་ཡ་བརྒལ་ཏེ་འགྲུལ་བཞུད་བྱས་ཡོད་པ་རྟོགས་སུ་བཅུག་བྱུང་། རྒྱུ་མཚན་ཅི་ཞིག་གིས་ང་ཚོར་དང་ཐོག་གི་སྐྱབས་བཅོལ་གྱི་གོ་རིམ་འདི་བརྒྱུད་བཅུག་པ་ནི་། ད་ལོ་མིན་ཚེ་སང་ལོ་ང་ཚོ་ཕྱིར་བོད་དུ་ལོག་པར་དོགས་པ་ཙམ་ཡང་མེད་པའི་ཐག་གཅོད་དེས་རྐྱེན་པས་ཡིན་ལ། ལྷག་པར་དུ་ངའི་ཕ་རྒན་ནི་དོན་དག་དེའི་སྟེང་འགྱུར་བ་སྤུ་ཙམ་ཡང་མེད་པས། སྤྱི་ལོ་༡༩༩༩ལོར་དྷི་ལིའི་སྨན་ཁང་ཞིག་གི་ནང་ཁོང་འཆི་ཁ་བར་དུ་རེ་བ་དེ་བཅངས་ཡོད།
ང་རང་ལོ་དགུའི་སྟེང་ནས་ཇཱེ་སོའི་ཁྲེ་(Jesuit)གཏན་སྡོད་སློབ་གྲྭ་ཞིག་ཏུ་སོང་བ་དང་། ཉིན་ཞིག་རྒྱ་གར་བ་འཛིན་གྲོགས་ཤིག་དང་ཁ་རྩོད་ཤོར་བའི་སྐབས་སུ་ཁོས་མཐོང་ཆུང་གི་སྒོ་ནས་ང་ལ་སྐྱབས་བཅོལ་བ་ཞེས་བོས། ཚིག་འདི་དམའ་བའམ་ཞན་པའི་དཀའ་རྙོག་གི་ཁུར་གྱིས་ལྕི་བས་ང་ཧོན་འཐོར་ཏེ་ཁུ་སིམ་མེར་བཞག་སོང་ལ། འདི་དང་གདོང་ཐུག་གཞན་དང་གཞན་ཏེ་ངའི་རྒྱལ་ཁབ་མེད་པའི་གནས་བབས་ཀྱིས་ང་ལ་མིང་ཆད་བཟོ་བ་མང་དུ་སོང་པས་ན། ཕལ་ཆེར་ཚོར་བ་མེད་ངང་ང་རང་ཉིད་ཀྱི་བོད་མིའི་ངོ་བོ་དང་ཁ་ཐག་རིང་དུ་བཏང་སོང་། ངས་རྡི་ལི་རུ་སློབ་ཆེན་འགྲིམ་གྱིན་པའི་ཉིན་དེ་དག་གི་རིང་ངའི་གྲོགས་པོ་ཚང་མ་རྒྱ་གར་བ་ཡིན་ལ། བོད་པ་དང་འབྲེལ་བ་གཏན་ནས་མེད་པའི་ང་ཚོས་བསྐྲུན་པའི་འཁྲུལསྣང་གི་ཁོར་ཡུག་དེའི་ཁྲོད་ང་ལ་སེམས་འཁྲལ་གང་ཡང་མེད་པར་སྐྱིད་པོ་བྱུང་།

འོན་ཀྱང་། ང་ངའི་གྲོགས་པོ་དག་གི་ཁྱིམ་ངའི་ཁྱིམ་དང་མི་འདྲ་བའི་དོན་དངོས་ལ་གཡོལ་ག་ལ་ཐུབ། ཁོང་ཚོར་ངས་ནམ་ཡང་ཤེས་མ་ཐུབ་པའི་གཏན་ཆགས་དང་རྒྱུན་ལྡན་གྱི་ཚོར་འདུ་ཞིག་ཡོད་པ་རེད། སྐབས་དེ་དུས་ངའི་ཨ་ཕ་བལ་ཡུལ་བྱང་ཕྱོགས་སུ་བྱུང་བའི་བོད་མིའི་ངོ་རྒོལ་གྱི་འགོ་ཁྲིད་ཚོའི་ཁྲོད་ཀྱི་གཅིག་ཡིན་པ་དེ་ཡིས་ཀཱ་ཐ་མན་ཀྲོ་ཡི་བཙོན་ཁང་ཞིག་གི་ནང་དུ་ཚེ་བཙོན་གྱི་བཙོན་འཁུར་གྱིན་ཡོད། (ཁོང་མི་ལོ་བདུན་ལ་བཙོན་འཇུག་བྱས་རྗེས་བལ་ཡུལ་རྒྱལ་པོས་ཉེས་ཆད་གུ་ཡངས་སུ་བཏང་པ་རེད།) ང་ཁོང་ལ་ཐུག་འཕྲད་དུ་སོང་ཐེངས་རེ་རེར་ང་ལ་ང་ཚོར་ཁྱིམ་མེད་པ་དང་། དེ་ཡང་ང་ཚོས་འདམ་ཀ་མིན་པར་ང་ཚོའི་ཕ་ཡུལ་བཙོན་བཟུང་བྱས་པས་ཡིན་པ་དང་། ང་ཚོའི་སྐྱབས་བཅོལ་བའི་མི་ཚེ་ནི་གནས་སྟངས་དེ་བསྐྱར་གསོ་བྱེད་པའི་འཐབ་རྩོད་ཅིག་ཡིན་པ་བཅས་ང་ཚོའི་འཚོ་གནས་ཀྱི་གདུག་རྩུབ་ཅན་གྱི་བདེན་དོན་དེ་ཡང་ཡང་དྲན་གསོ་བྱས་བྱུང་།

སློབ་ཆེན་གྱི་རྗེས་སུ་ངས་ལོ་གཅིག་གི་རིང་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་ལ་ལས་ཀ་བྱས་པ་དང་ལོ་མང་པོ་ཞིག་གི་བར་སྟོང་གི་རྗེས་སུ་ངའི་རུས་ཁོངས་ཀྱི་འབྲེལ་ལམ་དེ་བསྐྱར་གསོ་བྱས་པ་ཡིན། ཕྱོགས་གཅིག་ནས་དེ་ནི་ཁྱིམ་ལ་ལོག་པ་ཞིག་རེད། བོད་པ་རྐྱང་གི་སྤྱི་ཚོགས་ཞིག་གི་ནང་དུ་འཐིམ་པ་དང་དེ་ཡི་ཆབ་སྲིད་དང་བསྐྱར་དུ་སྦྲེལ་ཞིང་། ཉིན་མ་རེ་རེ་བཞིན་རང་གི་མ་སྐད་ཀྱིས་སྐད་ཆ་བཤད་པས་རང་ཉིད་ཀྱི་ངོ་བོའི་འདུ་ཤེས་དེ་སླར་ཡང་ཤུགས་ཆེར་བསྐྱེད། རེད་དེ། སྤྱི་ཚོགས་དེ་ཡི་རང་བཞིན་དང་ཤུགས་ཆེར་དམ་དུ་སྦྲེལ་མིན་ལ་མ་ལྟོས་པར་ངས་ད་དུང་དེ་ཡི་ཁེར་རྐྱང་དང་གཏད་སོ་མེད་པ་དང་གཉིས་སུ་མེད་པའི་རང་གཤིས་དེ་རྟོགས་སོང་། རྒྱ་གར་ནང་དུ་ང་ཚོ་ནི་རང་དང་ཁ་ཐག་ཉེ་ཤོས་ཀྱི་ཁོར་ཡུག་དག་དང་ལྷན་དུ་ཅི་ཡང་བྱེད་མི་བཏུབ་པའི་སྤྱི་ཚོགས་ཤིག་དང་འདྲ་མཚུངས་ཀྱིས་སྡོད་པ་དང་ཕྱོགས་མང་པོ་ཞིག་ནས་ཞེ་ཐག་རིང་དུ་སོང་བའི་ང་ཚོའི་ཕ་ཡུལ་ལ་དེ་བས་ཀྱང་འབྲེལ་བ་ཅི་ཡང་མེད། བཙན་བྱོལ་བ་ཡིན་དུས་ང་ཚོར་ལོ་རེར་བཞིན་ཁད་ཐག་རིང་དུ་འགྲོ་བཞིན་པའི་ལྷ་སྒྲུང་ཁྲོད་ཡར་སློང་གིན་པ་ལྟ་བུ་ཞིག་ལས་ཁྱིམ་མེད་ཅིང་། རྒྱལ་ཁབ་མེད་པའི་རང་བཞིན་དེ་ང་ཚོའི་དངོས་ཡོད་གནས་སྟངས་སུ་གྱུར་སོང་བ་རེད་ལ་ང་ཚོའི་ཁྱིམ་ཡང་དེ་ལྟ་བུའི་མེད་པ་ཞིག་ཏུ་གྱུར་ཡོད།

ངས་རང་ཉིད་འཛམ་གླིང་གི་མི་སེར་ཞིག་ཡིན་པ་ལྟ་བུའི་མཚན་མ་བརྒྱུད་ཤེས་རྟོགས་གསར་པ་འདི་ལ་འཁྱུད་ཐབས་བྱས་མོད། ང་གང་ལའང་མི་གཏོགས་དེ་འདུག་པས་ང་ནི་གང་གིའང་ཡིན་ཆོག་འདུག ང་ལ་གཉིས་ཀ་བཙན་བྱོལ་གྱི་བཞུད་ལམ་ནང་ཞུགས་པའི་ངའི་རིག་པའི་དཔའ་བོ་ཇཱེ་ཁེ་ ཁེ་རོག་ཁི་(Jack Kerouac)དང་པ་བྷི་ལོ ནེ་རོ་ཌི་(Pablo Nerudo)གཉིས་ཀྱི་བརྩམས་ཆོས་ཀྱིས་སྙིང་སྟོབས་བསྐྱེད་བྱུང་པས། ང་ལོ་ཉི་ཤུའི་རིང་རྒྱ་གར་དང་ཁ་བྲལ་ཏེ་ཡུལ་ལུང་འདྲ་མིན་དུ་བསྡད་ནས་འགྲུལ་བཞུད་དང་སློབ་སྦྱོང་བྱས་པ་དང་ལས་ཀ་བྱས་པ་ཡིན་ལ། མངོན་འདོད་ཀྱི་རྟོག་ལྗོངས་མཚུངས་པའི་མི་མང་པོི་དང་ལྷན་དུ་གྲོགས་པོའང་བྱས་པ་ཡིན། ང་བཟའ་ཟླ་རེ་ཏོ་དང་མཉམ་དུ་ལོན་ཌོན་དུ་གཞིས་ཆགས་ཏེ་དེ་རུ་ལོ་དགུའི་རིང་བསྡད་པ་དང་། དེ་ནི་ཆུང་ངའི་དུས་ནས་བཟུང་སྟེ་གནས་གཅིག་ནས་དུས་ཚོད་རིང་ཤོས་བསྐྱལ་བ་དེ་ཡིན། རྒྱལ་ཁམས་མྱུལ་བའི་མི་ཚེ་འདི་དང་དེས་བློ་མཐུན་མང་པོ་ཞིག་མཉམ་དུ་བསྡུས་པ་ནི་ཡིད་ཚིམ་པ་ཞིག་རེད་མོད། དེ་ནི་ང་ལ་མཚོན་ན་འགྲུལ་བཞུད་འདིའི་སྟེང་གི་ངའི་གྲོགས་པོ་མང་ཤོས་ཡར་ཐོན་ཅན་གྱི་རྒྱལ་ཁབ་དག་ལས་ལྟ་གྲུབ་དང་བསམ་བློའི་སྐྱབས་བཅོལ་བ་ཡིན་པའི་དཔང་རྟགས་སུ་གྱུར་འདུག ང་དང་མི་འདྲ་བར་ཁོང་ཚོས་ངོས་ལེན་བྱས་མིན་ལ་མ་ལྟོས་པར་ཁོང་ཚོ་རེ་རེར་ཕྱིར་ལོག་སའི་རྒྱལ་ཁབ་ཡོད་ལ། ཁོང་ཚོ་རང་ཉིད་ཀྱི་ཁྱིམ་ཡང་ཡོད།

སྤྱི་ལོ་༡༩༩༥ལོར་བོད་དུ་ཡུལ་སྐོར་ལ་སོང་བའི་སྐབས་དེར་ང་ཆེས་ཐོག་མར་ཉེ་དུ་མང་པོ་ཞིག་ལ་ཐུག་པ་ནི་མི་ཚེ་འགྱུར་བའི་ཉམས་མྱོང་ཞིག་ཡིན། མཐའ་མར་ངས་ལོ་ངོ་མང་པོའི་རིང་ང་དང་ཁ་མ་བྲལ་བའི་ཕ་ཡུལ་གྱི་འཆར་སྣང་གི་བསམ་བློ་དེ་ལ་འབྲེལ་ཆགས་ཤིག་བཟོ་བཏུབ་སོང་། དངོས་ཡོད་ནི་སྡུག་རྩུབ་ཀྱིས་ཧ་ལས་བ་ཞིག་རེད། བཙན་འཛུལ་དང་མི་སེར་སྤེལ་བའི་ལོ་ངོ་བཅུ་ཕྲག་བཞི་ཙམ་གྱི་རིང་ཕ་ཡུལ་གྱི་གཞི་རྐང་རྦད་དེ་བསྒྱུར་འདུག རྒྱ་དམར་གྱི་དབང་བསྒྱུར་འོག་གི་བོད་ནི་ང་ཚོའི་བསམ་བློའི་ནང་བཀོད་པའི་འཆར་སྣང་དེ་དང་ང་ཚོའི་འཇིག་རྟེན་ལས་ཁ་ཐག་རིང་དུ་བཏང་འདུག བཙན་བྱོལ་དུ་སྐྱེས་ཤིོང་འཚར་ལོངས་བྱུང་བའི་ང་ཚོ་སུ་ཡང་རུང་བ་ཞིག་བོད་རང་དབང་ཐོབ་ཀྱང་བོད་དུ་གནས་འཆའ་ཐུབ་རྒྱུ་རེད་དམ། སྐབས་དེར་ང་ལ་མཚོན་ན་འདི་འདྲ་ཡིད་ལ་འཆར་རྒྱུ་དཀའ་གདའ། དུས་དེ་རིང་ལོ་ཉི་ཤུའི་རྗེས་སུ་བོད་ནང་གི་གནས་སྟངས་ཇེ་ཞན་དུ་སོང་ཡོད་ལ། གཞིས་བྱེས་དབར་གྱི་ཁུགས་པ་ཟློས་གར་བཞིན་ཆེར་སོང་པས། ད་ནི་དེ་ལས་ཀྱང་ཡོང་དཀའ་བར་མཐོང་།

རེ་ཏོ་དང་ངེད་གཉིས་སྤྱི་ལོ་༢༠༠༦ལོར་བུ་ཕྲུག་དྲུག་དང་མཉམ་དུ་ཕྱིར་རྒྱ་གར་དུ་ལོག་པ་དང་རྡ་རམ་ས་ལ་རུ་གཞི་བཟུང་བ་ཡིན། བཙན་བྱོལ་དུ་སྐྱེས་པའི་ན་གཞོན་མི་རབས་རྣམས་ལ་མཚོན་ན་ཕ་ཡུལ་གྱི་གོ་དོན་ཅིས་ཀྱང་འགྱུར་ངེས་རེད། ང་ཚོའི་བུ་ཕྲུག་རྣམས་ལ་མཚོན་ན་རྡ་རམ་ས་ལ་ཁོང་ཚོར་ཁྱིམ་ཞིག་ཡོད་དགོས་པའི་ཁ་ཐག་ཉེ་ཤོས་ཡིན་ངེས་རེད། ཡིན་ན་ཡང་ང་དང་ངའི་མི་རབས་སམ། དེ་ལས་ཀྱང་རིང་བའམ་ཕལ་ཆེར་དེ་ལས་ཀྱང་རིང་བ་དག་གི་ཉིན་ཞིག་བོད་དུ་ཕྱིར་ལོག་པའི་དོན་དངོས་དང་མི་མཐུན་པའི་ཕུགས་བསམ་དེ་ནམ་ཡང་སྲ་བརྟན་དུ་གནས་ཡོད། ང་ལ་མཚོན་ན་བོད་ནི་ཕྱིོ་ཡུལ་ཞིག་ལྟར་ཡིན་པ་བཞིན་སྐབས་ཤིག་ལ་ངའི་ཕ་མའི་མི་རབས་དེར་རྒྱ་གར་དེ་ལྟར་ཡིན་པ་ངས་ཤེས་མོད། འོན་ཏེ་ཁྱིམ་གྱི་བསམ་བློ་ནི་འདུ་ཤེས་ཤིག་དང་རིག་གཞུང་གི་གནས་མཆོག་ཅིག་དང་། གནས་ཡུལ་ཞིག་དང་ཡུལ་བཀོད་ཅིག་སྟེ། དེའི་ནང་དུ་ངའི་འདས་སོང་ལ་སྦྲེལ་བའི་འབྲེལ་ཐག་གིས་ཁེངས་ཡོད། དེ་ནི་ངས་འ་ཆད་འུ་ཐུག་གིས་ཡིད་ལ་བརྣག་པ་དེའོ།།


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*