ཁྲག་ཡིག 

1

སྒྱུར་མཁན། འབྲོང་བུ་ཟླ་བ་ཚེ་རིང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཡི་གེ་ཁྲག་གིས་འབྲི་བའི་བསམ་བློ་འདི་ལ་ཡིད་འཕྲོག་པའི་ནུས་པ་ཞིག་འདུག  དུས་རབས་ཉི་ཤུ་བའི་རྒྱ་མི་རྩོམ་པ་པོ་ལུའུ་ཞུན་གྱིས་ “སྣག་ཚས་བྲིས་པའི་རྫུན་ཁྲག་བྲིས་དྲང་བདེན་དུ་རྫུས་མི་ཐུབ།”ཅེས་གསུངས།  སྐབས་འདིའི་ ‘ཁྲག་བྲིས་’ཞེས་པར་གཟུགས་རྒྱན་གྱི་ནུས་པ་ལྡན་པ་སྟེ་ལུའུ་ཞུན་གྱིས་སློབ་ཕྲུག་ངོ་རྒོལ་བ་དམར་གསོད་བྱས་པ་སྟོན་གྱིན་ཡོད་པ་རེད། འོན་ཀྱང་། འདི་ནི་རྒྱ་ནག་གི་ལོ་རྒྱུས་དང་མཐུན་པ་སྟེ་རྒྱ་ནག་ལ་དོན་དངོས་སུ་ཁྲག་བྲིས་ཀྱི་སྲོལ་རྒྱུན་ཡོད་པ་རེད། ལྷག་པར་དུ་ནང་ཆོས་སུ་སྲོལ་རྒྱུན་འདི་ཡོད་པ་དང་། ང་ཚོ་ལ་ཡོད་པའི་ཆེས་སྔ་ཤོས་ཀྱི་དཔེ་མཚོན་ནི་ཏུན་ཧོང་ཡིག་ཚགས་ན་ཡོད། དཔེར་ན། ཏུན་ཧོང་ཡིག་ཚགས་སུ་རྡོ་རྗེ་གཅོད་པ་ཡོད་པའི་དེབ་ཆུང་ཞིག་གི་མཇུག་བྱང་དུ་འདི་ལྟར་བྲིས་འདུག
 
“ཐེའན་ཡུས་ལོ་གསུམ་པའི་བིན་ཡན་ཟླ་གཉིས་པའི་ཉིན་གཉིས་པར་༼ཕྱི་ལོ་༩༠༦ ཟླ་གཉིས་པའི་ཚེས་༢༧༽ལོ་གྱ་གསུམ་ཡིན་པའི་རྒད་པོ་ཞིག་གིས་རང་གི་ལག་པར་ཁབ་བཙགས་ཀྱིས་ཁྲག་བཏོན་ཏེ་བཤུ་འབྲི་བྱས།”
 
རང་གི་ཁྲག་སྤྱད་དེ་ནང་པའི་མདོ་འབྲི་བ་འདི་ནི་བྱ་བྲལ་བའི་སྣ་མང་ལག་ལེན་ཁྲོད་ཀྱི་གཅིག་རེད། དུས་རབས་མང་པོའི་རིང་རྒྱ་ནག་ཏུ་ཉམས་ལེན་བྱེད་པའི་བྱ་བྲལ་བའི་ཚབས་ཆེ་བའི་ལག་ལེན་གྱི་ཁྲོད་དུ། རང་གི་ལུས་ནས་ཤ་དུམ་བུ་རེ་གཅོད་པ། རང་ཉིད་སྤོས་དང་ལྷན་དུ་བསྲེགས་པ། མཛུབ་མོ་མཆོད་མེར་འབུལ་བ། ཡང་ན། རང་བསྲེགས་བྱེད་པ་བཅས་སོགས་འདུས།  དུས་ཡུན་རིང་པོ་ཞིག་གི་རྗེས་ཏེ་དུས་རབས་བཅུ་བདུན་པར། རྒྱ་ནག་གི་རྩོམ་པ་པོ་ཞིག་གིས་ཁྲག་ཡིག་ལ་འཕྱ་སྨོད་བྱེད་མཁན་ལ་ཁ་གཏད་ཀྱི་ཁྲག་བྲིས་ལ་རྒྱབ་རྟེན་དང་སྲུང་སྐྱོབ་བྱས་འདུག
 
“ ‘ཤེར་སྨྱོན་’གྱི་རྗེས་འཇུག་པ་ཚོས་ཁྲག་ཡིག་ནི་གཟུགས་ཀྱི་བདེན་པ་ལྟར་གལ་ཆེན་དུ་བརྩི་ཡི་མ་རེད། འོན་ཀྱང་། ཐོག་མ་མེད་པའི་སྐྱེ་འཆིའི་རྒྱུ་གཙོ་བོའི་གྲས་ན་གཟུགས་འཛིན་ལས་གཏིང་ཟབ་པ་ཞིག་མེད།་་་་་་་  ཁྲག་ཡིག་གི་ལག་ལེན་འདིར་དག་པའི་ཆོས་སྐྱབས་གནས་འཛིན་པ་ཟེར་ཞིང་། ཡང་ན། ཆོས་སྤྱད་དེ་སངས་རྒྱས་ལ་མཆོད་པ་འབུལ་བ་ཞེས་ཀྱང་ཟེར། མདོ་སྡེ་པདྨ་དཀར་པོ་དང་དཔའ་བར་འགྲོ་བའི་མདོ་གཉིས་སུ་རང་ཉིད་ཀྱི་རྐང་ལག་དང་མཛུབ་མོ་མཆོད་མེར་འབུལ་བ་དང་སྤོས་ཀྱིས་རང་ལུས་བསྲེགས་ན་དགེ་མཚན་ཆེ་བར་གསུངས། ཉོན་མོངས་ཀྱི་རྐང་ལག་གཅོད་པ་དང་གཏི་མུག་གི་གཟུགས་པོ་བསྲེགས་པའི་ཉམས་ལེན་འདི་དག་ནི་ཏག་ཏག་ཤ་ཁྲག་གི་ཕུང་པོ་འདི་རུ་གནས་ཡོད་པ་རེད།”
 
དེ་བས། བོད་དུ་ཅི་འདྲ་ཞིག་ཡིན་ནམ་ཞེ་ན།  ངའི་མཐོང་སྣང་ན་ལོ་རྒྱུས་སུ་བོད་དུ་ཚབས་ཆེ་བའི་བྱ་བྲལ་གྱི་ལག་ལེན་སྤྱི་དང་ལྷག་པར་དུ་ཁྲག་བྲིས་འདི་རྒྱ་ནག་ལས་དཀོན་པོར་མཐོང་། གོང་དུ་རི་མོར་བཀོད་པའི་ཡིག་བྲིས་(IOL Tib J 308) དེ་ང་ལ་མཚོན་ན་དམིགས་བསལ་ཞིག་རེད།  དེ་ནི་དངོས་གནས་ཁྲག་ཡིག་ཅིག་ཏུ་མངོན། སྣག་ཚའི་ཁ་མདོག་དམར་སྨུག་ཡིན་པ་དང་ས་གནས་འགའ་རེར་དཀག་ཡོད་པ་ལྟར་མངོན། དོན་དངོས་སུ། བོད་བྲིས་དེ་ནི་ལོ་གྱ་གསུམ་ཅན་གྱི་རྒད་པོ་ཁོང་གིས་དེབ་དེ་རུ་ སྤྱིར་བཏང་གི་སྣག་ཚས་བྲིས་པ་ལྟར་མངོན་པའི་ཡི་གེ་དེ་དག་དང་བསྡུར་ན་ཁྲག་ཡིག་ངོ་མ་ཞིག་ཡིན་པར་སྣང་། དེ་འདྲ་ཞིག་ཡིན་ཚེ། ཕལ་ཆེར། རྒད་པོ་དེས་སྣག་ཚའི་ནང་དུ་ཁྲག་ཐིགས་ཁ་ཤས་ཤིག་བསྣན་ཡོད་ཀྱང་སྲིད།
 

2
ཉེ་ཆར། ངས་ Bundesanstalt für Materialforschung und –prüfung དུ་ཚོན་རྩི་ངོས་བཟུང་ཆེད་མཁས་རེ་ན་ཁྲེ་ནོ་ལེར་(Renate Noller)ལ་བོད་བྲིས་འདིའི་སྣག་ཚར་བརྟག་དཔྱད་བྱེད་དུ་བཅུག ཁོ་མོའི་བརྟག་དཔྱད་ཀྱི་གྲུབ་འབྲས་ད་དུང་ཁྱབ་བསྒྲགས་བྱས་ཡོད་པ་མ་རེད། འོན་ཀྱང་། སྣག་ཚ་དེའི་གྲུབ་ཆའི་ནང་ལྕགས་རིགས་ཤུགས་ཆེ་བ་འདུག  དེང་སང་། ལྕགས་རིགས་བླུགས་ཏེ་བཟོས་པའི་སྣག་ཚ་ཡོད་པ་རེད།༼ལྷག་པར་དུ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ལྕགས་ཐོར་སྣག་ཚ་ཞེས་པ་གྲགས་ཆེ། དཔེར་ན། ལེའོ་ནར་ཌོ་དྷ་ཝིན་སི་(Leonardo da Vince )ཡིས་ལག་བྲིས་ཚང་མར་སྣག་ཚ་འདི་སྤྱོད་བཞིན་ཡོད།༽ འོན་ཀྱང་། དེ་རིམ་གྱིས་ནག་པོར་གྱུར་ནས་སྨུག་ནག་ཏུ་འགྱུར་འགྲོ་བ་དང་བོད་བྲིས་དེ་ལ་ཡོད་པའི་ཁྲག་ལིང་ཆགས་པ་ལྟ་བུའི་ཁྱད་ཆོས་དེ་ཡོད་པ་མ་རེད། ཞིབ་མོར་བལྟས་ཚེ། སྣག་ཚ་འབབ་མཐུག་ཅིང་རིམ་གྱིས་ཡིག་འབྲི་རེ་འགའི་རྗེས་སུ་སྣག་ཚ་རྫོགས་ཡོད་པ་དེ་ལས་ཁྱེད་ཀྱིས་ཡིག་མཁན་དེས་སྨྱུ་གུ་སྣག་ཚར་ཡང་ཡང་དམོག་ཡོད་པ་ཤེས་ཐུབ།
 
ཁྲག་བྲིས་(ཕལ་ཆེར་)ཡིན་པའི་ཡི་གེ་(IOL Tib J 308) དེ་ནི་བོད་དུ་གྲགས་ཆེ་བའི་མགོན་པོ་ཚེ་དཔག་མེད་ཀྱི་མདོ་ཡིན་ཞིང་། འདི་ནི་ཚེ་རིང་བ་དང་་བདེ་བ་ཅན་དུ་སྐྱེས་པར་མགོན་བྱེད་པའི་ཡི་དམ་གྱི་གཟུངས་སྔགས་དང་སྒོམ་གྱི་སྐོར་ལ་རེད། མདོ་འདི་བཤུ་འབྲི་བྱས་པའི་ནུས་པ་ལ་བརྟེན་ནས་རྒྱལ་པོ་ཚེ་རིང་པོ་འདུག་ཕྱིར་། ཕྱི་ལོ་བརྒྱད་བརྒྱ་དང་བཞི་བཅུ་པའི་ནང་དུ་བོད་ཀྱི་རྒྱལ་པོའི་བཀའ་དགོངས་ལྟར་ཏུན་ཧོང་དུ་མདོ་འདིའི་ཐང་ཀ་༼ཐང་ཤོག༽སྟོང་ཕྲག་མང་པོ་འབྲི་རུ་བཅུག་པ་རེད། གནའ་བོའི་ཞིབ་དག་བྱ་ཐབས་དང་གྲུ་བཞིའི་དབྱིབས་ཀྱི་འབྲི་སྟངས་ལ་བརྟག་ན་དེབ་འདི་ནི་ཏུན་ཧོང་ནས་ཐོན་པ་དེའི་ནང་གི་གཅིག་མ་རེད། ཕལ་ཆེར་དེ་ཚོ་ལས་ཀྱང་རྙིང་པ་ཡིན་སྲིད། གང་ལྟར། བཤུ་འབྲི་བྱས་པའི་དགོངས་པ་གཅིག་པ་རེད། གལ་ཏེ་འདི་ནི་ཁྲག་བྲིས་ཤིག་ཡིན་ཚེ། ཁྲག་གིས་བྲིས་པའི་བྱེད་ལས་འདིས་ནང་བསྟན་གྱི་མདོ་འདི་བཤུ་འབྲི་བྱས་པར་རིན་ཐང་ཆེན་པོ་ཞིག་བསྣན་ཡོད་པ་དང་། དེ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས་ཀྱང་རྒྱ་ཆེན་པོ་བྱས་ཡོད་པ་རེད།

3

དཔྱད་གཞིའི་ཡིག་ཆ་ཁག

James Baskind. 2007. “Mortification Practices in the Obaku School“, in Essays on East Asian Religion and Culture, edited by Christian Wittern and Shi Lishan, Kyoto.

James Benn. 2007. Burning for the Buddha. Honolulu: University of Hawai’i Press.

John Kieschnick. 2000. “Blood Writing in Chinese Buddhism.” JIABS 23.2: 177–194.

John Kieschnick. 2002. The impact of Buddhism on Chinese material culture. Princeton: Princeton University Press.

Jimmy Y. Yu. 2007. “Bodies of Sanctity: Ascetic Practices in Late Imperial China“. Dissertation prospectus, Princeton University. (Source of the 17th century passage above.)

Jimmy Y. Yu. 2012. Sanctity and Self-Inflicted Violence in Chinese Religions. New York: Oxford University Press.


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*