རྗེ་མལ་(Gmail)པང་དུ་ལོངས།

Gmail

འཇིགས་མེད་ནུབ་པ།

ལོ་ངོ་ཉི་ཤུ་སུམ་ཅུའི་གོང་དུ་། ང་ཚོས་ཕན་ཚུན་ལ་ཡི་གེ་དང་འདྲ་པར་སོགས་སྦྲགས་ཁང་བརྒྱུད་ནས་བསྐུར་གི་ཡོད། ང་ཚོའི་ཁྲོད་ཀྱི་མི་ཁ་ཤས་ད་དུང་ཡང་འདི་ལ་གོམས་ནས་ཡོད། འོན་ཀྱང་། དེང་སང་དེ་ལྟར་མིན། སྦྲགས་ཁང་བརྒྱུད་ནས་གཞན་ལ་ཡི་གེ་དང་འདྲ་པར་སོགས་བསྐུར་བའི་གྲངས་ཀ་དེ་ཧ་ཅང་ཉུང་དུ་ཕྱིན་ཡོད། རྒྱུ་མཚན། ང་ཚོའི་མདུན་དུ་གློག་འཕྲིན་ཟེར་བའི་དྲ་ཐོག་བརྒྱུད་ཡི་གེ་དང་འདྲ་པར་སོགས་བསྐུར་ཆོག་པའི་བརྒྱུད་ལམ་ཞིག་སླེབས་པས་ཡིན། སྔོན་མ་སྦྲགས་ཁང་བརྒྱུད་ནས་བདུན་རེ་གཉིས་འགོར་བ་དེ། དེང་སང་གློག་འཕྲིན་བརྒྱུད་ནས་སྐར་ཆ་འགའ་རེའི་ཁོངས་སུ་ཕར་གཏོང་ཚུར་ལེན་བྱེད་ཐུབ་ཀྱི་ཡོད། འདི་ནི་མིའི་རིགས་ཀྱིས་འབྲེལ་བ་བྱེད་སྟངས་ལ་སྔར་བྱུང་མ་མྱོང་བའི་འགྱུར་བ་ཆེན་པོ་ཞིག་ཡིན། ལྷག་པར་དུ་། འདི་ནི་མི་སྒེར་བ་གཅིག་གི་མི་ཚེའི་འགྱུར་བ་མ་ཡིན་པར། འཛམ་གླིང་ཧྲིལ་བོ་འགྱུར་བ་འདིའི་ཁྲོད་དུ་འཐིམས་ནས་ཡོད།

གློག་འཕྲིན་སླེབས་ནས་ཡུན་རིང་མིན་རུང་། དེ་བེད་སྤྱོད་གཏོང་མཁན་གྱི་གྲངས་ཀ་ནི་དུང་ཕྱུར་བརྒལ་ནས་ཡོད། དཔེར་ན། གྷོ་རྒལ་གྱིས་བཏོན་པའི་༢༠༡༤ལོའི་སྙན་ཐོའི་ཁོངས་སུ། རྗེ་མེལ་གློག་འཕྲིན་གཅིག་པོ་བེད་སྤྱོད་གཏོང་མཁན་ས་ཡ་༤༢༥ལྷག་འཛམ་གླིང་ཁྱོན་ན་ཡོད་ཟེར། ད་ལྟ་འཛམ་གླིང་ཁྱོན་ཡོངས་ན་རྒྱ་ཆེར་བེད་སྤྱོད་གཏོང་བཞིན་པ་ནི་རྗེ་མེལ་(Gmail)གློག་འཕྲིན་དང་་ཡ་ཧོ་(Yahoo)གློག་འཕྲིན་དང་ཧོ་ཁྲི་མེལ་(Hotmail/Outlook)གློག་འཕྲིན་བཅས་ཡིན་ལ་དེ་དག་ནི་ལོ་རབས་དགུ་བཅུའི་སྨད་དུ་ཕྱི་ལ་ཐོན་པ་རྐྱང་ཡིན། གློག་འཕྲིན་འདི་དག་མི་རྣམས་ཀྱི་ཉིན་རེའི་མི་ཚེའི་ཁྲོད་དུ་སླེབས་པ་དེས། མི་ཕན་ཚུན་གྱི་འབྲེལ་ལམ་དེ་སྦྲགས་ཁང་ནས་དྲ་ལམ་ཏུ་དྲངས་ཡོད་པ་མ་ཟད། ང་ཚོའི་ལས་ཀ་མང་པོ་སྟབས་ཇེ་བདེ་དང་ཇེ་མགྱོགས་སུ་བཏང་ཡོད། ཡིན་ན་ཡང་། ཕྱོགས་གཅིག་ནས་སྟབས་ཇེ་བདེ་དང་ཇེ་མགྱོགས་སུ་ཕྱིན་རུང་། ཕྱོགས་གཞན་ནས་མི་སྒེར་བའི་མི་ཚེར་ཉེན་ཁ་ཡང་མང་པོ་ཞིག་འཁྱེར་ནས་ཡོང་ཡོད་། དཔེར་ན། གློག་འཕྲིན་བརྒྱུད་ནས་མི་སྒེར་གྱི་གསང་བའི་གནས་ཚུལ་འཁྱེར་བ་དང་དྲ་འབུ་འཛུལ་བ། དྲ་ཐོག་གི་དངུལ་བརླགས་པ་སོགས་ཀྱི་གནད་དོན་མང་དུ་འབྱུང་བཞིན་ཡོད།

ངས་ཀྱང་ཐོག་མར་ཡ་ཧོ་དང་དེ་ནས་ཧོ་ཁྲི་མེལ། ད་དུང་རྒྱ་ནག་གིས་བཟོས་QQགློག་འཕྲིན་བཅས་བེད་སྤྱོད་བཏང་མྱོང་། ཡིན་ན་ཡང་། ལོ་གཉིས་གསུམ་གྱི་གོང་ནས་རྗེ་མལ་བེད་སྤྱོད་གཏོང་འགོ་ཚུགས་པ་མ་ཟད་། རང་གི་ངོ་ཤེས་དང་གྲོགས་པོ། ཉེ་རིང་སོགས་ལ་ཡང་རྗེ་མལ་བེད་སྤྱོད་གཏོང་དགོས་བའི་སྐུལ་མ་བྱས་མྱོང་། རྒྱུ་མཚན། རྗེ་མལ་ནི་གློག་འཕྲིན་གཞན་དང་བསྡུར་ན་ཉེན་སྲུང་ཆེ་བ་དང་བདེ་འཇགས་བརྟན་པ། ཡིད་ཆེས་འཕེར་བ་བཅས་ཡོད།  འདི་ང་སྒེར་གྱི་བསམ་ཚུལ་ཙམ་མིན་པར་ཡིག་ཐོག་ནས་ཁུངས་སྐྱེལ་ཐུབ་པ་ཞིག་ཡིན།

ངེད་ཀྱིས་རྩོམ་ཡིག་སྔ་མ་ཞིག་ཏུ། དྲ་ཐོག་ཏུ་བདེ་འཇགས་མཁོ་ན་HTTPSབེད་སྤྱོད་ཐོངས་ཟེར་ནས་བྲིས་ཡོད། HTTPSནི་དྲ་བའི་ཉེན་སྲུང་དང་འབྲེལ་བ་ཡོད་པ་ཞིག་ཡིན། དྲ་ཚིགས་དང་གློག་འཕྲིན་ཁ་བྱང་མང་ཆེ་བས་HTTPS་བེད་སྤྱོད་གཏོང་གི་མེད་ལ་དེའི་མཐུན་རྐྱེན་ཡང་སྦྱོར་གྱི་མེད། རྒྱུ་མཚན་དེ་ལ་འགྲོ་སོང་ཆེ། ཡིན་ན་ཡང་། རྗེ་མལ་གློག་འཕྲིན་གྱིས་HTTPS་བེད་སྤྱོད་གཏོང་རྒྱུ་དེ་ཕྱི་ལོ་༢༠༠༨ལོ་ནས་འགོ་ཚུགས་ཡོད་པ་མ་ཟད་། རྗེས་སུ་དེ་རྗེ་མལ་གློག་འཕྲིན་གྱི་མ་ལག་ཆ་ཚང་དུ་གཏན་འཇགས་བཟོས་ཡོད།  ཡ་ཧོར་མཚོན་ན། དྲ་བའི་ཉེན་སྲུང་དབྱེ་ཞིབ་པ་དང་མི་མང་པོས་ཡ་ཧོའི་ཉེན་སྲུང་གནད་དོན་སྐོར་ལ་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་སྤྱི་ལོ་༢༠༡༣ལོར་གཞི་ནས་HTTPS་ཡོད་པ་བཟོས་ཡོད། ཡིན་ན་ཡང་། ད་ལོའི་སྤྱི་ཟླ་དང་པོ་དབར་དུ་དེ་གཏན་འཇགས་བཟོས་མེད། ཧོ་ཁྲི་མལ་མཚོན་ན་ཕྱི་ལོ་༢༠༡༠ལོར་HTTPS་བེད་སྤྱོད་གཏོང་འགོ་ཚུགས་ཤིང་སྤྱི་ལོ་༢༠༡༣ལོར་དེ་གཏན་འཇགས་ཅན་བཟོས་བ་རེད། རྒྱུ་མཚན་འདི་ག་རང་གི་ཐོག་ནས་ཀྱང་རྗེ་མལ་གྱིས་སྔོན་ཚུད་ནས་གློག་འཕྲིན་གྱི་ཉེན་སྲུང་དང་བདེ་འཇགས་གལ་ཆེར་བརྩིས་ཡོད་པ་ཤེས་ཐུབ།

གློག་འཕྲིན་གྱི་ཉེན་སྲུང་གནད་དོན་འདི་གལ་ཆེ་ནས་ཆེ་རུ་འགྲོ་ནང་བཞིན། གློག་འཕྲིན་བེད་སྤྱོད་གཏོང་མཁན་དང་དྲ་བའི་རིག་གནས་ཉམས་ཞིབ་པ་ཚོས་ཀྱང་འདི་ལ་དོ་སྣང་རྒྱ་ཆེར་སྤྲོད་ཀྱི་ཡོད་། ལྷག་པར་དུ། དྲ་བ་དང་གློག་འཕྲིན་གྱི་ཉེན་སྲུང་གནད་དོན་ཐོག་རྒྱ་ནག་གཞུང་ལ་ཡང་ཁ་རྡུང་མང་པོ་རེག་གི་ཡོད། དེ་ཡང་། ཉེ་བའི་ལོ་ཤས་གོང་ནས་ང་ཚོའི་གློག་འཕྲིན་ལ་གསང་ཚིག་གཅིག་པོ་མ་ཡིན་པར། རིམ་པ་གཉིས་པའི་ཉེན་སྲུང་གི་མཐུན་རྐྱེན་ཞིག་སླེབས་ཡོད་ཅིང་། དེ་ལ་ར་སྤྲོད་ཀྱི་རིམ་པ་གཉིས་ཟེར་གི་ཡོད་། དེའི་གོ་དོན་ནི། གལ་སྲིད་ཁྱོད་ཀྱི་གློག་འཕྲིན་དེ་གློག་ཀླད་གཞན་ཞིག་གི་སྒང་ནས་ཁ་ཕྱེས་ཚེ། ཁྱོད་ཀྱི་ལག་འཁྱེར་ཁ་པར་དུ་ཨང་ཚབ་ཞིག་འབྱོར་གི་ཡོད། ཨང་ཚབ་དེ་མེད་པར་ཁྱོད་ཀྱི་གློག་འཕྲིན་སྒོ་ཕྱེས་མི་ཐུབ། བྱེད་སྟངས་འདི་ནི་གསང་ཚིག་གི་སྒང་ལ་ཉེན་སྲུང་རིམ་པ་གཅིག་སྤར་བ་ལྟ་བུ་ཡིན། གལ་སྲིད་མི་གཞན་ཞིག་གིས་ཁྱོད་ཀྱི་གློག་འཕྲིན་ལ་ལྐོག་འཛུལ་བྱས་ཚེ། དེའི་ཉེན་བརྡ་དེ་ཁྱོད་ཀྱི་ལག་འཁྱེར་ཁ་པར་ཏུ་འབྱོར། གང་ལྟར། ཉེན་སྲུང་གི་རིམ་པ་འཕར་མ་འདིིའི་མཐུན་རྐྱེན་ཐོག་མར་བསྐྲུན་མཁན་ཡང་རྗེ་མལ་ཡིན། རྗེ་མལ་གྱིས་དེ་ཕྱི་ལོ་༢༠༡༡ལོའི་ཟླ་གཉིས་པའི་ནང་ནས་འགོ་བཙུགས་ཡོད། ཡ་ཧོ་དང་ཧོ་ཁྲི་མེལ་སོགས་དེའི་རྗེས་སུ་ཡིན། ལྷག་པར་དུ། ཁྱོད་ཀྱི་གློག་འཕྲིན་ལ་གཞན་གྱི་འཇབ་རྒོལ་གྱི་ཚོད་ལྟ་སོགས་བྱས་ཚེ། རྗེ་མལ་གྱིས་དུས་ཐོག་ཏུ་ཁྱོད་ལ་ཉེན་བརྡ་གཏོང་གི་རེད། དེར་བརྟེན། ངས་རྗེ་མལ་བེད་སྤྱོད་ཐོངས་ཟེར་དགོས་བའི་རྒྱུ་མཚན་ཡང་གོང་གི་གནད་དོན་འདི་དག་དང་ཐད་ཀར་འབྲེལ་བ་ཡོད།

རྗེ་མལ་གྱིས་གློག་འཕྲིན་གྱི་ཉེན་སྲུང་གལ་ཆེན་ཏུ་བརྩི་བ་ནང་བཞིན། རྗེ་མལ་གྱི་རྒྱབ་ལྗོངས་ལོ་རྒྱུས་ཀྱང་ཡ་ཧོ་དང་ཧོ་ཁྲི་མལ་སོགས་དང་བསྡུར་ན་ད་ལྟ་ཚུན་ལ་གཙང་མ་ཡིན། འདས་པའི་ལོ་རྒྱུས་ཁྲོད་དུ། རྗེ་མལ་གྱིས་མི་སྒེར་བའི་གནས་ཚུལ་གཞན་ལ་སྤྲད་པའི་སྐད་ཆ་མེད། ཡིན་ན་ཡང་། ཡ་ཧོ་དང་ཧོ་ཁྲི་མལ་གཉིས་ཀྱི་རྒྱབ་ལྗོངས་མི་གཙང་། གང་གིས་ཞེ་ན། ཕྱི་ལོ་༢༠༠༥ལོར། ཡ་ཧོ་ཡིས་རྒྱ་ནག་གཞུང་དང་མཉམ་སྦྲེལ་སྒོས་རྒྱ་རིགས་གསར་འགོད་པ་(Shi Tao)ཧྲི་ཐོ་ཟེར་བ་དེའི་གནས་ཚུལ་གཞུང་ལ་སྤྲད་ཡོད། དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཏུ་གླེང་སློང་ཆེན་པོ་བྱུང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཙམ་མ་ཡིན་པར་ཡ་ཧོ་བཟོ་ཚོང་ཁང་ལ་སྐྱོན་བརྗོད་ཤུགས་ཆེར་བྱུང་ཡོད། ད་དུང་། གནད་དོན་དེའི་རྗེས་སུ་ཡ་ཧོ་གློག་འཕྲིན་བེད་སྤྱོད་མཚམས་འཇོག་བྱེད་མཁན་ཡང་མང་པོ་བྱུང་ཡོད། ཧོ་ཁྲི་མེ་ལ་ཡང་དེ་མཚུངས་ཀྱི་གནད་དོན་ཞིག་ཕྱི་ལོ་༢༠༠༥ལོར་བྱུང་ཡོད་མོད་། ཁོང་ཚོས་དེ་ཁས་ལེན་བྱས་མེད།

མི་ཞིག་ལ་མཚོན་ན་རང་ཉིད་སྒེར་བའི་གནས་ཚུལ་དང་བྱ་བ་སོགས་ལ་ཉེན་སྲུང་དང་བདེ་འཇགས་ཅི་ཙམ་ཆེ་ན་དེ་ཙམ་བློ་བདེ། གློག་འཕྲིན་རིགས་མི་འདྲ་བ་འདི་དག་གིས་ང་ཚོའི་དྲ་ཐོག་གི་མི་ཚེ་ལ་ཉེན་སྲུང་དང་བདེ་འཇགས་ཅི་ཙམ་བྱེད་ཐུབ་མིན་ལས་སླ་བོར་བརྗོད་ཐུབ་པ་ཞིག་མིན་རུང་། ད་ཡོད་འདི་ཚོའི་ནང་ནས་ཡག་ཤོས་ལྟ་བུ་དེ་རྗེ་མལ་རེད་བསམ། དེ་ཡིན་པའི་རྒྱུ་མཚན་དང་དཔེར་བརྗོད་དག་གོང་དུ་བཀོད་པ་དག་ཡིན། ངས་ཁྱོད་ཚོར་རྗེ་མལ་བེད་སྤྱོད་ཐོངས་ཟེར་ནས་ཨུ་ཚུགས་མི་བྱེད། གཙོ་བོས་སོ་སོས་ཐག་ཆོད། གང་ལྟར། ཁྱེད་རང་གློག་འཕྲིན་བེད་སྤྱོད་གཏོང་མཁན་ཞིག་ཡིན་པའི་རྗེས་སུ། གློག་འཕྲིན་གྱི་ཉེན་སྲུང་དང་མཐུན་རྐྱེན། བདེ་འཇགས་བཅས་ཀྱི་སྐོར་ལ་ཡང་བསམ་བློ་ཞིག་མ་བཏང་རང་བཏང་ཡིན།

(འཇིགས་མེད་ནུབ་པ་ནི། རྩོམ་འབྲི་དང་ཡིག་བསྒྱུར། རྩོམ་འབྲི་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་ན་གཞོན་ཞིག་ཡིན།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to རྗེ་མལ་(Gmail)པང་དུ་ལོངས།

  1. རིག་ལོ་ ནས།

    གློག་འཕྲིན་ཀུན་གྱི་རྒྱལ་པོ་རྗེ་མལ་ཡིན།། རྒྱལ་པོ་འདི་ལ་ཕྱག་གསུམ་འཚལ་འདོད་བྱུང་།།

  2. ནག་ཆུ་ཀུན་དགའ་ ནས།

    བཀའ་དྲིན་ཆེ། ymail ”’འདི་ག་འདྲ་ཡོད་དམ། ཡ་ཧོ་དང་གཅིག་པ་རེད་དམ།

Write a Reply or Comment

Your email address will not be published. Required fields are marked *

*