ཟམ་གདོང་རིན་པོ་ཆེ།

Samdong-Rinpoche--570x427

རིག་འབྱུང་དོན་གྲུབ་བཀྲ་ཤིས།

དབྱིན་འགྱུར་ལ་གཟིགས་ན་འདི་རུ་བསྣུན།

ནངས་མོ་དེར་ང་ཨ་ཁུ་ཟླ་བའི་སྡོད་ཤག་ཏུ་ཡོད། ཨ་ཁུ་ཟླ་བ་ངེད་གཉིས་གྲོབ་གསེབ་གཅིག་ནས་ཡིན། ཁོང་གི་སྡོད་ཤག་ཆུང་ཆུང་དེར་ཉལ་ཁྲི་གཉིས་དང་དཔེ་ཆ་འཇོག་སའི་སྒྲོག་རྩེ་གཅིག ཐབ་ཆས་གཅིག་བཅས་ཡོད། ཁོང་གི་ཁང་བདག་རྒྱ་གར་ཡིན། ཁང་གླ་ཡང་མི་ཆེ། ངའི་སེམས་སུ་སྤྲོ་སྣང་དང་འཚེར་སྣང་གཉིས་ཀ་སྣོལ་མར་ཡོང་གི་འདུག རྒྱུ་མཚན། ཟམ་གདོང་རིན་པོ་ཆེ་ལ་མཁས་དབང་དང་རིན་པོ་ཆེ། བཀའ་བློན་ཁྲི་བ་བཅས་ཀྱི་མིང་དང་གོ་གནས་གཉིས་ཀ་ཡོད་པས་རེད། སྐྱེས་ཆེན་འདི་འདྲ་ཞིག་ལ་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་ནི་དགའ་འོས་བ་ཞིག་ཅི་ལ་མིན། འོན་ཀྱང་། ཁོང་ལ་ཐུག་འཕྲད་བྱེད་མཁན་གྱི་སློབ་མ་ང་ལ་ཞུ་རྒྱུ་དང་སྤྲོད་རྒྱུ་གཉིས་ཀ་མེད་ཙང་འཚེར་སྣང་ཡང་ཆེ། དོན་ངོ་མའི་འཚེར་སྣང་ཆེ།

ང་ལ་ཐུག་འཕྲད་ཀྱི་གོ་སྐབས་འདི་རང་གི་དགེ་རྒན་བརྒྱུད་ནས་རེག་པ་ཡིན། ངའི་དགེ་རྒན་གྱི་ཚ་བོ་ཟམ་གདོང་རིན་པོ་ཆེའི་སྒེར་དྲུང་ཡིན། ངས་སྒེར་དྲུང་བརྒྱུད་ནས་རེག་པའི་ཐུག་འཕྲད་རྩ་ཆེན་དེ་བློས་གཏོང་མི་འདོད། དེར་བརྟེན། ངས་ལག་ཏུ་ཀུ་ཤུ་རྒྱ་མ་གང་དང་བོད་རྒྱ་འབྲེལ་མོལ་སྐོར་གྱི་དཔྱད་རྩོམ་ཞིག་འཁྱེར་ནས་བཀའ་བློན་ལས་ཤག་གི་ཕྱོགས་སུ་བསྐྱོད། བཀའ་བློན་ལས་ཤག་གི་སྒོ་ཆུང་དེའི་ཕྱི་ལོག་ཏུ་རིན་པོ་ཆེའི་རླངས་འཁོར་ཁ་ལོ་བ་དང་སྐུ་སྲུང་བ་གཉིས་ལངས་ནས་འདུག ངས་ཁོང་གཉིས་ལ་འཛུམ་ཙམ་བྱས། ཁོང་གཉིས་ཀྱིས་ང་ལ་བལྟ་ཙམ་བྱས་སོང་། སྒོ་སྲུང་མཁན་གྱི་རྒད་པོ་ལོ་ལོན་དེས་ང་མཐོང་བ་དང་། “ཁྱོད་ནང་ལ་སོང་ན་འགྲིག” ཞེས་ལབ་སོང་།

ང་རིན་པོ་ཆེའི་ལས་ཤག་དུ་འཛུལ། སྐབས་དེར་རིན་པོ་ཆེས་ཞོགས་ཟས་མཆོད་བཞིན་པའི་སྐབས་དང་འཁེལ་ནས་འདུག ཁོང་གི་སྒེར་དྲུང་གིས་ཁང་མིག་འོག་མ་དེར་ང་ལ་སྒུག་ནས་འདུག དེ་དུས་ཆུ་ཚོད་བརྒྱད་དང་ཕྱེད་ཀ་རེད། སྒེར་དྲུང་ལགས་དང་ངེད་གཉིས་ཀྱིས་ཕྱོགས་འདྲ་མིན་གྱི་སྐོར་ལ་གླེང་མོལ་བྱས། ཁོང་གི་གླེང་མོལ་ཁྲོད་ནས་ད་ལྟ་ཡང་ངའི་དྲོན་ངོར་ཡོད་པ་གཅིག་ནི། ཁོང་གིས “རིན་པོ་ཆེ་ལ་མཛད་དཀའ་སྤྲོད་མཁན་གཙོ་བོ་ཞིག་ནི་སྤྱི་འཐུས་ཚོ་རེད། ཁོང་ཚོས་དྲི་བ་རྒྱུ་མཚན་ཡོད་མེད་གཉིས་ཀ་བཏང་ནས་རིན་པོ་ཆེའི་ལས་ཁུངས་ཀྱི་དུས་ཚོད་མང་ཆེ་བ་དེའི་སྒང་ལ་འགྲོ་གི་ཡོད་པ་རེད།” ཞེས་གསུངས་སོང་། སྒེར་དྲུང་ལགས་ནི་ཕྱི་ཚུལ་ནས་བབས་ཆགས་ཤིང་ལྷོད་ལ་བབས་པ། བཀའ་མོལ་གསུང་སྟངས་གོ་རིམ་ཡོད་པ། སྨྲ་བ་ཉུང་ཞིང་སྒམ་བརླང་ཅན་ཞིག་འདུག ངེད་གཉིས་ཀྱི་གླེང་མོལ་བྱེད་བཞིན་པའི་སྐབས་སུ། རྒྱ་གར་བ་ཞིག་གིས་ལག་ཏུ་ཀ་ར་གོ་རེ་འགྱིག་ཤོག་ཆེན་པོ་གཉིས་འཁྱེར་ནས་ནང་ལ་འཛུལ་སླེབས་སོང་། དྲུང་ཡིག་གིས་ཁོང་ལ། “དེ་ཚོ་ཕ་གིའི་སྒྲོག་ཙེའི་སྟེང་དུ་ཞོག” ལབ་སོང་། ངའི་མིག་ཟུང་ཀྱང་རྒྱ་གར་བ་དང་ཁོའི་ལག་གི་ཀ་ར་གོ་རེ་གཉིས་ལ་ཕྱོགས། དྲུང་ཡིག་ལགས་ཀྱིས་ང་ལ། “ཀ་རེ་གོ་རེ་འདི་ཚོ་རིན་པོ་ཆེའི་ཁྱི་ཚོའི་ཆེད་དུ་རེད་།” གསུངས་སོང་། “རིན་པོ་ཆེས་ཁྱི་བདག་པོ་རྒྱག་གི་ཡོད་དམ།” ངས་ཁ་ནས་དྲི་བ་དེ་ཤོར། “རིན་པོ་ཆེ་ཁྱི་ལ་ཧ་ཅང་བརྩེ་བ་ཆེན་པོ་ཡོད་པ་རེད། ཁོང་གིས་ཉིན་རྟག་པར་ལས་ཁུངས་གྲོལ་མཚམས་སུ། གངས་དཀྱིལ་གྱི་སྲང་ཁྱི་དེ་ཚོར་ཀ་ར་གོ་ར་སྤྲོད་ཀྱི་ཡོད་པ་རེད། ཁྱི་དེ་ཚོས་ཀྱང་རིན་པོ་ཆེ་ལ་དགའ་བོ་གནང་གི་རེད།” ཁོང་གིས་ལན་བཏབས། སྒེར་དྲུང་ལགས་ཀྱིས་ཆུ་ཚོད་བརྒྱད་དང་སྐར་མ་ཞེ་ལྔའི་སྟེང་དུ་ལས་དོན་གཞན་ཞིག་ཡོད་གསུངས་ནས་ཕྱི་ལ་ཕེབས་སོང་། ངས་ཁོང་ལ་བདེ་མོ་བཞག

ཅུང་ཙམ་ནས་རིན་པོ་ཆེ་གཟིམས་ཁང་ནས་མར་ཕེབས་སོང་། བོད་རིགས་ན་གཞོན་མ་ཞིག་གིས་ཀྱང་ལག་ཏུ་ཇ་དེམ་དང་ཕོར་བ་སོགས་འཁྱེར་ནས་ཕྱིར་ཐོན་སོང་། ཕལ་ཆེར་ཁོ་མོ་རིན་པོ་ཆེ་ལ་གསོལ་ཇ་དྲངས་མཁན་དང་ཞབས་གཡོགས་ཞུ་མཁན་ཞིག་ཡིན་པ་འདྲ། ངས་རང་ཉིད་ངོ་སྤྲོད་ཐུང་ཐུང་ཞིག་བྱས། ཁོང་གིས་ང་ལ་བལྟ་ཙམ་ལས་ཅི་ཡང་གསུངས་མ་སོང་། ཁོང་མདུན་གྱི་སོ་ཧྥ་དེའི་སྟེང་དུ་བཞུགས་སོང་། ང་ཡང་མར་བསྡད་། ཁོང་གིས་ལག་འཁྱེར་དུས་ཚོད་དེར་བལྟ་ཙམ་བྱས། ལག་པ་གཡོན་པ་དེས་འགྲམ་པ་སྐྱོར། ལུས་པོའི་སྟོད་དེ་གཡོན་ཕྱོགས་ལ་གཟུར་ཙམ་བྱས། མིག་ཟུང་གཉིས་ངའི་ཕྱོགས་སུ་མ་ཡིན་པར་མདུན་གྱི་སྒྲོག་ཙེའི་སྒང་ལ་ཕྱོགས།

“མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་བཞི་ཡོད་པ་རེད།” ཁོང་གིས་སྐད་ཆའི་འགོ་བཙུགས་སོང་། ངས་ཀྱང་གཟབ་ནན་ངང་ཉན། ཁོང་གིས་མུ་མཐུད་དུ། “ཆ་རྐྱེན་དང་པོ་དེ་གཟུགས་གཞིའི་བདེ་ཐང་ཟེར་བ་འདི་རེད། གཟུགས་གཞི་བདེ་ཐང་མེད་ན། སོ་སོ་མཁས་པ་ཡིན་འདྲ། ཕྱུག་པོ་ཡིན་ན་འདྲ། མི་སུ་འདྲ་ཞིག་ཡིན་རུང་སོ་སོའོ་འདོད་པ་དོན་ཐོག་ལ་ཡོང་རྒྱུ་ཁག་པོ་རེད། ལྷག་པར་དུ། ཤེས་ཡོན་སློབ་སྦྱོང་ཅི་ཙམ་ཡོད་པ་དེས་འགྲོ་བ་མིའི་སྤྱི་ཚོགས་ལ་རྒྱུན་རིང་པོར་ཕན་བདེ་བསྒྲུབ་ཐུབ་རྒྱུ་ཡང་ཁག་པོ་རེད། དེ་འདྲ་སོང་ཙང་། ལོ་ན་གཞོན་པའི་སྐབས་སུ་གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཉར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།”

ཁོང་གི་ཕྱག་གཡོན་པའི་མཐེ་བོ་དང་དང་རིང་མཛུབ་གཉིས་ཀྱིས་སོ་སོའི་སྣ་རྩེ་ལ་ཕུར་ཙམ་ཕུར་ཙམ་བྱེད། ང་ཁོང་ལ་ཅེར། ཁོང་གི་མིག་ཟུང་སྔར་བཞིན་སྒྲོག་ཙེའི་སྟེང་དུ་ཕྱོགས། ཁོང་གིས་མུ་མཐུད་དུ། “ཡང་མཚམས་རེར། ང་ཚོའི་བསམ་བློར་ལོ་གཞོན་པའི་སྐབས་སུ་གཟུགས་གཞི་བདེ་ཐང་ཡོད་ཙང་། གཟུགས་པོའི་འཕྲོད་བསྟེན་ལ་སྣང་མེད་གཏོང་གི་ཡོད་རུང་། གཟུགས་གཞི་བདེ་ཐང་ཡོད་མེད་ཟེར་བ་དེ་ལོ་ན་གཞོན་པའི་སྐབས་སུ་དེ་ཙམ་དོ་སྣང་ཡོང་གི་མ་རེད། གཟུགས་གཞི་བདེ་ཐང་ཡོད་མེད་ཟེར་བ་དེ་ལོ་ན་གཞོན་པའི་སྐབས་སུ་དེ་ཙམ་དོ་སྣང་ཡོང་གི་མ་རེད། འོན་ཀྱང༌། ལོ་ན་བཞི་བཅུ་ཕར་བརྒལ་བ་དང་གཞི་ནས་མྱོང་བ་ཐོན་ཡོང་གི་རེད། དེར་བརྟེན། མི་ཚེ་ཡུན་གནས་ཀྱི་སྒོ་ནས་འགྲོ་བ་མིའི་སྤྱི་ཚོགས་ལ་འགན་འཁུར་རྒྱུའི་བསམ་བློ་གཏོང་མཁན་ཞིག་ཡིན་ན་ད་ལྟ་ནས་གཟུགས་གཞིའི་འཕྲོད་བསྟེན་ལ་དོ་ཁུར་ཆེ་ཙམ་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།”

ཁོང་གིས་སྐད་ཆ་བཤད་མཚམས་ཅུང་ཙམ་བཞག། ངའི་ཕྱོགས་ལ་བལྟ་ཙམ་བྱེད། ངས་ཀྱང་གུས་ཞབས་ཡོད་པའི་ཚུལ་དུ་རང་གི་སྟོད་དེ་སྒུར་ཙམ་བྱས། ད་གིན་གྱི་རྒྱ་གར་བ་དེས་ངའི་མདུན་གྱི་སྒྲོག་ཙེའི་སྟེང་དུ་ཇ་ཕོར་བ་གང་བཞག་ནས་ཕྱིར་ཐབ་ཚང་དུ་འཛུལ་སོང་། ཁོང་ཕལ་ཆེར་རིན་པོ་ཆེའི་ཤག་གི་མ་བྱན་ཡིན་པ་འདྲ། རིན་པོ་ཆེས་གླེང་མོལ་བྱེད་དུས་ཁ་ནང་དུ་བྱི་རིལ་ཞིག་མུར་གི་ཡོད་པའི་བཟོ་འདུག ངས་དེ་ནི་ཁོང་གི་ཁ་ལྕེ་མི་སྐམ་པའི་སླད་དུ་མིན་ནམ་སྙམ། ཁོང་གིས་མུ་མཐུད་དུ་། “ཆ་རྐྱེན་གཉིས་པ་དེ་མི་ཚེའི་ཕུགས་བསམ་ཟེར་བ་འདི་རེད། མི་ཞིག་གི་མི་ཚེར་མཚོན་ན་ཕུགས་བསམ་ཟེར་བ་འདི་ཧ་ཅང་ནས་གལ་ཆེན་པོ་རེད། རབ་བྱུང་ན་ལོ་ན་ཉི་ཤུའི་སྔོན་ནས་སོ་སོའི་མི་ཚེའི་ཕུགས་བསམ་འདི་ཐག་ཆོད་པོ་ཞིག་དགོས་ལ། དེ་ལྟར་མ་བྱུང་རུང་ལོ་ན་ཉེར་ལྔའི་སྔོན་ལ་ཐག་ཆོད་པ་ཞིག་དགོས་རྒྱུ་ནི་ཧ་ཅང་ནས་གལ་ཆེ། མི་ཚེའི་ཕུགས་བསམ་ཟེར་བ་འདི་ཐག་མ་ཆོད་པ་ཡིན་ན་སོ་སོའི་མི་ཚེའི་ནང་ལ་ཧུར་བརྩོན་བསྐྱེད་པའི་བྱ་བཞག་མང་པོ་ཞིག་འཕྲོ་བརླག་དང་ཆུད་ཟོས་སུ་འགྲོ་གི་རེད༌། སོ་སོས་ཧུར་བརྩོན་དང་འབད་པ་བྱས་བའི་ལས་དོན་དག་གྲུབ་འབྲས་ཕུགས་འཕེར་ཅན་ཞིག་ཡོང་བ་ལ་མི་ཚེའི་ཕུགས་བསམ་འདི་ཐག་ཆོད་པོ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། མི་ཚེའི་ཕུགས་བསམ་ཟེར་དུས་ཡིན་གཅིག་མིན་གཅིག་དམིགས་ཡུལ་གཅིག་ཉར་དགོས་རེད་ལབ་ཀྱི་མེད། དམིགས་ཡུལ་ཁ་ཤས་ཉར་ཆོག་གི་རེད། འོན་ཀྱང༌། གང་ལ་དམིགས་པའི་གཞི་གཏོད་ས་དེ་ཐག་ཆོད་པོ་ཞིག་དགོས་རྒྱུ་ཧ་ཅང་ནས་གལ་ཆེན་པོ་རེད།” ངས་ཀྱང་ཡིན་པའི་བརྡ་ལ་མགོ་བོ་ནང་ཏུ་ལྕོག་ཙམ་ལྕོག་ཙམ་བྱས།

མཚམས་མཚམས་སུ། ཁོང་གིས་ལག་གཡོན་པས་ཁོང་གི་མ་ནེའུ་སྟེང་དུ་ཐ་ཐོར་ཏུ་སྐྱེས་བའི་ཁ་སྤུ་དཀར་པོ་དེ་དག་འཐེན་ཙམ་འཐེན་ཙམ་བྱེད། ཁ་སྤུ་དཀར་པོ་དེ་དག་ཡང་རིང་པོ་ཆགས་ནས་སོར་གང་ཙམ་ཡོད་བཟོ་འདུག རིན་པོ་ཆེས་མུ་མཐུད་དུ། “ཆ་རྐྱེན་གསུམ་པ་དེ་རྣམ་དཔྱོད་དང་ལྡན་པའི་སྐྱེས་བུ་ཞིག་ཆགས་རྒྱུ་དེ་རེད། ལས་དོན་ཆེ་ཕྲ་ཆུང་གསུམ་ཇི་འདྲ་བསྒྲུབ་ན་ཡང་བླུན་པོ་ཆུ་སྣ་གར་འཁྲིད་ལྟ་བུ་མ་ཡིན་པར་ལེགས་ཉེས་བླང་དོར་ཚུལ་བཞིན་དུ་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། གཞན་གྱི་ཟེར་སྒྲོས་ལྟ་བུ་ལ་བགྲངས་རྒྱུ་མ་ཡིན་པར་རང་གི་རྣམ་དཔྱོད་དེ་རང་གིས་བེད་སྤྱོད་གཏོང་དགོས། རྣམ་དཔྱོད་དང་ལྡན་པའི་སྐྱེས་བུ་ཞིག་ཆགས་ན་རང་གིས་གང་བྱས་བ་དེས་གཞན་གནོད་རང་ཕུང་གི་རིགས་ཡོང་གི་མ་རེད་ལས་དོན་སྔ་རྗེས་གང་ལ་ཡང་ནོར་བའི་རིགས་ཉུང་དུ་ཡོང་གི་རེད། མདོར་ན་སོ་སའི་ཀླད་པ་སོ་སོས་བེད་སྤྱོད་གཏོང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད།”

“ཆ་རྐྱེན་འདི་གསུམ་འཛོམས་པ་ཡིན་མི་ཚེ་ཡག་པོ་ཞིག་ཡོང་གི་རེད་དམ་ལབ་ན། ཏན་ཏན་ཡོང་གི་རེད། འོན་ཀྱང༌། མི་ཚེ་དོན་དང་ལྡན་པ་ཞིག་གི་ཡོང་གི་རེད་དམ། དེ་ཐེ་ཚོམ་གྱི་གནས་རེད། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་ཆ་རྐྱེན་འདི་གསུམ་པོ་གཅིག་པོས་འདང་གི་མ་རེད་སྙམ། ཆ་རྐྱེན་འདི་གསུམ་པོའི་སྒང་ལ་གཞན་ཕན་གྱི་བསམ་བློ་ཞེས་བ་དེ་བཞག་པ་ཡིན་ན། གཞི་ནས་མི་ཚེ་རླབས་ཆེན་པོ་དང་དོན་དང་ལྡན་པ་ཞིག་ཡོང་གི་རེད། དེར་བརྟེན། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་གཞན་ཕན་གྱི་བསམ་བློ་ཞེས་པ་འདི་ཧ་ཅང་ནས་གལ་ཆེན་པོ་རེད།”

བཀའ་མོལ་གསུངས་མཚམས་འདིར་ཁོང་གིས་ལག་འཁྱེར་ཆུ་ཚོད་དེར་བལྟ་ཙམ་བྱས་སོང༌། ཆུ་ཚོད་དགུ་བར་སླེབས་འདུག ཁོང་ཡར་བཞེངས་སོང༌། ངས་ཐུགས་རྗེ་ཆེ་ཟེར་བཞིན་ཡིག་ཐུམ་ནང་དུ་ཡོད་པའི་བོད་རྒྱ་འབྲེལ་མོལ་སྐོར་གྱི་རྩོམ་དེ་དང་ཁ་བཏགས་ཤིག་ཁོང་གི་ཕྱག་ལ་ཕུལ། “འདི་ག་རེ་རེད།” ཁོང་གིས་དྲིས། “དཔྱད་རྩོམ་ཞིག་ཡིན་” ངས་འཚེར་སྣང་དང་ལྷན་དུ་ལན་བཏབས། “རྩོམ་བྲིས་ན་ཡག་པོ་རེད།” ཁོང་གིས་དེ་སྐད་ཟེར་བཞིན་བུད་སོང་། ཁོང་གི་རྒྱབ་གཟུགས་ཕྱི་སྒོའི་ནང་ནས་མ་ཡལ་བར་དུ་ང་ལངས་ནས་བསྡད་། ངའི་སེམས་སུ། ཁོང་ལ་དངོས་སུ་མཇལ་རྒྱུ་བྱུང་བ་དང་ཁོང་གི་མི་ཚེའི་ལམ་སྟོན་དེ་བྱུང་བས་ཧ་ཅང་སྤྲོ་སྣང་ཆེ། སོ་སོའི་ངོས་ནས་རིན་པོ་ཆེར་སྤྲོད་རྒྱུ་དང་ཞུ་རྒྱུ་དམིགས་བསལ་མེད་པ་དེར་འཚེར་སྣང་ཡང་བྱུང་། དོན་ངོ་མའི་འཚེར་སྣང་བྱུང་།

ཕྱི་ལོ་༢༠༠༨ལོའི་ཟླ་༧པའི་ཚེས་༡༩ཉིན་བྲིས།
སྤྱི་ལོ་༢༠༡༣ལོའི་ཟླ་༡༡པའི་ཚེས་༢༣ཉིན་བསྐྱར་དུ་བཅོས།


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ཟམ་གདོང་རིན་པོ་ཆེ།

  1. པདྨ་ ནས།

    རེན་པོ་ཆེས་ དམངས་གཙོ་ལ མང་གཙོ་རེད་གསུང་པ་དེས་ བཙན་བྱོལ་སྤྱི་ཚོགས་ནང་ནོར་འཁྲུལ་ཆེན་པོ་བཟོས་གནང་འདུག་

Write a Reply or Comment

Your email address will not be published. Required fields are marked *

*