བོད་མིའི་རང་དབང་ལ་རེ་སྒུག

(མི་རབས་ཀྱི་ཧེ་བག་དང་ཏཱ་ལའི་བླ་མའི་དགུང་གྲངས་ཆེ་རུ་ཕྱིན་པ་ལ་མ་ལྟོས་པར་ན་གཞོན་བཙན་བྱོལ་བ་ཚོས་རྣོ་ངར་ལྡན་པའི་འཐབ་རྩོད་བྱེད་བཞིན་ཡོད་།)
Screen Shot 2014-05-05 at 1.31.02 AM

རྩོམ་པ་པོ། རཱོ་བྷར་ཁྲི བྷར་ནེ་ཁྲི།
ཡིག་སྒྱུར་བ། ཁ་སྒང་གཡང་འབུམ་ཚེ་རིང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༡༩༥༩ ལོའི་ཟླ་༣་པའི་ཚེས་༡༧ ཉིན། ཏཱ་ལའི་བླ་མ་དང་ཁོང་གི་སྲིད་གཞུང་གཉིས་བོད་དང་བྲལ་ནས་སྐྱབས་བཅོལ་དུ་བསླེབས་པ་དང་། ཉིན་གྲངས་བཅུ་གཉིས་ཀྱི་རྗེས་སུ་བོད་ཀྱི་རྒྱལ་ས་ལྷ་ས་རུ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས། གཟའ་སྔོན་མའི་ནང་དུ་འཛམ་གླིང་གི་གང་སར་ཡོད་པའི་བོད་མི་ཁྲི་༡༥ ལྷག་གིས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་དང་སྨོན་ལམ་བཏབས། ཁོང་ཚོ་རང་གི་ཕ་ཡུལ་དུ་ཕྱིར་ལོག་ཐུབ་པར་སྨོན་ལམ་བཏབས། འོན་ཀྱང་། ད་ལྟ་ཁོང་ཚོ་ད་དུང་བོད་དུ་ཕྱིར་ལོག་ཐུབ་རྒྱུར་རྟགས་མཚན་ཅི་ཡང་མེད།

ཉིན་འགའི་སྔོན་དུ་ཏཱ་ལའི་བླ་མས་མཱི་ནེ་པོ་ལི་སི་ཡི་སྐྱབས་བཅོལ་གྲོང་ཚོ་ཆུང་ཆུང་ཞིག་ཏུ་བོད་ཀྱི་ལོ་གསར་མཛད་སྒོ་ལ་རོལ། ཚོགས་པ་འདི་ནི་རྒྱ་གར་དུ་རྟེན་གཞི་བྱས་པའི་བོད་མི་སྐྱབས་བཅོལ་བ་ནུབ་ཕྱོགས་སུ་གནས་སྤོ་བྱས་པའི་ནང་གི་གཅིག་ཡིན། ཁོང་ཚོའི་ཚོགས་པ་ནི་༡༩༥༩ ལོ་ནས་རྒྱ་གར་དུ་རྟེན་གཞི་བྱས་པ་དང་བོད་མི་ཁྲི་གཉིས་ལྷག་༡༩༩༠ ལོ་ནས་ལྷོ་ཨེ་ཤ་ཡཱ་བརྒྱུད་ཨ་མེ་རི་ཁ་དང་ཡོ་རོབ་ཁག་ཏུ་གནས་སྤོ་བྱས་པ་རེད། ད་ལོ་ནི་ཏཱ་ལའི་བླ་མས་ནུབ་ཕྱོགས་རྒྱལ་ཁབ་ནས་ལོ་གསར་ལ་རོལ་ཐེངས་ཐོག་མ་དེ་ཆགས་ཡོད། དེས་ནི་པེ་ཅིན་བློ་མི་བདེ་བར་འཇུག་བྱེད་དེ་ཉིན་ཞིག་ཁོང་བྱང་ཨ་རིར་གནས་སྤོ་བ་དང་དེར་ཁོང་གིས་སྟོབས་ཤུགས་རྒྱ་བསྐྱེད་བྱེད་སྲིད་པའི་མཚོན་རྟགས་ཤིག་རེད།

༡)
བསྡེབས་ཐོན།

ལོ་བརྒྱད་ཀྱི་རྗེས་སུ་རྒྱ་ནག་གིས་བོད་ཁྱུར་མིད་བཏང་བ་སྟེ་ཏཱ་ལའི་བླ་མ་མ་ཕེབས་སྔོན་གྱི་གཟའ་འཁོར་དེ་ལ། བོད་མི་ཁྲི་སྟོང་མང་པོ་ཏཱ་ལའི་བླ་མའི་དབྱར་ཁའི་ཕོ་བྲང་དུ་འཛོམས་ནས་རྒྱ་ནག་གི་དབང་སྒྱུར་མཚམས་འཇོག་དགོས་པའི་རེ་འདུན་བཏོན། ངོ་རྒོལ་ཤུགས་ཆེ་རུ་ཕྱིན་པ་བརྒྱུད་བཅིངས་འགྲོལ་དམག་གིས་ཁྱོན་ཡོངས་ནས་དྲག་གནོན་བྱེད་པར་གྲ་སྒྲིག་བྱས། དེ་ནས་ཟླ་༣ པའི་ཚེས་༡༧ ཉིན་ཕོ་བྲང་དུ་སྒྱོགས་མདེལ་འཕངས། མཚན་མོ་དེར་བོད་ཀྱི་བསྟན་སྲུང་གནས་ཆུང་ལ་བཀའ་འདྲི་ཞུས་ཏེ་ཏཱ་ལའི་བླ་མ་དང་ཁོང་གི་ཞབས་འཁོར་ལམ་ལ་ཞུགས་ཏེ་སུས་ཀྱང་མ་ཚོར་བའི་ངང་གྲོང་ཁྱེར་གྱི་ཕྱི་ལོགས་སུ་ཐོན་པ་དང་། རྐང་ཐང་དང་ཆིབས་རྟ་ལ་བརྟེན་ཏེ་ཉིན་གྲངས་༡༤ ཡི་རྗེས་སུ་ཁོང་ཚོ་ཧི་མ་ལ་རི་བརྒྱུད་རྒྱ་གར་དུ་འབྱོར།

ཛ་དྲག་གི་འོས་ལངས་དེ་ལ་བརྟེན་ནས་རྒྱ་ནག་གིས་ཏཱ་ལའི་བླ་མའི་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བོད་མི་མངོན་གསལ་དང་མངོན་གསལ་མ་ཡིན་པ་སྟོང་ཕྲག་མང་པོ་འཛིན་བཟུང་དང་བཀག་ཉར་བྱས་ཤིང་། བོད་མི་བགྲང་གིས་མི་ལང་བ་གཅར་རྡུང་གིས་བསད་པ་དང་བཙན་ཚུགས་ཀྱིས་རང་སྲོག་གཅོད་དུ་བཅུག་པའམ་ཡང་ན་མི་མང་པོའི་ཁྲོད་དུ་ཁྲོམ་སྐོར་གྱིས་ནག་ཉེས་བཙུགས་ཏེ་འཐབ་རྩོད་བྱས་ཤིང་། དུས་བབ་བསྟུན་ནས་རྒྱ་ནག་གི་དམག་མིས་བོད་ཀྱི་ས་མཚམས་སུ་ལྟ་སྲུང་ནན་མོ་བྱས། ཚོད་དཔག་བྱས་པ་ལྟར་ན་བོད་མི་སྟོང་ཕྲག་བརྒྱད་ལྷག་ཁོང་ཚོའི་དབུ་ཁྲིད་ཀྱི་རྗེས་སུ་འབྲངས་ཏེ་སྐྱབས་བཅོལ་དུ་བསླེབས་ཡོད།

མའོ་ཙེ་ཏུང་༼༡༩༧༦༽ འདས་རྗེས། བོད་ནང་གི་གཉའ་གནོན་དེ་དག་གི་ཚབ་ཏུ་ས་ཁུལ་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཡར་རྒྱས་སུ་བཏང་བ་རེད། དེ་རིང་གི་ལྷ་ས་ནི་མཐུན་རྐྱེན་གྲ་རྒྱས་ཤིང་། ཚོང་ར་ཆེན་པོ་དང་ཞེང་ཁ་ཆེ་བའི་གཟུགས་མཐོང་བརྙན་འཕྲིན། འབྱོར་ཕྱུག་ཅན། ཚད་མཐོ་བའི་ལག་ཤེས་ཀྱི་རྨང་རྟེན་བཅས་འཛོམས་པའི་དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་གྱུར་ཡོད། འགྱུར་བ་དང་མདུན་སྐྱོད་འདི་དག་ཕྱིན་ཡོད་ན་ཡང་དོན་དངོས་ཀྱི་རྣམ་པ་དེ་རྦད་དེ་ཁ་ཁ་རེད། ཐག་གཅོད་གང་ཡིན་རྒྱ་ནག་གི་གཞུང་འཛིན་པའི་ལག་ཏུ་ཡོད། མ་ཟད། རྒྱ་ནག་སྲིད་གཞུང་དང་གསར་འགོད་པས་ཏཱ་ལའི་བླ་མར་སྐྱོན་བརྗོད་ཤུགས་ཆེ་རུ་ཕྱིན་ཡོད།

༢)
བཙན་བྱོལ་ཁྲོད་ཀྱི་གཞུང་།

རྒྱ་གར་དུ་འབྱོར་རྗེས། ཏཱ་ལའི་བླ་མས་དེ་སྔའི་དབྱིན་ཇིའི་རྟེན་གཞི་རི་བོ་སྟེ་རྒྱ་གར་བྱང་ཕྱོགས་རྡ་རམ་སཱ་ལར་སྲིད་གཞུང་བསྐྱར་འཛུགས་བྱས། བོད་གཞུང་གིས་བྱེས་འབྱོར་བོད་མིའི་ལག་ནས་ཞལ་འདེབས་དང་དྭང་བླང་དཔྱ་དངུལ་བསྡུས་ཏེ་ཞིང་ལས་ཅན་གྱི་གཞིས་ཆགས་ཁག་དང་སློབ་གྲྭ། དྭ་ཕྲུག་ཁང་། ལག་ཤེས་སྡེ་ཚན་བཅས་བོད་མི་སྐྱབས་བཅོལ་བའི་ཆེད་དུ་རྒྱ་བལ་གཉིས་སུ་གསར་འཛུགས་བྱས་ཡོད།

སྐྱབས་བཅོལ་དུ་འབྱོར་བའི་ཐོག་མའི་ལོ་ངོ་ཉི་ཤུའི་ནང་། ཏཱ་ལའི་བླ་མ་དང་ཁོང་གི་གཞུང་གིས་༡༩༧༤ ཡི་བར་དུ་བོད་རང་བཙན་གྱི་དམིགས་འབེན་སྙེག་པ་རེད། བོད་མི་སྟོང་ཕྲག་གསུམ་ལྷག་བལ་ཡུལ་དུ་འདུ་འཛོམས་ཀྱིས་དངོས་ཟོག་དང་མ་དངུལ། ཐ་ན་བོད་ནང་དུ་དྲག་ཆས་རུ་ཁག་རྩ་འཛུགས་བྱས་པ་རེད། འོན་ཀྱང་། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་རྗེས་ཏེ་ཨ་མེ་རི་ཁ་དང་རྒྱ་ནག་གྲོས་མཐུན་བྱུང་རྗེས། ཏཱ་ལའི་བླ་མས་རང་བཙན་གྱི་འཐབ་རྩོད་བློས་གཏོང་གནང་ནས་འབྲེལ་ཡོད་ཀྱི་ཆ་རྐྱེན་ལྟར་ཁོང་ཕྱིར་ལོག་པའི་ཆ་རྐྱེན་གྱི་ཐད་དུ་རྒྱ་ནག་དང་གྲོས་མོལ་བྱེད་པའི་འགོ་བཙུགས། ལོ་རབས་དགུ་བཅུ་བའི་མཇུག་ནས་ཁོང་གིས་གསུངས་མྱོང་བ་ལྟར། གལ་ཏེ་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་ཐོབ་པ་ཡིན་ན་ཁོང་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་པང་དུ་ལོག་པ་དང་རྒྱ་ནག་གི་དབང་སྒྱུར་འོག་གནས་རྒྱུ་ཁས་ལེན་བྱས་ཡོད།

ཐབས་ལམ་འདིས་ཕྱི་འབྲེལ་ཐད་ལ་ལྟ་རིན་ཡོད་པའི་རྒྱལ་ཁ་ཞིག་བསྐྲུན། གསར་འགོད་པ་དང་མི་མང་གིས་ཁོང་གི་ལངས་ཕྱོགས་འདིར་དམིགས་བསལ་གྱིས་རྒྱབ་སྐྱོར་བྱས། མ་ཟད། ཁོང་གི་མང་མོས་རང་བཞིན་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་འདི་རྒྱལ་སྤྱིའི་ལངས་ཕྱོགས་ལས་ཀྱང་ཚད་མཐོར་ཕྱིན། འདས་པའི་ལོ་བཅུའི་ནང་དུ་ཏཱ་ལའི་བླ་མ་རྒྱ་ནག་ནས་ཡོང་བའི་སྐུ་ཚབ་དང་དེ་མིན་གྱི་ཨ་རིའི་སྲིད་འཛིན་གྱིས་མཚོན་ཁྱོན་སྲིད་འཛིན་༣༧ དང་མཇལ་འཕྲད་བྱུང་། གཟའ་སྔོན་མར་ཁོང་གིས་ཨ་རིའི་རྒྱལ་ཚོགས་ཚོགས་རའི་ནང་གྲོས་ཚོགས་ཀྱི་དབུ་འབྱེད་སྨོན་ལམ་མཛད་པ་སྟེ། ཆེས་མཐོ་བའི་ནང་པའི་ཆོས་དཔོན་ཞིག་འདི་ལྟར་གདན་ཞུ་བྱས་པ་རེད། འདི་ནི་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཟུང་འབྲེལ་གྱིས་རྒྱ་ནག་ལ་སྣང་ཆུང་བཏང་བ་ཞིག་རེད།

སྐྱབས་བཅོལ་གཞན་པའི་ཁྲོད་དུ་སྤྱི་དམངས་ཀྱི་རྒྱབ་སྐྱོར་རེག་པ་དང་། དེ་ལས་ཀྱང་གཞན་དང་འབྲེལ་བ་མེད་པར་གཅིག་པུར་ལྷག་པའི་རྒྱལ་ཁབ་ཅིག་སྟེ་མི་འབོར་ཁྲི་༡༥ ལས་མེད་པ་ཞིག་ལ་རྒྱབ་སྐྱོར་འདི་འདྲ་རེག་པ་ཧ་ཅང་ཉུང་། ཤུགས་རྐྱེན་འདིས་རྒྱ་ནག་གི་གཞུང་འཛིན་མི་སྣ་དང་ཏཱ་ལའི་བླ་མའི་སྐུ་ཚབ་གཉིས་བར་གྲོས་མོལ་བྱེད་ཐུབ་པ་དང་། ༢༠༠༢ ལོ་ནས་༢༠༡༠ བར་ཁྱོན་གྲོས་མོལ་ཐེངས་བཅུར་བྱས།

༣)
ཡུལ་བབ་སྲིད་བྱུས་ཀྱི་གྲོས་མཐུན།

གྲོས་མོལ་འདི་དག་གི་ཐད་རྒྱ་ནག་ཕྱོགས་ནས་གུ་ཡངས་ཅི་ཡང་བྱུང་མེད་པར་མུ་མཐུད་ནས་ཏཱ་ལའི་བླ་མས་རྒྱ་ནག་ཁ་བྲལ་གཏོང་བ་དང་རང་བཙན་རྩོད་ལེན་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གང་ཐུབ་བྱེད། བོད་ནང་ལོགས་དང་ཕྱི་ལོགས་ནས་རྒྱལ་ཁབ་གཞན་དང་མཉམ་འབྲེལ་གྱིས་འཐབ་རྩོད་བྱས་ཀྱང་གྲུབ་འབྲས་འབུར་དུ་ཐོན་པ་ཞིག་བྱུང་མེད། བོད་རང་བཙན་འཐབ་རྩོད་ཀྱི་ངོ་རྒོལ་དེ་༡༩༨༠ ལོར་མཇུག་སྒྲིལ་བ་སྟེ་པེ་ཅིན་སྲིད་གཞུང་གིས་ལོ་༢༠ ཡི་རིང་ལ་ཏཱ་ལའི་བླ་མར་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་བ་དེ་མཇུག་སྒྲིལ་བ་རེད། ༢༠༠༨ ལོར་མི་མང་གིས་བསྐྱར་དུ་ཟིང་འཁྲུགས་བསླངས་སྟབས་དྲག་དམག་གིས་བོད་དུ་གཏོར་བཤིག་ཚད་མེད་བཏང་། ད་ལྟ་ཕྱི་རྒྱལ་ཡུལ་བསྐོར་བ་དག་ཀྱང་གོ་སྒྲིག་ཚོགས་ཆུང་གི་བཀོད་ཁྱབ་འོག་འགྲོ་དགོས་བྱུང་ཡོད། ཐ་ན་རང་ལུས་མེར་བསྲེགས་ཀྱིས་གྲོངས་ཟིན་པའི་ཁ་གྲངས་ཀྱང་༢༠༡༡ ལོ་ནས་ད་བར་གཞིས་སུ་བོད་མི་བརྒྱ་ཕྲག་བརྒལ་བ་བྱུང་ཡོད་པ་སྟེ། དེ་དག་གིས་ཁོང་ཚོའི་དབུ་ཁྲིད་དགོངས་པ་མ་རྫོགས་སྔོན་ནས་བོད་དུ་ལོག་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ༼ཁོང་༡༩༧༩ ཡི་ཕྱི་ཟླ་༧ པའི་ནང་།༽ འོན་ཀྱང་རྒྱ་ནག་གི་སྲིད་བྱུས་སྔར་བཞིན་མཁྲེགས་པོ་རེད།

ཏཱ་ལའི་བླ་མས་༢༠༡༡ ལོ་ནས་ཆབ་སྲིད་འགན་དབང་ལས་དགོངས་པ་ཞུས། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དེ་སྐྱ་བོ་ཞིག་ལ་སྤྲད་ཡོད། འདི་ནི་པེ་ཅིན་གྱི་རེ་འདོད་སྐོང་བའི་རྣམ་པ་ཞིག་རེད། འབད་བརྩོན་གཞན་ཞིག་ནི་ ༢༠༡༠ ལོར་རྒྱ་ནག་གཞུང་འཛིན་མི་སྣས་ནན་ཏན་གྱིས་གྲོས་མོལ་བྱེད་པར་མོས་མཐུན་བྱས་ཡོད་པས། རྡ་རམ་སྰ་ལ་གཞུང་གིས་ཐ་ན་ད་ཡོད་ཀྱི་ཆབ་སྲིད་གནས་བབ་དང་རྒྱ་ནག་གི་ཆ་རྐྱེན་དང་ལེན་བྱེད་པར་གྲ་སྒྲིག་བྱས། པེ་ཅིན་གྱིས་རྣམ་འགྱུར་དེ་གཉིས་ཚུལ་འཆོས་སུ་དགག་ནས་ད བར་བོད་ཀྱི་མདུན་མཆོང་གིས་གྲོས་གཞི་ལ་མོས་མཐུན་བྱས་མེད།

དེ་དང་ལྷན་ཅིག རྒྱ་ནག་གི་རྒྱལ་སྤྱིའི་གོ་བབ་ནི་བཙན་བྱོལ་བོད་མིའི་བློས་གཏོང་ལ་མ་ལྟོས་པར་མཐོ་རུ་འགྲོ་ཡི་ཡོད། ༢༠༠༧ ལོར་ཡེ་ཤུའི་བླ་ཆེན་པཱོབ་སྦེ་ནེ་སྒྲི་ཁི་ཊི་ཁྲི་རབས་༡༦ པ་ཡིས་ཏཱ ལའི་བླ་མ་དང་མཇལ་འཕྲད་མ་གནང་བ་དང་། ༢༠༠༨ ལོར་དབྱིན་ཇིས་གསལ་གསལ་ཐིང་ཐིང་གིས་པེ་ཅིན་གྱིས་བཏོན་པའི་དགོས་འདུན་ལྟར་བསྒྲུབས་པ། ཧྥ་རན་སི་དང་ཏཱན་མཱད་གཉིས་ཀྱང་ལོ་དེར་དེ་གའི་རྗེས་སུ་འབྲངས་པ་རེད། སཱི་པན་དང་ཨི་ཊ་ལི། སྦེལ་ལྗམ་བཅས་ཀྱི་ཆེས་མཐོའི་མི་སྣས་ཀྱང་ཁོང་དང་མཇལ་འཕྲད་ཞུ་རྒྱུ་གཡོལ་བ་རེད། བརྒྱུད་ལམ་ཁག་ནས་གསལ་བ་ལྟར་ན་ ༢༠༡༡ ལོར་པེ་ཅིན་གྱི་གནོན་ཤུགས་འོག་ལྷོ་ཨ་ཧྥི་རི་ཁས་ཁོང་ལ་ཕྱིར་བསྐྱོད་ཕྱག་འཁྱེར་སྤྲོད་པའི་གནད་དོན་དེ་ཁས་མ་བླངས་པ་སྟེ། ཁོང་གི་སྙན་ཞུ་ཧ་ཅང་འཕྱི་བོར་འབྱོར་བར་ཁ་གཡར། ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་མང་པོ་ཞིག་བཙན་བྱོལ་བོད་མིའི་དབུ་ཁྲིད་དང་མཇལ་འཕྲད་ཞུ་མཁན་ཉུང་དུ་འགྲོ་བཞིན་ཡོད། ལོ་སྔོན་མར་སྲིད་འཛིན་གཉིས་དང་མཇལ་འཕྲད་བྱུང་བ་རེད། ༢༠༠༡ ལོ་དང་བསྡུར་བ་ཡིན་ན་༢༠༡༡ལོར་དབུ་ཁྲིད་༡༡ དང་མཇལ་འཕྲད་བྱུང་ཡོད ། བལ་ཡུལ་ནི་བོད་ནས་འབྱོར་བའི་སྐྱབས་བཅོལ་བ་ཁྲི་གཉིས་ལྷག་གི་འཚོ་བའི་རྟེན་གཞི་གལ་ཆེན་ཞིག་ཡིན། འོན་ཀྱང་། རྒྱ་ནག་གི་དབང་འཛིན་མི་སྣས་མུ་མཐུད་དུ་བཀོད་ཁྱབ་དང་བོད་མི་སྐྱབས་བཅོལ་བར་བརྡབ་གསིག་གཏོང་བ། མ་ཟད་བལ་ཡུལ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་དང་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་པའི་རྣམ་པ་གང་ཡིན་ལ་གཏོར་རྒོལ་གཏོང་བའི་དགོས་འདུན་བཏོན་ཡོད།

༤)
ཤོག་ཁག་སོ་སོར་གྱེས་པ།

བོད་ཀྱི་ན་གཞོན་ཚོགས་པས་བོད་ཀྱི་ཆབ་སྲིད་གནད་དོན་ཐད་ལྷག་བསམ་རྣམ་དག་གིས་ལས་དོན་སྒྲུབ་བཞིན་ཡོད། ཁོང་ཚོས་དྲ་རྒྱ་དང་གསར་འགྱུར་བརྒྱུད་ལམ་ཁག་བརྒྱུད་ནས་གསར་འགྱུར་སྤེལ་བ་དང་། རྒྱབ་སྐྱོར་ཚོགས་པ་གོ་སྒྲིག་དང་། སྡིངས་ཆའི་སྟེང་བྱ་འགུལ་སྤེལ་བ། ངོ་རྒོལ་རྩ་འཛུགས་དང་ཆབ་སྲིད་མི་སྣ་ངོ་སྤྲོད་བཅས་བྱེད་ཀྱི་ཡོད། དེར་བརྟེན་ཡུལ་བསྐོར་བ་འགའ་ཤས་རྒྱ་གར་དུ་ཡོང་ནས་དེང་རབས་ཤེས་ཡོན་སྤེལ་རོགས་དང་དབྱིན་སྐད་འཁྲིད་པ། ཁོང་ཚོའི་རྩ་དོན་ལྟར་ཁོང་ཚོའི་བཙན་བྱོལ་སྤུན་ཟླ་རྣམས་ཀྱི་ཆེད་དུ་ལས་འགུལ་སྤེལ་བ་བཅས་བྱེད་ཀྱི་ཡོད།

འོན་ཀྱང་བཙན་བྱོལ་ནང་གི་མི་རབས་གསར་བ་འདི་དག་གིས་མི་རབས་རྒན་པ་རྣམས་དང་བསྡུར་བ་ཡིན་ན་ཏཱ་ལའི་བླ་མ་ལ་ བརྩི་བཀུར་དེ་ཙམ་ཞུ་ཡི་མེད། རྒྱ་ནག་གིས་ཁོང་གི་ཆག་ཡང་གི་གྲོས་གཞི་ལ་ཁས་ལེན་མི་བྱེད་པ་དེས་ཁོང་གི་ཞི་འགྲིག་གི་ཆབ་སྲིད་ལངས་ཕྱོགས་ལ་དེ་བས་ཀྱང་མི་དགའ་བར་ཆགས་པ་རེད། དེར་བརྟེན་ཁོང་གི་དགོངས་འཆར་ལ་འདོད་མོས་ཡོད་མཁན་དང་བོད་རང་བཙན་གཙང་མའི་དམིགས་འབེན་འཛིན་མཁན་གཉིས་བར་གྱི་འགལ་ཟླ་ཇེ་ཆེ་རུ་འགྲོ་ཡི་ཡོད། ད་བར་དུ་བཙན་བྱོལ་བོད་མི་མང་ཆེ་བས་ཏཱ་ལའི་བླ་མའི་ཆེས་མཐོའི་རང་སྲིད་རང་སྐྱོང་གི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པ་རེད། རྒྱུ་མཚན་ནི་ཁོང་ཚོའི་ཕུགས་རེ་དེ་ག་རང་རེད། འོན་ཀྱང་འགལ་བ་འདིས་ཁོང་ཚོ་ཕན་ཚུན་གྱི་དམིགས་ཡུལ་དང་ནུས་པའི་ཁ་ཕྱོགས་གཞན་དུ་སྒྱུར་གྱི་འདུག མ་ཟད་ཏཱ་ལའི་བླ་མ་སྐུ་གྲོངས་པ་ཡིན་ན་གནད་དོན་འདི་དེ་ལས་ཛ་དྲག་དང་མ་འོངས་པར་ཁོང་ཚོ་ཕན་ཚུན་འགལ་བ་ལྟག་སྤྲོད་དུ་འགྱུར་མི་སྲིད་པ་མིན།

དེ་དང་མཉམ་དུ་བོད་རིགས་ན་གཞོན་བཙན་བྱོལ་བ་ཚོས་ཛ་དྲག་གི་གནད་དོན་དེ་ལས་མང་བ་ཞིག་ལ་ཁ་གཏད་གཅོག་དགོས། ཁོང་ཚོ་དང་བསྡུར་ན་གཞིས་བཞུགས་བོད་མིས་མི་འབོར་གྱི་བརྒྱ་ཆའི་༩༧ ཟིན་གྱི་ཡོད། འདིས་བོད་ཀྱི་མ་འོངས་པའི་གནད་དོན་ནི་བོད་དུ་ཡོད་པའི་བོད་མིས་ཐག་གཅོད་བྱ་ངེས་པ་མཚོན། ཚོད་དཔག་བྱས་པ་ལྟར་ན་གཞིས་བཞུགས་བོད་མི་ཁྲི་༦༠༠ ལྷག་ཡོད ། ཁོང་ཚོས་ཀློག་པ་དང་འབྲི་བ་ཚང་མ་རང་ཉིད་ཀྱི་ཕ་སྐད་སྤྱོད་ལ། བཙན་བྱོལ་ཁྲོད་དང་བསྡུར་ན་བོད་སྐད་ཆུ་རྒྱུག་རྒྱུག་ཡིན། ཁོང་ཚོ་མང་ཆེ་བས་རྒྱ་སྐད་ཀྱང་ཆུ་རྒྱུག་རྒྱུག་བཤད་ཐུབ། ཚོང་འབྲེལ་དང་གཞུང་ཡིག ཤེས་ཡོན་ཐད་ཀྱི་ཁྱབ་ཆེའི་སྐད་ཡིག་ནི་བོད་ཡིག་ཡིན། འཚོ་བའི་གནས་བབ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ཁོང་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་ལངས་ཕྱོགས་ཀྱིས་ཁོང་ཚོའི་ཆབ་སྲིད་ལ་སྐུལ་འདེད་གཏོང་བ་ཁོ་ན་མ་ཡིན་པར་དངོས་ཡོད་འཚོ་བའི་ནང་གི་གནད་དོན་དག་གིས་ཀྱང་ངོ་།།

ན་གཞོན་སྐྱབས་བཅོལ་བ་འདི་དག་གིས་དམིགས་བསལ་གྱིས་བོད་སྐད་བཤད་ཀྱི་ཡོད། འོན་ཀྱང་བོད་ཡིག་ཀློག་པ་དང་འབྲི་བར་དེ་ཙམ་མི་ལེགས། ཉུང་ཤོས་ཤིག་གིས་རྒྱ་སྐད་དང་རྒྱ་ནག་གི་ཆབ་སྲིད་ཤེས་ཀྱི་ཡོད། ཡིན་ན་ཡང་། ཁོང་ཚོའི་མ་འོངས་པའི་བུ་ཕྲུག་རྣམས་ཀྱིས་ཐ་ན་བོད་སྐད་ཀྱང་བཤད་མི་ཤེས། གལ་སྲིད་རྒྱ་ནག་གི་སྲིད་བྱུས་བཟང་དུ་ཕྱིན་ན་ཡང་བཙན་བྱོལ་བ་མང་པོ་ཞིག་བོད་དུ་ཕྱིར་ལོག་སྲིད་ཀྱི་མ་རེད། ཏཱ་ལའི་བླ་མ་སྐུ་གྲོངས་རྗེས། གཞིས་བཞུགས་རྣམས་བཙན་བྱོལ་ནང་གི་མི་རབས་རྣམས་ལ་ལྟ་བར་ཡོང་སྲིད། རྒྱུ་མཚན་ནི་ཁོང་ཚོར་རྒྱ་ནག་དང་མཉམ་དུ་རྩོད་རྙོག་ཐག་གཅོད་བྱེད་ཐུབ་པའི་ཐབས་ལམ་དང་ཤེས་ཡོན་ཡོད་པས་རེད།

འདི་ནི་རྒྱ་ནག་གིས་བོད་ཀྱི་གནད་དོན་ལ་ཁ་གཏོད་པར་དཀའ་ངལ་ཏོག་ཙམ་ལས་མེད་ཅེས་པའི་དོན་མིན། པེ་ཅིན་སྲིད་གཞུང་གིས་རང་དང་ལྟ་ཚུལ་མི་མཐུན་པ་དག་ལ་དྲག་གནོན་བྱས་པར་བརྟེན་ ༢༠༠༨ ལོ་ནས་བོད་པ་ནང་ཁུལ་ནས་ཏཱ་ལའི་བླ་མ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བོད་མིའི་གྲངས་འབོར་མང་དུ་ཕྱིན་པ་རེད། རྒྱ་ནག་གིས་ཡོངས་ཁྱབ་ཀྱི་སྒོ་ནས་ཏཱ་ལའི་བླ་མའི་མཛད་སྤྱོད་ལ་ངོ་རྒོལ་དང་མཁྲེགས་བཟུང་གི་སྲིད་བྱུས་དེས་ཁོང་བོད་དང་ཁ་མ་བྲལ་བའི་སྐབས་ཏེ་དུས་རབས་ཕྱེད་ཀའི་སྔོན་དང་བསྡུར་བ་ཡིན་ན་སྙན་གྲགས་ཆེ་རུ་འགྲོ་བཅུག་ཡོད། ནུབ་ཕྱོགས་སུ་ཡོད་པའི་ན་གཞོན་བོད་མིས་རྒྱ་ནག་གིས་བོད་ཀྱི་ཐོག་ཏུ་བཟུང་བའི་སྲིད་བྱུས་ལ་འགྱུར་བ་འགྲོ་བར་ཤུགས་སྣོན་རྒྱག་གི་ཡོད། འདི་ལྟར་སྒྲུབ་ཆེད། ཁོང་ཚོས་རྒྱ་སྐད་སྦྱོང་བ་དང་བོད་ནང་དུ་སློབ་སྦྱོང་ལ་འགྲོ་ཡི་ཡོད། ཁོང་ཚོར་ད་དུང་རྒྱ་སྐད་ཡག་པོ་ཤེས་མཁན་གྱི་བོད་མི་དབུ་ཁྲིད་དང་སློབ་སྟོན་པ་དགོས་ཀྱི་ཡོད། གལ་སྲིད་དེ་ལྟར་བྱུང་བ་ཡིན་ན་། ཐ་ན་ཏཱ་ལའི་བླ་མ་སྐུ་མ་བཞུགས་པའི་གནས་སྐབས་ན་ཡང་། བོད་གཞིས་བྱེས་གཉིས་ཟུང་འབྲེལ་གྱིས་རྒྱ་ནག་ལ་གནད་ལ་འཁེལ་བའི་ཁ་གཏད་ཅིག་ལྕོགས་ཐུབ་ཀྱི་ཡོད།


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*