རྐང་ལམ་ཕྲ་མོ་ཞིག་ནས་གཞུང་ལམ་ལྟ་བུར་འཁྲིད་ཐབས་ལ་མི་འགྲོ་དང་ལས་གཞི་གཉིས་ཀ་སྤར་དགོས།

Kunga Gyaltsen

བཅར་འདྲི་ཞུ་ཡུལ། ཀུན་དགའ་རྒྱལ་མཚན།
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

༡)
དྲི་བ།
བཙན་བྱོལ་དུ་བོད་ཡིག་ནང་བྱིས་པའི་རྩོམ་རིག་གི་རྒྱུ་ཆ་མང་པོ་མེད་པའི་དཀའ་ངལ་གང་ལ་ཐུག་གམ།

དྲི་ལན།
བཙན་བྱོལ་དུ་བོད་ཡིག་ཐོག་ལ་བྱིས་པའི་རྩོམ་རིག་གི་རྒྱུ་ཆ་མང་པོ་མེད་པ་དངོས་འབྲེལ་རེད། འོན་ཀྱང་རྒྱུ་ཆ་མང་པོ་མེད་པ་དེ་ཐོག་མའི་ཆར་ལ་དཔལ་འབྱོར་གྱི་དཀའ་ངལ་དང་མི་ཆའི་དཀའ་ངལ་གཉིས་ཀ་ལ་བརྟེན་ནས་ཡོང་སྲིད་པ་རེད། འོན་ཀྱང་ད་ཆ་ལོ་ངོ་ལྔ་བཅུ་ལྷག་ཙམ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གཞུང་སྒེར་གང་ཐད་ནས་དཔལ་འབྱོར་གནས་སྟངས་གང་འཚམས་ཡག་པོ་ཆགས་ཡོད་པ་མ་ཟད། གཞུང་འབྲེལ་ལས་གཞི་ཁག་ལ་རོགས་སྐྱོར་གནང་མཁན་མི་ཉུང་བ་ཡོད་པས། རྒྱུ་མཚན་དེ་བཀོད་ན་རྒྱུ་མཚན་ལྟར་སྣང་ཆགས་ཀྱི་རེད། འོ་ན། བྱིས་པའི་ཀློག་ཆས་རིགས་ཉུང་དྲགས་དོན་གང་ཡིན་ནམ་ཞེ་ན། རྒྱུ་མཚན་གང་འཚམས་ཡོད་ངེས་རེད།

གང་དྲན་པ་ཁག་ཅིག་ཞུས་ན། དང་པོ། སློབ་ཁྲིད་བརྒྱུད་ལམ་སྐད་ཡིག་དེ་ཨིན་ཇི་ཡིན་སྟབས། ཨིན་ཇིའི་བྱིས་པའི་དཔེ་དེབ་ང་ཚོས་བཟོ་མི་དགོས་པར་རྒྱ་གར་གྱི་ཁྲོམ་རར་འབེལ་འབེལ་ལྷུག་ལྷུག་ཡོད་པ་དང་། བོད་ཀྱི་སྐད་ཡིག་ནི་སྐད་ཡིག་ཅིག་གི་ངོ་བོ་ཙམ་དུ་ལྷག་པ་ལ་བརྟེན་ནས་འཐུས་ཤོར་ཕྱིན་པར་བསམ་གྱི་ཡོད། གཞུང་ཕྱོགས་ནས་ཀྱང་ཕྱི་ལོ་ ༡༩༩༠ བར་དུ་སློབ་ཕྲུག་གི་ཆེད་དུ་སློབ་དེབ་ལས་འཕྲོས་པའི་བརྙན་དེབ་ལས་གཞི་འགོ་བཙུགས་མ་ཐུབ་པ་རེད། གཉིས་པ། ད་ཆ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་བ་བཞིན། ཁ་ཕྱོགས་དེར་འཁྲིད་ཐབས་ལ་དེ་མཚུངས་ཀྱིས་སློབ་ཕྲུག་རྣམས་ལ་མཐུན་རྐྱེན་བསྐྲུན་དགོས་པ་ལྟར། དེ་ཙམ་གྱིས་དམིགས་བསལ་ཤུགས་སྣོན་མ་བྱུང་བ་ལྟ་བུ་རེད། སྟབས་ལེགས་པ་ཞིག་ལ་འདི་ལོར་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་ཚན་པའི་གོ་སྒྲིག་འོག་<<སོན་རྩ་བྱིས་པའི་དེབ་ཕྲེང་>>གི་ལས་གཞི་གསར་པ་ཞིག་འགོ་བཙུགས་ཟིན་པ་ལྟར། ལས་གཞི་དེའི་ནང་ལ་འཛིན་རིམ་དང་པོ་ནས་བཞི་པ་བར་དུ་མཐོ་དམན་དབྱེ་འབྱེད་ཀྱིས་ཀློག་དེབ་བཅུ་ཚན་བཞི་(ཁྱོན་དེབ་ ༤༠)པར་སྐྲུན་ཞུ་ཡི་ཡོད།

ལས་གཞི་འདི་ལྟ་བུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཐེངས་དང་པོ་ལྟ་བུ་ཆགས་ཡོད། ལས་གཞི་དེའི་ཆེད་དུ་ད་ཕན་ལ་འཛུལ་ཞུགས་པ་མི་འགྲོ་ ༡༧ ལ་ཟབ་སྦྱོང་ཐེངས་གཉིས་གནང་ཟིན་པ་དང་། ཕྱི་ཟླ་ ༦ ཚེས་ ༥ ནས་ ༧ བར་དུ་ཟབ་སྦྱོང་ཐེངས་གསུམ་པ་སྤྲད་ཀྱི་རེད། དེའི་ཐོག་ནས་འབྱུང་འགྱུར་འཛིན་རིམ་དང་པོ་ནས་བཞི་པ་བར་རམ། ལོ་ན་ ༤ ནས་ ༧ བར་གྱི་སློབ་ཕྲུག་རྣམས་ལ་བོད་ཡིག་ཀློག་ཆས་དམིགས་བསལ་ཞིག་ཡོང་བའི་རེ་བ་ཡོད། དེབ་འདི་ཚོ་ཀློག་ཆས་ཆེད་དུ་གཙོ་བོར་དམིགས་ནས་བཟོས་པ་ལས་སྒྲུང་ལ་དམིགས་ནས་མིན། གསུམ་པ། དེང་སང་མི་སྒེར་ལ་ཀར་འཁོར་དང་ཇིབ་འཁོར་སོགས་ཉོ་ཐུབ་པའི་གནས་སྟངས་ཡོད་ཀྱང་། བྱིས་པའི་བོད་ཡིག་དཔེ་དེབ་དེ་དག་གཞུང་དང་སྒྲིག་འཛུགས་ཀྱིས་གནང་དགོས་པ་མ་གཏོགས་གང་ཟག་སྒེར་པའི་ལས་འགན་མིན་པའི་ཚོར་སྣང་མེད་དམ་སྙམ། གང་ལྟར་གང་ཟག་སྒེར་པས་པར་སྐྲུན་གནང་མཁན་ཆེས་དཀོན། བཞི་པ། དེ་སྔོན་གྱི་སློབ་ཁྲིད་བརྒྱུད་ལམ་ཨིན་ཇི་ཡིན་པ་དེས་སློབ་གྲྭ་འགྲིམས་མྱོང་བའི་བོད་མི་བརྒྱ་ཆ་ ༩༠ ཙམ་ཞིག་ལ་ཨིན་ཇིའི་སྐད་ཡིག་གི་ཆུ་ཚད་ཀྱང་ཡག་པོ་མེད་པ་མ་ཟད། བོད་ཡིག་ཆུ་ཚད་དེ་བས་ཀྱང་དཀའ་བའི་གནས་སྟངས་འོག་ནས། རྒྱུ་མེད་པས་འབྲས་བུ་ཡོང་ཐབས་མེད་པའི་གནས་སྟངས་ཤིག་ཀྱང་བྱུང་ཡོད། དེ་འདྲའི་དབང་གིས་བྱིས་པའི་ཀློག་དེབ་ཀྱི་རྒྱུ་ཆ་ཉུང་དྲགས་པར་འདོད།

༢)
དྲི་བ།
བཙན་བྱོལ་དུ་བོད་ཡིག་གི་བྱིས་རྩོམ༌རྩོམ་སྒྲིག་གི་ཐད་ལ་དཀའ་ངལ་གཙོ་བོ་གང་དག་འཕྲད་ཀྱི་འདུག་གམ།

དྲི་ལན།
སྤྱིར་བཏང་ལས་ཀ་གང་འདྲ་ཞིག་ཡིན་ཡང་ཆེད་ལས་པ་དགོས་གལ་ཆེ་ཡང་། བཙན་བྱོལ་དུ་བོད་ཡིག་གི་བྱིས་པའི་རྩོམ་སྒྲིག་དང་བྱིས་པའི་བརྙན་དེབ་འབྲི་མཁན་རྣམས་ལ་དེང་དུས་ནུབ་ཕྱོགས་པའི་བྱིས་པའི་སེམས་ཁམས་དང་བསྟུན་ནས་བྱིས་སྒྲུང་སོགས་འབྲི་ཐབས་ཀྱི་ཆེད་ལས་ཐོན་པ་ཕལ་ཆེར་མེད། དེའི་དབང་གིས་ཞན་ཆ་ཡོང་ངེས་ཤིང་། དེ་ནི་ཆོས་ཉིད་རེད། འོན་ཀྱང་ཉམས་མྱོང་ཐོག་ནས་ཡར་རྒྱས་གཏོང་དགོས་པ་ཏན་ཏན་ཡོད་རེད། རང་ཉིད་ལ་མཚོན་ནའང་། བྱིས་པའི་ཁམས་དང་འཆར་སྒོ་ལྟར་འབྲི་རྒྱུ་ནི་ལས་སླ་པོ་མིན་པ་དང་། ཁོ་ཚོའི་ཁམས་མོས་ལྟར་དྲན་རྒྱུ་རྒོད་པོ་མེད་པའི་དཀའ་ངལ་ཡོང་གི་འདུག དེ་བཞིན་རབ་བྱུང་ན། བྱིས་སྒྲུང་རྩོམ་མཁན་རྣམས་ཀྱི་རི་མོ་འབྲི་ཤེས་པ་ཡིན་ན། སྒྲུང་གི་ནང་དོན་ཧྲིལ་པོ་སོ་སོས་ཤེས་ཀྱི་ཡོད་སྟབས་དེ་མཚུངས་རི་མོ་འབྲི་རྒྱུར་ཕན་ཐོགས་ཆེ་བ་ཡོད་ཀྱང་། ང་ལ་མཚོན་ན། རི་མོའི་སྒྱུ་རྩལ་གྱི་ཆ་རྐྱེན་ཡང་ཚང་གི་མེད།

༣)
དྲི་བ།
བཙན་བྱོལ་དུ་བོད་ཡིག་ནང་བྱིས་རྩོམ་གི་སྤུས་ཀ་ཇེ་ཡག་དང་རྒྱུ་ཆ་སྣ་མང་དུ་གཏོང་བ་ལ་ཐབས་ཤེས་གང་དག་འདུག་དགོངས་ཀྱི་འདུག་གམ།
དྲི་ལན༑
ཡར་རྒྱས་ལ་མཐའ་མེད་པར་བརྟེན་བྱིས་རྩོམ་འབྲི་མཁན་རྣམས་ཀྱིས་བྱིས་རྩོམ་གྱི་སྤུས་ཀ་ཇེ་ལེགས་སུ་གཏོང་ཐབས་ལ་དེང་སང་བརྡ་འཕྲིན་དུས་ཚོད་ཀྱི་མཐུན་རྐྱེན་ལོངས་སུ་སྤྱད་དགོས་པ་དང་གཅིག དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་གྱི་མཁས་པ་ཁག་དང་། དེ་བཞིན་བོད་པའི་གསོན་ཉམས་ལའང་གོ་བབ་གཅིག་མཚུངས་ཀྱིས་གཟིགས་དགོས་གལ་ཡིན་སྟབས། བོད་པའི་མཁས་དབང་ཁག་ནས་ལམ་སྟོན་ཞུ་རྒྱུ་དང་གཉིས། དེ་མིན་བྱིས་པའི་རྩོམ་འབྲི་མཁན་དབར་བགྲོ་གླེང་གནང་ནའང་ཉམས་མྱོང་སྤེལ་རེས་ཏན་ཏན་བྱེད་ཐུབ་ཀྱི་རེད།

རྒྱུ་ཆ་མང་དུ་གཏོང་བར་སྤྱི་སྒེར་གཉིས་ལ་ཆོད་སེམས་བརྟན་པོ་དགོས་པའི་ཐོག གཞུང་ཕྱོགས་ནས་ཤེས་ཡོན་སྲིད་བྱུས་གསར་པའི་ཁ་ཕྱོགས་ལ་རྐང་ལམ་ཕྲ་མོ་ཞིག་ནས་གཞུང་ལམ་ལྟ་བུར་འཁྲིད་ཐབས་ལ་མི་འགྲོ་དང་ལས་གཞི་གཉིས་ཀ་སྤར་དགོས་པ་མ་ཟད། བོད་མི་སྒེར་གྱི་ངོས་ནས་ཀྱང་བྱིས་པའི་བརྙན་དེབ་རིགས་རྩོམ་རྒྱུ་ཤིན་ཏུ་ནས་གལ་ཆེ་བའི་ཚོར་སྣང་ཆེན་པོ་ཡོད། དེ་འདྲའི་དབང་གིས་སྔ་ལོ་ནས་ང་རང་སྒེར་གྱིས་ཀྱང་དེའི་ཁ་ཕྱོགས་སུ་གོམ་པ་སྤོ་འགོ་བཙུགས་པ་ཡིན། རྗེས་སུ་ཀློག་པ་པོའི་མཐུན་འགྱུར་ཡག་པོ་གནང་བ་བྱུང་ན། ལོ་རེར་བྱིས་པའི་བརྙན་དེབ་རེ་གཉིས་འདོན་རྒྱུའི་འཆར་གཞི་ཡོད། འོན་ཀྱང་ཀློག་པ་པོའི་ཁོར་ཡུག་ཆུང་ངུ་དེས་ཀྱང་རྒྱབ་སྐྱར་མ་བྱུང་ན། རིན་མེད་དུ་འགྲེམས་སྤེལ་བྱས་ཚེ་མ་རྩ་རྣམས་ཐེངས་གཅིག་ལ་རྫོགས་ནས་ཕྱིན་ཆད་ལས་གཞི་དེ་མུ་མཐུད་ཐབས་མེད་པ་དགོངས་འཇགས་གནང་དགོས་གལ་ཆེ། བོད་ཁྱིམ་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་སློབ་ཕྲུག་སྒེར། ཝཱ་རཱ་ཎ་སཱིའི་སློབ་གཉེར་བ་བཅས་ཀྱིས་རྒྱབ་སྐྱོར་གང་འཚམས་ཡག་པོ་གནང་སོང་། དེ་བཞིན་དེ་དག་ཏུ་བཞུགས་པའི་ཕྲན་གྱི་གྲོགས་པོ་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་ཚོང་སྒྱུར་རོགས་རམ་ཞུས་པ་བཅས་ལ་གོ་སྐབས་འདི་བརྒྱུད་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེའི་སྔོན་ལ་བོད་མི་འགའ་ཤས་ཀྱིས་བྱིས་པའི་སྒྲུང་དེབ་ཁ་ཤས་བཟོས་གནང་འདུག དེའི་རིགས་མུ་མཐུད་རྒྱུ་གལ་ཆེ་བ་མ་ཟད། མིག་དཔེ་བཟང་ཕྱོགས་ལ་བལྟས་ནས་སྒེར་པ་ཇེ་མང་ཇེ་མང་གིས་བྱིས་སྒྲུང་བརྙན་དེབ་འདོན་པའི་རེ་བ་རྒྱག་གི་ཡོད། དེའི་ཐོག་ལ་འགྲན་སྡུར་གྱི་རྣམ་པ་བྱུང་བ་ཡིན་ནའང་དགེ་ལས་སྐྱོན་དུ་མི་འགྲོ་བ་གདོན་མི་ཟ། དེ་དང་ཆབས་ཅིག་ཏུ་དེ་འདྲའི་ལས་ཀ་བྱེད་མཁན་རྣམས་ཀྱི་ལས་གཞི་ལམ་ལྷོང་དང་མུ་མཐུད་ཐུབ་པར་ཀློག་པ་པོ་སྤྱི་དང་། ལྷག་པར་དུ་སློབ་གྲྭ་ཁག་ནས་མཐུན་འགྱུར་གནང་དགོས་པ་བཤད་མི་དགོས།

ལོ་རྒྱུས་མདོར་བསྡུས།
ཀུན་དགའ་རྒྱལ་མཚན་གྱིས་༢༠༠༠ལོ་ནས་༢༠༠༧ལོའི་ཟླ་གཉིས་པ་བར་སུ་ཇཱ་བོད་ཁྱིམ་དུ་བོད་དགེའི་ལས་ཀ་དང་། དེའི་རྗེས་ནས་ད་ལྟའི་བར་ཤེས་རིག་ལས་ཁུངས་སུ་ཕ་ཡུལ་ཤེས་བྱའི་བང་མཛོད་དང་། གངས་ལྗོངས། གླིང་སྒྲུང་དོན་བསྡུས་གཞོན་ནུའི་མགྲིན་རྒྱན་བཅས་ཀྱི་རྩོམ་སྒྲིག་པའི་ལས་ཀ་བྱས་དང་བྱེད་མུས་ཡིན། ཁོང་རྒྱ་གར་རྡ་ལམ་ས་ལར་བཞུགས།


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*