དྲན་ཤེས་བསྟེན་པའི་ཚོང་ལས།

རྩོམ་པ་པོ། རྗོ་སིས་ཧྥི་ ཞོམ་ཕིས་ཀྲར། (Joseph Schumpeter)

ཡིག་བསྒྱུར་བ། ཆོས་རྒྱལ་སྐྱབས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

མེ་སུ བེ་བྷིར་(Max Weber)གྱིས་༡༩༥༠་ལོར་བརྩམས་པའི་དཔེ་དེབ་“ཡེ་ཤེས་ཆོས་ལུགས་གསར་མའི་ཀུན་སྤྱོད་དང་མ་རྩ་རིང་ལུགས་ཀྱི་སྙིང་པོ་”ཞེས་པའི་ནང་དུ། མ་རྩ་རིང་ལུགས་ཡར་རྒྱས་འགྲོ་བར་ཡེ་ཤེས་ཆོས་ལུགས་གསར་མས་ཕན་ཐོགས་ཡོད་པའི་ཡིད་ཆེས་བྱས་འདུག ད་ལྟའི་དུས་སུ་ནང་ཆོས་ཀྱི་ཀུན་སྤྱོད་ཀྱིས་མ་རྩ་རིང་ལུགས་མུ་མཐུད་གནས་པར་ཕན་ཐོགས་ཡོད་པ་འདྲ། ཡེ་ཤེས་ཆོས་ལུགས་གསར་མ་བ་ཚོས་རྒྱུ་མཚན་ལྡན་པའི་འཆར་འགོད་དང་བག་ཡོད་སྐོར་ནན་བརྗོད་བྱས་འདུག ནང་པ་ཚོས་ནི་ཉི་མ་རེ་རེའི་བྲེལ་འཚུབ་ཀྱི་ལས་ཀའི་ཁྲོད་ནས་དུས་ཚོད་ཟུར་ཏུ་བཏོན་སྟེ། སེམས་ཁམས་ལྷོད་ལྷོད་དང་སྒོམ་རྒྱག་རྒྱུ་གལ་ཆེན་ཡིོན་པ་བསྟན་འདུག ད་ལྟའི་གཅིག་སྒྲིལ་གྱི་འཛམ་གླིང་འདིའི་ནང་དུ། སོ་སོའི་བཀག་རྒྱ་ལས་དྲན་ཤེས་བསྟེན་ཐབས་ཀྱི་སྐོར་མང་བ་གོ་བ་རེད།

འཚོལ་བཤེར་ལས་ཁུངས་གྷོ་གྷིལ་(Google)་གྱིས་“རང་ཉིད་ཀྱི་ནང་སེམས་འཚོལ་བ”་ཞེས་པའི་སློབ་ཚན་ཞིག་སྤྲོད་ཀྱི་ཡོད། དེ་ཧ་ཅང་སྐད་གྲགས་རྒྱས་པས། གྷོ་གྷིལ་གྱིས་“ཀླད་རྩའི་རང་ཉིད་འགོག་པ”་དང་“རང་གི་ནུས་པ་སྟངས་འཛིན”་ཞེས་པའི་འཛུལ་རྒྱུགས་ཀྱི་ཚད་གཞི་ཞིག་བཟོས་ཡོད། འཚོལ་བཤེར་ལས་ཁུངས་ཆེན་པོ་འདིས་“གོམ་བགྲོད་སྒོམ་སྒྲུབ”་ཀྱི་མ་ལག་ཞིག་ཀྱང་བཟོས་ཡོད། ཨི་བྷེ་(Ebay)་ལ་མེ་ཏོག་སྔས་མགོ་དང་མེ་ཏོག་གིས་ཁེངས་བའི་སྒོམ་སྒྲུབ་ཉམས་ལེན་ཁང་མང་པོ་ཡོད། ཌི་ཝེ་ཌིལ་(Twitter)་དང་ངོ་དེབ་ལས་ཁང་གཉིས་ཀྱིས་རང་ནུས་ཡོད་རྒུ་བཏོན་སྟེ། དྲན་ཤེས་བསྟེན་པའི་འགྲན་བསྡུར་གྱི་སྔུན་ཏུ་སླེབས་ཐབས་བྱེད་ཀྱི་ཡོད། ཌི་ཝེ་ཌིལ་གསར་འཛུགས་མཁན་གྲས་ཀྱི་ཨེ་ལན་ ཝེ་ལམ་སི་(Evan Williams)་ཡིས་གསར་འཛུགས་གནང་བའི་ཚོང་ལས་འཆར་འགོད་དང་མ་འཛུགས་སྐྱེད་འཕར་གྱི་ཚོང་དོིན་ལས་ཁུངས་ཨོ་བྷི་བི་སི་ཚོང་ལས་ཁང་(Obvious Corporation)དུ་སྒོམ་སྒྲུབ་བསྟུད་མར་བྱེད་པའི་སློབ་ཚན་ཞིག་སྤྲོད་ཀྱི་ཡོད།

སྣང་ཚུལ་འདི་ནི་སི་ལེ་ཁོན་ལུང་པ་(Silicon Valley)ཁོ་ན་མིན་པར། འཛམ་གླིང་གཅིག་སྒྲིལ་གྱི་ཆ་ཤས་ག་ས་གང་དུ་ཁྱབ་ཡོད། རོས་བྷིར་ཌི་ མོར་ངྷོ་ཁི་ལ་(Rupert Murdoch)་ལེགས་གྲུབ་བྱུང་བའི་བདེན་པ་གཞལ་ཆས་ཤིག་ཡོད་ཀྱང་། ད་ལོའི་ལོ་སྟོད་དུ་ཁོང་གིས་རྟོག་པ་རང་གྲོལ་གྱི་སྒོམ་སྒྲུབ་སྐོར་ལ་དོ་སྣང་སླེབས་ཡོད་པའི་གནས་ཚུལ་ཌི་ཝེ་ཌིལ་སྟེང་དུ་སྤེལ་འདུག (ཁོང་ལ་ཀུན་གྱིས་སྒོམ་སྒྲུབ་བྱས་ན་ལེགས་ཚུལ་གསུངས་འདུག) བྷི་རེ་རྗི་ ཝ་ཌིར་མཉམ་སྦྲེལ(Bridgewater Associates)་གྱི་རེ་ ངྷ་ལོ་(Ray Dalio)་དང་པེམ་ཁོའོ་(PIMCO)་ཡི་བྷེལ་ ཁི་རོ་སི་(BillCross)གཉིས་ནི་དངུལ་སྒོར་སྟངས་འཛིན་གྱི་ཚོང་ལས་ནང་གི་མི་སྣ་སྐད་གྲགས་ཆེན་པོ་གཉིས་རེད། ཁོང་གཉིས་ཀ་དུས་རྒྱུན་སྒོམ་སྒྲུབ་བྱེད་མཁན་ཡིན། རེ་ངྷ་ལོས་ཁོང་གི་ཚོང་ལས་ཀྱི་ལམ་འགྲོར་སྒོམ་ཉམས་ལེན་གྱིས་ཐེབས་པའི་ཤུགས་རྐྱེན་ལས་ཆེ་བ་ཞིག་གཞན་གང་གིས་འཐེབས་མེད་ཅེས་བརྗོད་འདུག

དྲན་ཤེས་བསྟེན་ཐབས་ཀྱི་ཤིང་རྟ་མདུན་སྐྱོད་བྱེད་པ་ནི་༡༩༦༠་རེ་གྲངས་ཀྱི་རིག་གཞུང་གདོང་ཐུག་གི་རྐྱེན་ལས་བྱུང་བ་རེད། དེས་མ་རྩ་རིང་ལུགས་ཀྱི་ཁྲག་རྩའི་ནང་དུ་རྒྱལ་ཁམས་འགྲིམས་པའི་སྨན་ཁབ་བརྒྱབ་ཡོད། ཝིར་ཅེན་(Virgin)་དང་བྷེན་(Ben)། རྗེ་རེ་སི་(Jerry’s)། ཀུ་ཤུ་རྟགས་ཅན་གྱི་བཟོ་ཚོང་ཁང་དག་ཡར་རྒྱས་ཕྱིན་པའི་བརྒྱུད་རིམ་ལ་གཞིགས་ན། བཟོ་ཚོང་འདི་དག་གི་མཉམ་འཛུགས་བྱེད་པོ་སི་ཌེས་ཝི་ རྗོབ་སི(Steve Jobs)་ལོ་ན་གཞོན་པའི་དུས་སུ་རྒྱ་གར་ཏུ་སྒོམ་སྒྲུབ་བྱེད་པར་ཕྱིན་པ་དང་། ཁོང་གིས་རྒྱུན་ཏུ་བཟོ་ཚོང་ཁང་དེ་དག་གི་ཐོན་རྫས་ཀྱི་བཟོ་བཀོད་ལ་རྫེན་(Zen)་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཇི་ལྟར་ཐེབས་ཚུལ་སྐོར་བརྗོད་ཡོད། འོན་ཀྱང་། དྲན་ཤེས་བསྟེན་པའི་ཤིང་རྟ་འཁོར་ལོ་ཇེ་མགྱོགས་སུ་གཏོང་མཁན་གྱི་གནད་དོན་གསུམ་ཡོད།

གནད་དོན་གསུམ་གྱི་ནང་གི་མངོན་གསལ་དོད་ཤོས་ཤིག་ནི། ཐམས་ཅད་མཐུད་སྦྲེལ་བྱས་ཡོད་པའི་གནད་འགག་ལ་ཐུག་ཡོད། བར་མེད་དུ་གློག་ཆས་རིགས་འཐམ་པ་དེས་མི་རྣམས་ཀྱི་ནུས་པ་རྫོགས་འཇུག་གི་ཡོད། གློག་ཆས་དག་གིས་མི་ཡི་ཚོར་ཤེས་ལ་ཁུར་བོ་འགེལ་བ་ཁོ་ན་མིན་པར། ངལ་གསོའི་དུས་ཚོད་ཀྱང་དབང་དུ་བསྡུས་ཡོད། གློག་ཆས་དག་ནི་སོ་སོར་བསྟེན་ཡོད་པ་དཔེར་ན། ཌི་ཝེ་ཌིལ་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་
སྟེང་གནས་ཚུལ་ཅི་ཙམ་མང་པ་སྤེལ་བ་དེ་ཙམ་གྱིས་གྲུབ་འབྲས་དང་ལེགས་གསོལ་ཐོབ་ཀྱི་ཡོད་ལ། གནས་ཚུལ་དེ་བསྐྱར་སྤེལ་ཡང་སྤེལ་བྱེད། དྲན་ཤེས་བསྟེན་པ་ནི་གློག་ཆས་འདི་དག་དང་ཁ་བྲལ་བའི་ཁ་གཡར་ས་ཤིག་ཆགས་ཀྱི་ཡོད། དྲན་ཤེས་བསྟེན་རྒྱུ་སྐུལ་སློང་བྱེད་མཁན་གྱི་མི་ཞིག་གིས་ཉམས་མྱོང་དེ་དེ་མཇུག་སྡོམ་བརྒྱབ་པ་ལྟར་(ཆད་པ་ནས་མཐུད་པ་)་ལྟ་བུ་ཞིག་རེད། རྒྱུ་མཚན་གཉིས་པ་ནི་དཔལ་འབྱོར་འདུ་འགོད་ཀྱི་འདུར་རྒྱུག་རེད། ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་བློ་སེམས་རྩེ་གཅིག་ཏུ་གཏད་པ་དེས་ཕྱོགས་ཡོངས་ཀྱི་རྙོག་གླེང་གི་ནད་ཡམས་དང་། རྒྱ་ཁྱབ་ཀྱི་སེམས་ཁྲལ་བསྐྲུན་གྱི་ཡོད་པས། དྲན་ཤེས་བསྟེན་པའི་ཉམས་ལེན་གྱིས་ཕྱིའི་དངོས་པོ་ཡར་རྒྱས་ཀྱི་ལམ་ལྷོངས་ལས་ལྷག་པའི་ལམ་འགྲོ་ཞིག་ཡོད་པ་ནན་བརྗོད་བྱེད་ཀྱི་ཡོད། རྒྱུ་མཚན་གསུམ་པ་ནི། དྲན་ཤེས་བསྟེན་སྟངས་ཏེ་ཁོ་ན་ཉིད་ཚོང་ལས་རང་རྐྱ་བ་ཞིག་ཆགས་འདུག

འཕེལ་ཕྱོགས་འདི་ཇེ་མང་དུ་འགྲོ་བཞིན་པའི་ཡིད་དབང་འགུག་པའི་ལམ་སྟོན་པའི་ཁྱུ་ཚོགས་ཤིག་ཡོད། གྷོ་གྷིལ་འཚོལ་བཤེར་ལས་ཁུངས་ཀྱི་ཆ་རྡེ་ མེང་(Chade Meng)་གིས་སྤྲོ་སྣང་ཅན་གྱི་ལས་རོགས་(Jolly Good Fellow)་ཞེས་པའི་ལས་ཀའི་མིང་བྱང་ཞིག་སྙན་གྲགས་རྒྱས་བཅུག་ཡོད་པ་ནི། སོ་སོའི་ནང་སེམས་འཚོལ་བ་ཞེས་པའི་སློབ་ཚན་གྱི་བློ་སྐྱེད་ལས་བྱུང་བ་ཞིག་རེད། རྩལ་རླུང་ཡོ་ག་དང་སྒོམ་གྱི་ཉམས་ལེན་སློབ་ཁྲིད་བྱེད་མཁན་དང་། ཌི་ཝེ་ཌིལ་སྤྱི་ཚོགས་འབྲེལ་མཐུད་དྲ་བར་དང་དོད་བྱེད་མཁན་སོ་རན་ གྷོར་རྡ་མིར་(Soren Gordhamer)་གྱིས་(ཤེས་རབ༢་༠)་ཞེས་པའི་དྲན་ཤེས་བསྟེན་ཐབས་ཀྱི་སྐད་གྲགས་ཆེ་བའི་བགྲོ་གླེང་རིམ་པ་ཁག་བཀོད་སྒྲིག་བྱེད་ཀྱི་ཡོད། སྨན་དཔྱད་ཡོ་ཆས་བཟོ་ཚོང་ཁང་མེ་སྒྲི་ཌི་རོ་ནས་ཁྲི་(Medtronic)་ཡི་གཙོ་གཉེར་བ་ཟུར་པ་དང་། རྒོལ་ཌི་མན་ སེ་ཁི་(Goldman Sach)་ཡི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བྷེལ་རྗོལ་རྗེས་(Bill George)་ཀྱིས་རང་རྟོགས་དང་རང་ལ་བྱམས་པའི་མགོ་ཁྲིད་གསོ་སྐྱོང་བྱེད་ཐབས་སུ་ཧར་ཝར་ཌི་གཙུག་ལག་སློབ་གྲྭའི་ཚོང་ལས་སྡེ་ཁག་ཏུ་དྲན་ཤེས་བསྟེན་པའི་སྦྱོང་བརྡར་ངོ་སྤྲོད་བྱེད་ཀྱི་ཡོད།

ཚོང་རིག་སྡེ་ཁག་གཞན་དུའང་དྲན་ཤེས་བསྟེན་པའི་སྦྱོང་བརྡར་ལག་ལེན་ཏུ་བསྟར་གྱི་ཡོད། སིད་སུའི་ཨེལ་ཨེམ་སྒྲེས་(IMD)་གྱི་སློབ་དཔོན་བྷིན་ བྷིར་ཡན་ཌི་ནང་བཞིན། ཁི་ལེར་མོན་ཁྲི་()་གཙུག་ལག་སློབ་གཉེར་ཁང་གི་སྒྲི་རོས་ཁི་(Druker)་འཛིན་སྐྱོང་སློབ་གླིང་གི་རྗེ་རེས་མེས་ཧན་ཌིར་(JerenyHunter)་གྱིས་སློབ་མ་ཚོར་དྲན་ཤེས་བསྟེན་ཐབས་འཁྲིད་ཀྱི་ཡོད། རྡོན་སྒྲེས་ པི་ལོའོ་མན་(Donde་Plowman)་གྱི་ནེ་བྷི་ར་སི་ཁ་(Nebraska)་གཙུག་ལག་སློབ་གྲྭའི་འཛིན་སྐྱོང་དང་སྟངས་འཛིན་སྡེ་ཁག་གིས་དྲན་ཤེས་བསྟེན་ཐབས་ཀྱི་གྲངས་ཚད་གཏན་འབེབས་བྱེད་ཐབས་བྱས་འདུག ཤེས་རབ་ཀྱི་བཞུར་རྒྱུན་འདིའི་ཁ་ཕྱོགས་གཅིག་ཁོ་ན་མ་རེད། ཉི་ཧོང་གི་དགེ་འདུན་པ་ཀེ་སོ་ཁི་ མ་ཏི་སོས་མོ་ཏོ་(Keisuke Matsumoto)་ཡིས་རྒྱ་གར་ཧེ་ཏི་ར་བྷ་ཏིར་(Hyderabad)་ཡོད་པའི་རྒྱ་གར་ཚོང་ལས་སློབ་གླིང་དུ་ཨེམ་བྷེས་ཨེ་(MBA)་སློབ་སྦྱོང་གནང་ཞིང་། ད་ལྟ་རང་ཡུལ་གྱི་ལྷ་ཁང་ཁག་ཡར་རྒྱས་གཏོང་བར་ཁོང་གི་སློབ་སྦྱོང་དེ་ཚོ་བྱེད་སྤྱོད་བྱེད་ཀྱི་ཡོད།

དྲན་ཤེས་བསྟེན་པའི་ཉམས་ལེན་གྱི་བཀོལ་སྤྱོད་ནི་ཚོང་ལས་ཀྱི་ངོ་བོར་གྱུར་ཡོད་པས། ཨ་རེས་ན་ ཧོས་ཧྥེན་ཀྲོན་(Ariana Hufington)་གྱིས་(བླ་སྲོག་འཚོལ་ཆེད་ཀྱི་ཕྱོགས་སྟོན་འཁོར་ལོ)་ཞེས་པའི་དྲན་ཤེས་བསྟེན་ཐབས་ཀྱི་བགྲོ་གླེང་གི་ཤོག་ངོས་ཤིག་ཧོས་ཧྥེན་ཀྲོན་གསར་གནས་(Hufington Post)་སུ་རྩོམ་སྒྲིག་བྱེད་ཀྱི་ཡོད། ལོས་ལོས་ལེན་མོན་(Lululemon)་གྱི་གཙོ་བདག་དང་རྩལ་རླུང་ཡོ་གའི་མཁོ་ཆས་འཚོང་མཁན་ཆིབ་ ཝེལ་སོན་(Chip Wilson)་གྱིས་(whil.com)་ཞེས་པའི་དྲ་ཚིགས་ཤིག་གཉེར་གྱི་ཡོད་ལ། ཁོང་གིས་ཉམས་ལེན་པ་ཚོར་ནག་ཐིག་ཅིག་བསྒོམ་སྟེ། སྐར་ཆ་དྲུག་ཅུའི་རིང་ལ་ཀླད་པའི་བྱེད་ནུས་ཀྱི་སྒོ་རྒྱོབ་ཅེས་སྐུལ་མ་བྱེད་བཞིན་ཡོད། (ནུས་པ་གྱེན་དུ་འདྲེན་པ། ནུས་པ་ཐུར་ཏུ་འཐེན་པ། ནུས་པ་མདུན་དུ་འདོན་པ།)་

གྲོང་གསེབ་ཏུ་སྤྲོ་འཆམ།
དྲན་ཤེས་བསྟེན་ཐབས་ཡོད་ཚད་ཀྱིས་ཕན་ཐོགས་ཀྱི་འདུག་གམ། དྲན་ཤེས་བསྟེན་པའི་ཐབས་ལམ་ཁག་གཅིག་གིས་ལུས་སེམས་གཉིས་ཀར་ཕན་ངེས་ཅན་ཞིག་ཐོགས་ཀྱི་ཡོད་པའི་དཔང་རྟགས་ཁག་ཅིག་མཐོང་རྒྱུ་འདུག སྒྲོ་ཁི་(Duke)་མཐོ་རིམ་སློབ་གཉེར་ཁང་གི་གསོ་རིག་སློབ་གླིང་གིས་བཏོན་པའི་ཞིབ་འཇུག་སྙན་ཐོའི་ནང་དུ་བསྟན་དོན། གཟའ་འཁོར་རེ་རེར་དུས་ཚོད་གཅིག་གི་རིང་ལ་རྩལ་རླུང་སྒོམ་སྦྱང་བྱེད་པ་དེས་ངལ་རྩོལ་བ་ཚོའི་སེམས་ཀྱི་གནོན་ཤུགས་ཀྱི་གནས་ཚད་གསུམ་ཆ་གཅོག་གི་ཡོད་པ་དང་། ལོ་རེའི་འཕྲོད་བསྟེན་སྲུང་སྐྱོབ་ཀྱི་འགྲོ་སོང་ཆ་སྙོམས་ཨ་སྒོར་༢༠༠༠་ཙམ་བསྲི་ཚགས་བྱེད་ཐུབ་ཀྱི་འདུག བསམ་གཤིས་གྱོང་བའི་མི་ཚོས་གྲོང་གསེབ་ཏུ་སྤྲོ་འཆམ་ལ་འགྲོ་བ་དེར་དེ་མཚུངས་ཀྱི་ཕན་ཡོན་ཡོད་སྐོར་བརྗོད་སྲིད་ལ། ཁོང་ཚོས་ད་དུང་འཕྲོད་བསྟེན་ཉེན་སྲུང་གི་ཆ་ཤས་ཤིག་ཏུ། རྩལ་རླུང་སྒོམ་སྒྲུབ་དང་དྲན་ཤེས་བསྟེན་པའི་ཐབས་ལམ་ཁག་འཚོང་མཁན་གྱི་འཕྲོད་བསྟེན་ཉེན་སྲུང་ལས་ཁུངས་ཨེ་ཌི་ན་(Aetna)་ཡིས་ཁོང་ཚོར་རྒྱབ་སྐྱོར་བྱེད་པའི་ཉམས་ཞིབ་དག་ལ་སྦྱིན་བདག་བྱེད་ཀྱི་མེད་དམ་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད་སྲིད་ཀྱང་། ལྟ་ཚུལ་དེ་འདྲ་འཛིན་པ་ནི་རྒྱུ་མཚན་གྱིས་སྟོང་བ་ཞིག་རེད། སེམས་ངལ་དང་རྣམ་གཡེང་གིས་ཁེངས་བའི་འཛམ་གླིང་འདིར། ལྷོད་ཅིག་གེར་དུས་ཡུན་གང་འཚམ་ལ་ངལ་གསོ་བྱེད་པ་དེས་ཕན་ངེས་ཅན་ཞིག་ཐོགས་སྲིད།

དྲན་ཤེས་བསྟེན་ཐབས་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ནི། ཐབས་ལམ་དེ་རང་སོ་སོ་སྐྱོབ་པའི་ལས་འགུལ་གྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པས། བཅོས་པར་འགྱུར་བའི་ནད་ཀྱི་ཆ་ཤས་ཤིག་ཆགས་ཡོད། ལམ་སྟོན་པ་ཚོས་སྒོམ་སྒྲུབ་ཀྱི་འགྲན་བསྡུར་རང་བཞིན་གྱི་ཁེ་ཕན་སྐོར་བརྗོད་པས། སློབ་མ་ཚོས་སྒོམ་སྒྲུབ་ནི་རང་ཉིད་ཀྱི་མི་ཚེའི་མདུན་སྐྱོད་ལ་ཕན་པའི་ཐབས་ལམ་ཞིག་ལ་ངོས་འཛིན་གྱི་ཡོད། དེར་ལྟར། ཉམས་ལེན་ཡོངས་རྗོགས་ཀྱི་
གནད་འགག་བརླགས་སོང་བ་རེད། རིན་གོང་མཐོ་བའི་ལོས་ལོས་ལེ་མོན་(Lululemon)་གྱི་ཕྱི་ཆས་དེ་ཚོ་ནང་པ་ཚོས་ཕྱིའི་དངོས་པར་ཆོག་ཤེས་བྱེད་པའི་སྤྱོད་ལམ་དང་འབྲེལ་བ་ཅི་ཞིག་འདུག གློག་ཀླད་ནང་དུ བཟོས་པའི་ནག་ཐིག་ཅིག་ལ་མིག་ཟུང་ཅེར་བ་དེ་གནའ་བོའི་སྒོམ་སྒྲུབ་ཀྱི་སྒྱུ་རྩལ་དང་འབྲེལ་བ་ཅི་ཞིག་འདུག ཤར་ཕྱོགས་ཀྱི་ཆོས་ལུགས་ཀྱིས་མ་རྩ་རིང་ལུགས་ལ་བསྒྱུར་བཅོས་བྱས་པ་ལས། ནུབ་ཕྱོགས་ཀྱི་མ་རྩ རིང་ལུགས་ཀྱིས་ཤར་ཕྱོགས་ཀྱི་ཆོས་ལུགས་ལ་བསྒྱུར་བཅོས་མང་པོ་བཏང་བ་ཡོད་པ་འདྲ།


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*