ཐོག་བརྩེགས་བཅུ་པའི་གདོན་འདྲེ།

1

བཅར་འདྲི་ཞུ་ཡུལ། བསྟན་འཛིན་བསོད་ནམས་དང་རེས་ཏུའུ།
བཅར་འདྲི་ཞུ་མཁན། ར་བེས ཆན་རྡུ་ར། (Ravi Chandra)
སྒྱུར་བ་པོ། སྐལ་བཟང་ཉི་མ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཨང་ཀི་བཅུ་ནི་སྒྱུ་འཕྲུལ་ཅན་གྱི་གྲངས་ཀ་ཞིག་རེད། གཅིག་གྲངས་རྣམས་བཅུ་ལ་སླེབས་ན་གཉིས་གྲངས་སམ་ལྡབ་གྲངས་ཆགས་ཀྱི་ཡོད། མུ་མཐུད་དུ་རྒྱ་བསྐྱེད་བྱེད་པ་ལ་མཛུབ་མོས་ཁེངས་བའི་ང་ཚོའི་ལག་པ་གཉིས་ལ་གཞན་ གྱི་ལག་རོགས་ཀྱང་དགོས། ཉེ་ཆར་གཞས་པ་Cibo Matto ཡིས་བཀྲམས་པའི་འོད་སྡེར་གསུམ་པ་Hotel Valentine ཡི་ནང་གི་གླུ་གཞས་ཐོག་བརྩེགས་བཅུ་པའི་གདོན་འདྲེ་(Ghost on the 10th floor)དེ་ལ་ཡ་མཚན་དགོས་བ་མི་འདུག གྲངས་གནས་བཅུ་དང་དེ་ཡི་སྒང་མ་རྣམས་ཀྱིས་འུ་ཅག་ལ་བརྩེ་དུང་གི་སྐོར་གླེང་ཞིང་། བརྩེ་དུང་ཉིན་མོའི་གདུང་བ་ལ་ཡང་གྲངས་གནས་གཅིག་ལས་ལྷག་པའི་སེམས་གསོ་དགོས། གྲངས་གནས་བཅུ་ཡི་ཐོག་ཏུ་གྲངས་གནས་དཀྱུས་མ་དག་ཀྱང་ཐུན་མོང་མ་ཡིན་པ་ཆགས་འགྲོ། དེ་རིང་སྤྱི་ལོ་༢༠༡༤ཟླ་གསུམ་པའི་ཚེས་བཅུ་ཡི་ཉིན་མོ་འདིས་སྤྱི་ལོ ༡༩༥༩ལོའི་བོད་མིའི་སྒེར་ལངས་ཀྱི་དུས་དྲན་ཐེངས་ང་ལྔ་པ་སྲུང་བརྩི་བྱེད་པ་རེད། ལྔ་གཉིས་ཀྱིས་བཅུ་གྲུབ་པ་དང་དེ་བཞིན་དམིགས་བསལ་གྱིས་དོ་གལ་ཆེ་བ་ཞིག་ནི་ད་ལོའི་ལོ་འདི་ལ་ཁེམ་ཧྤེ་སི་ཁྲེ་(CAAMFest)ཡིས་བོད་ཀྱི་རྩ་དོན་ནང་འཐིམས་པའི་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་དང་རེས་ཏུའུ་བཟའ་ཟླ་གཉིས་ལ་གཟེངས་བསྟོད་བྱས།

འདིར་བོད་དང་རྒྱ་ནག་གི་མི་རྣམས་ཀྱི་རང་སྣང་དང་འགལ་འདུ་ཅན་གྱི་ལྟ་ཚུལ་དང་དམིགས་ཡུལ་བཅས་སྣ་མང་དང་རང་སྣང་མཐུན་འགྲིག་ཡོང་བའི་ཕུགས་བསམ་ཞིག་ཏུ་བསྒྱུར་ཏེ་སྤྱི་ཚོགས་ལ་འགྱུར་བ་ཞིག་ཡོང་རེ་བྱེད་ཀྱིན་ཡོད་རེད། ཟིན་བྲིས་བདག་པོས་ཀྱང་ཤིང་རྟ་ལོ་འདི་ཡིས་བོད་ཀྱི་མི་མང་དང་ཆོས་ལུགས། སྐད་ཡིག ཁོར་ཡུག་བཅས་ལ་ཉེན་སྲུང་བྱེད་ཐུབ་པའི་རེ་བ་དང་། I hope the ghost of the 10th becomes zeitgeist.

དྲི་བ།
(ར་བེས།) ཐོག་མར་འདྲི་རྒྱུ་ཞིག་ལ། ཁྱོད་གཉིས་བྷེ་ ཨེ་རི་ཡ་རུ་ངོ་འཕྲད་པ་རེད་དམ། རྒྱུ་མཚན་ཅི་ཞིག་གི་དབང་གིས་འདིར་ཡོང་བ་དང་ཁྱོད་གཉིས་ངོ་འཕྲད་སྟངས་སྐོར་གསུང་ཐུབ་བམ། སྐབས་དེ་དུས་ནས་ཁྱོད་གཉིས་ཀ་གློག་བརྙན་ལ་དོ་སྣང་ཡོད་དམ། སྐབས་དེ་དུས་ནས་ཁྱོད་གཉིས་ཀྱིས་ཁེམ་ཧྥེ་སི་ཁྲེའི་(སན་ ཧྥུ་རན་སེ་སི་ཀོ་ཡི་རྒྱལ་སྤྱིའི་འེ་ཤ་ཡ་དང་ཨ་རིའི་གློག་བརྙན་དུས་སྟོན།)བྱ་འགུལ་ཁག་ལ་ཞུགས་པ་ཡིན་ནམ།

ལན།
(རེས་ཏུའུ།) དངོས་གནས་བྱས་ན། ཐོག་མར་ང་བསྟན་འཛིན་ལ་དྷི་ལི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་པའི་སྐབས་སུ་ཐུག་པ་དང་ངོ་ཤེས་ཆགས་པ་རེད། སློབ་མཐར་ཕྱིན་རྗེས་ངེད་གཉིས་རང་རང་གི་ལམ་དུ་ཕྱིན་པ་རེད་དེ་སྤྱི་ལོ་༡༩༨༣ལོར་བྷེ་ ས་གནས་སུ་ཡང་བསྐྱར་ངོ་ཐུག་པའི་སྐབས་བར་དུ་མུ་མཐུད་ནས་འབྲེལ་བ་བྱས་པ་ཡིན། བསྟན་འཛིན་གྱིས་UC Berkeley ཡི་སྒྱུ་རྩལ་སློབ་གྲྭ་རུ་སློབ་སྦྱོང་བྱེད་ཀྱིན་ཡོད་རེད། ང་རང་ཁེ་ལི་ཧྥོར་ནི་ཡའི་སྒྱུ་རྩལ་སློབ་ཆེན་དུ་གཟུགས་མཐོང་བརྙན་ལེན་དང་གློག་བརྙན་གྱི་MFAསློབ་སྦྱོང་བྱེད་དུ་ཡོང་བ་རེད། ངེད་གཉིས་ཀ་གློག་བརྙན་ལ་དགའ་བོ་ཞེ་དྲགས་ཡོད་མཁན་གྱི་རིགས་ཡིན་པས་ཁོམ་པ་ཡོད་པའི་དུས་ཚོད་ཚང་མ་གློག་བརྙན་ལ་ལྟ་རྒྱུའི་ཆེད་དུ་བཏང་པ་ཡིན། སྐབས་དེ་དུས་ནས་བྷེ་ ས་གནས་སུ་འཁྲབ་སྟོན་ཀྲིག་ཅར་ཅན་གྱི་གློག་བརྙན་ཁང་ཁྱད་དུ་འཕགས་པ་མང་པོ་ཡོད། ངེད་གཉིས་ཀྱིས་ཉམས་ཞིབ་ལས་གཞི་ཞིག་མཉམ་ལས་བྱེད་རྒྱུ་བྱས་པ་ཡིན། དེ་ནི་དངོས་བྱུང་གློག་བརྙན་ སྡོམ་པ་གསར་པ། ཡོ་བྷ་གྲོང་ཁྱེར་གྱི་སི་ཁ་སི་ཞེས་པ་དེ་རེད། སྐབས་དེ་དུས་ནས་ངེད་གཉིས་ཁེམ་(CAAM)གྱི་སྐྱེ་ཕྲེང་སྔོན་མ་ནེ་ཁྲ་(NAATA)ཡི་ནང་དུ་ཚུད་པ་རེད། ནེ་ཁྲ་ཡིས་ངེད་གཉིས་ལ་གློག་བརྙན་དེ་རྒྱལ་ཡོངས་ཀྱི་ཕི་བྷི་ཨེ་སི་(PBS)སྟེང་དུ་འགྲོ་ཐུབ་པར་རོགས་རམ་གནང་པ་དང་། གློག་བརྙན་དེ་ད་དུང་ཁེམ་གྱིས་འགྲེམ་སྤེལ་བྱེད་པ་དེ་འདྲའི་འབྲེལ་ལམ་རིང་མོ་ཞིག་ལས་བྱུང་བ་རེད།།

དྲི་བ།
(ར་བེས) ཁྱོད་གཉིས་ཀྱི་ལས་གཞི་དག་གཞི་རྩ་བོད་དང་འབྲེལ་འདུག ཁྱོད་གཉིས་རེ་རེས་རང་རང་སྒེར་དང་བོད། བོད་ཀྱི་རྩ་དོན་དབར་གྱི་འབྲེལ་བའི་སྐོར་གསུང་ཐུབ་བམ།
ལན།
(བསྟན་འཛིན།) ངའི་འབྲེལ་བ་ནི་ཡ་ཡོ་མེད་པ་ཞིག་རེད། ང་རྒྱ་གར་དུ་བོད་མི་སྐྱབས་བཅོལ་བའི་ཕ་མ་གཉིས་ལ་སྐྱེས་པ་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འཚར་ལོངས་བྱུང་པ་རེད། བོད་ཀྱི་རྩ་དོན་ནི་ངའི་མི་ཚེའི་ཧྲིལ་བོར་སྒྲུབ་པ་ཞིག་ཆགས་ཡོད་པས། ངེད་གཉིས་ཀྱི་ལས་གཞི་མང་པོ་བོད་ཀྱི་གནད་དོན་མང་པོའི་ཐོག་ལ་དམིགས་སུ་བཟུང་པ་དེ་ཡ་མཚན་པོ་ཞིག་མ་རེད།

ལན།
(རེས་ཏུའུ།) ང་བསྟན་འཛིན་ལ་མ་ཐུག་སྔོན་ལའང་བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་རེད། ང་ལ་བོད་པའི་ནང་པའི་དགོན་པ་རུ་བཙུན་མ་ཡིན་མཁན་གྱི་སྤུན་མཆེད་ཅིག་ཡོད། མ་ཟད་ངའི་ཨ་ཕའི་ཡབ་མེས་ཚོའི་གཞིས་ཀ་རྡ་རམ་ས་ལ་རུ་ཡོད་ལ། ད་ལྟའི་སྨན་རྩིས་ཁང་ཆགས་ས་དེ་རེད། ད་དུང་ངས་བསྟན་འཛིན་དང་ལྷན་དུ་ལས་ཀ་བྱེད་འགོ་བཙུགས་པའི་རྗེས་ནས་བོད་ཀྱི་རྩ་དོན་དང་འབྲེལ་བ་ཆེ་རུ་སོང་ཡོད་པའང་བཤད་མ་དགོས་པ་རེད།།

དྲི་བ།
(ར་བེས།) གློག་བརྙན་ལས་གཞི་ཁག་གིས་ཁྱེད་གཉིས་ཀྱིས་བོད་དང་རྒྱ་ནག འཛམ་གླིང་ཁྱོན་ཡོངས་ཀྱི་ལྟ་སྟངས་ལ་ཤུགས་རྐྱེན་དང་འགྱུར་ལྡོག་གང་འདྲ་བྱུང་དུ་བཅུག་ཡོད་དམ། མ་ཟད་ངས་དངོས་བྱུང་གློག་བརྙན་བཟོ་མཁན་དག་དང་ཁྲིམས་རྩོད་པ་རྣམས་ཀྱིས་མཉམ་ལས་བྱེད་སྟངས་གང་འདྲ་ཡིན་པ་ཤེས་འདོད་འདུག ཁྱེད་གཉིས་ཀྱིས་གཏམ་རྒྱུད་ཅིག་བཞེངས་བསྐྲུན་བྱེད་པའི་སྐབས་སུ་དཀའ་ངལ་འདྲ་འདུག་གམ།

ལན།
(བསྟན་འཛིན།) ཕལ་ཆེར་ལོ་ངོ་སུམ་ཅུ་ལ་ཉེ་བའི་རིང་བོད་ཀྱི་རྩ་དོན་མང་པོ་དང་གནད་དོན་མང་པོ་ཞིག་གི་སྟེང་ལ་ཕྱིར་རྟོག་དང་འཚོལ་ཞིབ། དངོས་བཤུས་སྒྲིག་སྦྱོར་བཅས་བྱས་པའི་ངེད་གཉིས་ཀྱི་གློག་བརྙན་ཁག་བརྒྱུད་དེ། ཕྱོགས་གཅིག་ནས་ངེད་གཉིས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཆབ་སྲིད་དང་རིག་གཞུང་གི་ཐད་ནས་འགྱུར་ལྡོག་མང་པོ་ཞིག་སོང་པ་དེ་དང་མཉམ་དུ་འགྲོ་ཐུབ་པ་བྱུང་བ་རེད། ངེད་གཉིས་ཀྱིས་རང་རང་སྒེར་ངོས་དང་ལས་ཀ་གཉིས་ཀ་བརྒྱུད་དེ་བོད་ཀྱི་འཐབ་རྩོད་ཀྱི་མཐོ་ས་དང་དམའ་ས་ཐམས་ཅད་རང་ངོས་ནས་ཉམས་སུ་མྱངས་པ་རེད། ངའི་བསམ་པར་ངེད་གཉིས་ཀྱི་གློག་བརྙན་ལས་གཞི་ཡིས་འགྱུར་ལྡོག་འདི་དག་ལ་ངེས་ཤེས་གཏིང་ཟབ་ཅིག་རྙེད་པར་ཕན་ཡོད་པ་རེད། སྐབས་ཐོག་འདིར་ངེད་གཉིས་ཀྱིས་རྒྱ་ནག་གི་རྒྱལ་སྤྱི་རང་བཞིན་གྱི་སྟོབས་ཤུགས་ཤིག་འཕེལ་ཡོང་གིན་པ་དེ་ཡིས་ལྡོག་ཕྱོགས་ཀྱི་བོད་དང་འབྲེལ་བའི་ལྟ་ཚུལ་མང་པོ་བཙན་གྱིས་རྩ་མེད་གཏོང་ཐབས་དང་བཙན་དབང་གིས་འགོག་རྒོལ་བྱེད་པ་ཇེ་མང་དུ་འགྲོ་བ་དངོས་སུ་མཐོང་བ་རེད། དཔེར་ན། ངེད་གཉིས་ཀྱི་གློག་བརྙན་<<ཉི་མ་སྤྲིན་པའི་འོག་ན་>>ཞེས་པ་སྤྱི་ལོ་༢༠༡༠ལོའི་པ་ལམ་དཔྱིད་དུས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་སྟོན་པའི་སྐབས་སུ་རྒྱ་ནག་གི་LAཚོང་དོན་ལས་ཁུངས་ཀྱི་ལས་བྱེད་དག་གིས་དུས་སྟོན་གྱི་འགོ་ཁྲིད་ལ་སྣོན་ཤུགས་སྤྲད་དེ་ངེད་གཉིས་ཀྱི་གློག་བརྙན་འདོན་ཐབས་བྱས་པ་རེད། ཁོང་གིས་དེ་ཁས་མ་བླངས་དུས་ལས་རིམ་ཀྱི་ནང་དུ་ཡོད་པའི་རྒྱ་མི་གཉིས་ཀྱི་གློག་བརྙན་གློ་བུར་དུ་ཕྱིར་འཐེན་བྱས་པ་རེད། འདི་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་བོད་ལ་དོ་སྣང་བྱེད་པ་འགོག་ཐབས་ཇི་ལྟར་བྱེད་ཀྱིན་ཡོད་པའི་མཐོང་ཆོས་ཀྱི་དཔེ་མཚོན་གཅིག་རེད་ལ། གོ་རྟོགས་འདི་ཡིས་ངེད་གཉིས་ཀྱི་བོད་ནང་དོན་དག་ཅི་ཞིག་འབྱུང་གིན་པའི་བརྡ་ལན་ཁྱབ་སྤེལ་བྱེད་ཐབས་བྱ་རྒྱུའི་ཆོད་སེམས་དེ་སྔར་ལས་ཀྱང་ཇེ་བརྟན་དུ་བཏང་པ་རེད།།

ལན།
(རེས་ཏུའུ) ངས་ངེད་གཉིས་ཀྱི་གློག་བརྙན་བཟོ་སྐྲུན་པ་དང་ཆབ་སྲིད་ལས་འགུལ་རིང་ལུགས་ཀྱི་བྱེད་སྒོའི་བར་དཀའ་ངལ་ཞིག་ཡོད་རེད་མི་བསམ། ངེད་གཉིས་ཀྱི་གློག་བརྙན་ཁག་ནི་ང་རང་གཉིས་གཏིང་ཟབ་སྒོས་འབྲེལ་འདྲིས་ཆེ་བའི་གནད་དོན་དང་མི་སྣ་དག་གི་སྐོར་ཡིན་ལ། དེ་ལ་བརྟེན་ནས་ངེད་གཉིས་ཀྱིས་གཏམ་རྒྱུད་རྒྱ་ཆེན་པོ་མང་པོ་ཞིག་བཤད་ཐུབ་ཡོད་ཅིང་། ངེད་གཉིས་སྤྱི་ཚོགས་ཤིག་གི་ཆ་ཤས་ཡིན་པ་མ་ཟད་གནད་དོན་མང་པོི་ཞིག་གི་ཕྱི་ནང་གཉིས་ཀར་རྒྱུས་ཡོད་ཕྱིར། གནད་དོན་དེ་དག་གློག་བརྙན་གྱི་ནང་དུ་འགོད་ཐབས་བྱེད་པ་ཡིན་མོད། གནད་དོན་འདི་དག་ལ་རྒྱུས་མངའ་མེད་པའི་ལྟ་མཁན་ཚོར་ཁུར་བོ་ལྗིད་མོ་ཞིག་ཏུ་འགྱུར་བའི་ཉེན་ཁའང་འདུག དེར་བརྟེན་དྲང་སྙོམ་གྱི་སྒྲིག་བཟོ་ཞིག་བྱེད་དུས་སྒྱུ་འཕྲུལ་མང་པོ་ཞིག་འདུས་ཡོད་པ་རེད།

དྲི་བ།
(ར་བེས) བདུན་ཕྲག་འདིའི་ནང་ངས་ཁྱོད་གཉིས་ཀྱི་གློག་བརྙན་གཉིས་ལ་ཡང་བསྐྱར་ལྟ་འདོད་བྱུང་བ་མ་ཟད། དམིགས་བསལ་ལྷ་སའི་རྨི་ལམ་གྱིས་སེམས་འགུལ་འཐེབས་བྱུང་། གློག་བརྙན་འདི་ལ་ལྟ་ཐེངས་རེར་གཏིང་ཟབ་ཏུ་འགྲོ་བཞིན་འདུག ཁྱེད་ཀྱིས་གློག་བརྙན་འདིའི་འབྱུང་རྩ་དང་ཁྱེད་གཉིས་ཀྱི་དངོས་བྱུང་གློག་བརྙན་ཁྲོད་དུ་སྔར་གྱི་ལས་གཞིའི་ཚབ་ཏུ་རྣམ་པ་འདི་འདྲ་བཟོ་བའིོ་ཐག་གཅོད་སྐོར་བཅས་གསུང་ཐུབ་བམ། ང་སྒེར་ངོས་ནས་ངས་དེ་ཧ་ཅང་སྟོབས་ཤུགས་ཆེན་པོ་ཞིག་རེད་བསམ་སོང་། གང་ཡིན་ཟེར་ན་འདིས་ལྟ་མཁན་རྣམས་བཙན་བྱོལ་དང་ཕྱི་རྒྱལ་གྱི་ཤུགས་རྐྱེན་ཆེ་བའི་མི་རྣམས་ཀྱི་འཚོ་བའི་ཁྲོད་ཐད་ཀར་ཁྲིད་ཀྱི་འདུག ང་ཚོས་ཡུལ་གྱར་བའི་སེམས་ཚོར་དྲག་པོ་དང་མི་དང་མིའི་དབར་གྱི་འབྲེལ་བ་ཅུང་གཏིང་ཟབ་སྒོས་ཚོར་ཐུབ་ཀྱི་འདུག ཁྱེད་གཉིས་ལ་འདི་ལྟ་བུ་མང་དུ་བཟོ་བའི་འཆར་གཞི་ཡོད་དམ། (སྐུ་མཁྱེན། སྙིང་རྗེ་བོ་ཞིག སྐུ་མཁྱེན།)

ལན།
(རེས་ཏུའུ།) བསྟན་འཛིན་དང་ངེད་གཉིས་ལ་གློག་བརྙན་འཁྲུག་པོའི་རིགས་ཀྱིས་བག་ཆགས་གཏིང་ཟབ་འཐེབས་པ་དང་ངེད་གཉིས་ཀའི་ངོས་ནས་དེ་འདྲ་ཞིག་བཟོ་འདོད་ཡོད། འོན་ཀྱང་། ངེད་གཉིས་ཀའི་འཚོ་གནས་དངོས་བྱུང་གློག་བརྙན་བཟོ་སྐྲུན་མཁན་ཞིག་གི་ཐོག་ནས་འགོ་བཙུགས་པ་ནས་ངེད་གཉིས་ཀྱིས་ལོ་མང་པོའི་རིང་ལམ་ཁ་འདིར་ཞུགས་པར་དཀའ་ལས་བརྒྱབས་ཡོད་པས། ད་ནི་གློག་བརྙན་འཁྲུག་པོ་ཞིག་བཟོ་བའི་དུས་ཚོད་དང་བར་མཚམས་ཤིག་འདོན་ཐུབ་རྒྱུ་དཀའ་ལས་ཁག་པོ་རེད། ཁྱེད་རང་གི་ཡིད་ལ་བསམ་ཐུབ་པ་བཞིན་དེ་འདྲའི་བརྗོད་གཞི་ཞིག་བཟོ་བའི་ལས་ཀའི་གོ་རིམ་ཧྲིལ་བོ་ནི་དངོས་བྱུང་གློག་བརྙན་ལས་རྦད་དེ་མི་འདྲ་ལ། དེ་འདྲ་ཞིག་འགོ་མ་བཙུགས་གོང་ལ་ངེད་གཉིས་ཀྱིས་བཟོ་ཐུབ་པ་གཏན་འཁེལ་བ་བྱ་དགོས། ངེད་གཉིས་ཀྱིས་ལས་གཞི་དེ་འདྲ་ཞིག་འགོ་མ་བཙུགས་སྔོན་ལ་བསྟན་འཛིན་གྱིས་ལོ་མང་པོའི་རིང་འཁྲབ་གཞུང་ཞིག་གི་ཐོག་ལས་ཀ་བྱས་པ་དང་ཁོས་དེ་ཡོངས་སུ་མཇུག་རྫོགས་སྐབས། ངེད་གཉིས་ཀྱིས་དེ་ཕབ་ལེན་བྱེད་པའི་དུས་ཚོད་ལ་སླེབས་པར་ཐག་བཅད་ཡོད།

ལན།
(བསྟན་འཛིན།) ངའི་བསམ་པར་རྟོག་བཟོའི་སྐོར་གྱི་གནད་དོན་གཙོ་བོ་ནི་ཁྱོད་ཀྱིས་རང་ཉིད་ཀྱི་བྱུང་རིམ་ལ་སྟངས་འཛིན་བྱེད་ཆོག་པར་བྱེད་པ་དེ་རེད། དེ་བས་ཁྱེད་ཀྱིས་དེ་གནད་དོན་ཧ་ཅང་བྱེ་བྲག་པ་དག་བརྗོད་པ་ཞིག་ཏུ་བཟོ་བཏུབ་པ་རེད། ཁྱེད་ཀྱིས་དངོས་བྱུང་གློག་བརྙན་ཞིག་བཟོ་བའི་སྐབས་སུ་ལྟ་ཚུལ་ཞིག་གམ་དོན་རྐྱེན་ཞིག་ནས་འགོ་འཛུགས་པ་རེད། རེད་དེ། ཁྱེད་རང་གིས་འཁྲབ་གཞུང་ཡོངས་སུ་རྫོགས་པའི་གློག་བརྙན་ཞིག་བཟོ་བཞིན་པ་དེ་སྲིད་དུ་ཁྱོད་ཉིད་དོན་རྐྱེན་དང་གནས་སྟངས་དེ་དག་ཇི་ལྟར་བྱུང་བ་དེ་ཡི་དབང་བསྒྱུར་འོག་ཏུ་ཡོད་ལ། དངོས་བྱུང་གློག་བརྙན་དག་གི་ཡ་མཚན་པའི་སྐོར་དེ་འདི་རེད། ཁྱེད་རང་གསང་རྒྱ་རྟོལ་ཟིན་པ་ལྟ་བུའི་མི་ཚེ་ཞིག་གི་རྗེས་སུ་སྙེག་གིན་ཡོད། འོན་ཀྱང་། རྟོག་བཟོ་ཡིས་འཇིག་རྟེན་ཧྲིལ་བོ་གཞན་ཞིག་གི་སྒོ་འབྱེད་ཀྱིོན་ཡོད་ལ། ང་ལའང་སྐྱབས་བཅོལ་དང་ངོ་རྟགས་སོགས་ངེད་གཉིས་ལ་ནམ་རྒྱུན་ནས་དོ་སྣང་ཡོད་པའི་གནད་དོན་འགའ་ཤས་རྟོགས་བཟོའི་སྒྲིག་སྦྱོར་བྱེད་སྟངས་ལྟར་བསྔོག་འདོན་བྱེད་འདུན་ཞེ་དྲགས་ཡོད། ལྷ་སའི་རྨི་ལམ་ལ་དངོས་བྱུང་གློག་བརྙན་གྱི་ཚོར་བ་ཞིག་ཡོད་པར་བརྗོད་པ་རེད་དེ་གཅིག་བྱས་ན་ངེད་གཉིས་ང་རང་ཚོའི་དངོས་བྱུང་གློག་བརྙན་གྱི་རྒྱབ་ལྗོངས་ལས་ཡོངས་སུ་བརྒལ་ཐུབ་མེད་པ་འདྲ།།

ལན།
(རེས་ཏུའུ།) ལྷ་སའི་རྨི་ལམ་བཟོ་བའི་སྐབས་སུ་ངེད་གཉིས་ཀྱིས་བརྗོད་གཞི་ཁྱད་པར་བའི་སྐོར་མང་དུ་སྦྱངས་པ་དང་དེ་མ་ཐག་བརྗོད་གཞི་ཁྱད་པར་བ་གཞན་ཞིག་བཟོ་འདོད་ཤུགས་དྲག་སྐྱེས་སོང་། གང་ལྟར་ཡང་ངེད་གཉིས་ཀྱིས་དེ་འདྲ་ཞིག་ཤེས་རྟོགས་མ་བྱུང་སྔོན་དུ་ངེད་གཉིས་དངོས་བྱུང་གློག་བརྙན་གྱི་ལས་གཞི་ཁག་གི་ནང་དུ་འཐིམས་པ་དང་དུས་ཚོད་དེ་ལྟར་འདས་བ་རེད། རེད་དེ། དུས་སྐབས་འདི་ནས་བཟུང་སྟེ་བསྟན་འཛིན་གྱིས་བརྗོད་གཞི་ཁྱད་པར་བའི་འཆར་སྣང་མི་འདྲ་བ་འགའ་ཤས་ཐོག་ལས་ཀ་བྱས་ཡོད་པ་དང་། ད་ལྟའི་ཆར་དེ་དག་ལས་གཅིག་ལ་འཁྲབ་གཞུང་ཡོངས་སུ་རྫོགས་པ་བྲིས་ཚར་ཡོད་ལ། གློག་བརྙན་དེ་ལ་སྙན་ཞིང་འཇེབས་པའི་འདས་མཆོད་སྨོན་ལམ་ཟེར་ཞིང་ཡང་བསྐྱར་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྒྲིག་སྦྱོར་བྱ་རྒྱུ་ཡིན། ད་ལྟ་ངེད་གཉིས་ཀྱིས་མ་དངུལ་བསྡུ་རུབ་བྱེད་ཀྱིན་ཡོད་པ་དང་གལ་སྲིད་ལམ་ལྷུང་བྱུང་ན་ལོ་རྗེས་མའི་དཔྱིད་ཀར་འདོན་སྤེལ་བྱ་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད།།

དྲི་བ།
(ར་བེས།)ཁྱོད་གཉིས་ལ་ཁྲུང་ཁྲུང་དཀར་མོ་གློག་བརྙན་ཞེས་པའི་མིང་དེ་གང་ནས་རེག་པ་རེད་དམ།

ལན།
(བསྟན་འཛིན།) ཁྲུང་ཁྲུང་དཀར་མོ་ཞེས་པ་རྒྱལ་བ་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་གྲགས་ཆེ་བའི་མགུར་ཞིག་ལ་ཁོངས་བཅོལ་ཡོད། ཁོང་ནི་ཏཱ་བླའི་བླ་མ་ངོ་ལོག་པའི་རིགས་ཤིག་དང་། སྙན་ངག་པ། འཚོ་བ་ལ་དགའ་ཞེན་ཅན་ཞིག་བཅས་ཡིན་ལ།
མགུར་དེ།
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།།
ལི་ཐང་སྐོར་ནས་སླེབས་ཡོང་།།
མགུར་འདི་ཏཱ་ལའི་བླ་མ་དྲུག་པ་རྒྱང་འབུད་བཏང་སྐབས་འཇིག་རྟེན་འདི་སྣང་གི་ཆེད་གསུངས་པ་ཞིག་ཡིན་ལ། ཁོང་ལམ་བར་ནས་གསང་བའི་ངང་འདས་བཀྲོངས་སུ་ཕྱིན་མོད། ལོ་ཤས་རྗེས་སུ་ཁོང་གི་ཡང་སྲིད་ལི་ཐང་ནས་རྙེད་སོན་བྱུང་སྟེ་ཁོང་རྒྱལ་བ་རིན་པོ་ཆེ་དངོས་ཡིན་པར་ར་སྤྲོད་བྱུང་བ་རེད། ཁྲུང་ཁྲུང་དཀར་མོ་ནི་བོད་ནང་དུ་བཀྲ་ཤིས་པའི་རྟགས་མཚན་ཞིག་ཏུའང་ངོས་འཛིན་བྱེད་པས་རོལ་མོ་བ་དང་རི་མོ་བ་ཚོའི་སྙིངས་སྟོབས་སུ་གྱུར་ཡོད། རྒྱུ་མཚན་འདི་གཉིས་ལ་བརྟེན་ནས་ངེད་གཉིས་ཀྱིས་ཐེབས་རྩ་ལ་མིང་འདི་འཚམ་པོ་ཞིག་ཏུ་མཐོང་སོང་།།

དྲི་བ།
(ར་བེས) རྗེས་ཕྱོགས་ཁྱོད་གཉིས་ཀྱིས་ཕྱག་ལས་ག་རེ་གནང་རྒྱུ་ཡིན་ནམ། ཁྱོད་གཉིས་ཀྱི་བརྙན་ལེན་ཕབ་སྐྲུན་སྐོར་གསུང་ནའང་ཆོག

ལན།
(རེས་ཏུའུ།) གོང་ནས་བཤད་པ་ལྟར་ངེད་གཉིས་ཀྱི་ལས་གཞི་རྗེས་མ་དེ་གློག་བརྙན་འཁྲུག་པོ་ཞིག་ཡིན། འདས་བའི་ལོ་ངོ་འདི་དག་གི་རིང་ངེད་གཉིས་ཀྱིས་བརྙན་ལེན་འགའ་ཤས་ཀྱང་བྱས་ཡོད་ལ། འདི་ནི་ངེད་གཉིས་ཀྱི་གློག་བརྙན་བཟོ་སྐྲུན་ཁྲོད་ཀྱི་བརྗེ་སྒྱུར་གལ་ཆེ་བ་ཞིག་ཆགས་ཡོད་རེད། སྒྱུ་རྩལ་གྱི་ཆེད་དུ་བཟོས་པའི་གློག་བརྙན་དག་གིས་བསམ་ཚུལ་བསྔོག་འདོན་ནམ་སྒྲུང་ཤོད་པའི་གོ་སྐབས་གསར་བ་ཆ་ཚང་ཞིག་སྤྲོད་པ་དང། ཕྱོགས་འགའ་ཞིག་ནས་རྣམ་པ་དེ་རང་ལ་ཚོད་ལྟ་བྱེད་པའི་ནུས་ཤུགས་དང་རང་དབང་ཆེ་བ་ཡོད་རེད། ངེད་གཉིས་ལ་མུ་མཐུད་ནས་བརྙན་ལེན་ཕབ་སྐྲུན་བྱེད་པའི་རེ་བ་དང་དགའ་སྣང་སྐྱེས་ཡོད། ཉི་མ་རེ་རེའི་མཇུག་ཏུ་གང་ལྟར་ཡང་ངེད་གཉིས་ཀྱིས་རྣམ་པ་མི་འདྲ་བ་འདི་གཉིས་ཀྱི་ནང་དུ་ལས་ཀ་བྱེད་པར་དཀའ་ངལ་དང་འགལ་ཟླ་ཞིག་མཐོང་མ་སོང་། ངེད་གཉིས་ལ་མཚོན་ན་དེ་དག་ཚང་མ་གློག་བརྙན་བཟོ་སྐྲུན་སྦྱོང་བརྡར་གྱི་ཆ་ཤས་ཤིག་རེད།།

ཐུགས་རྗེ་ཆེ་གནང་།


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*