འཇིགས་སུ་རུང་བའི་རྨི་ལམ།

(འབྱུང་འགྱུར་ལ་ཕྱོགས་པའི་འཆར་སྣང་ཐན་ཐུན་ཅིག་གིས། ང་ལ་རྨི་ལམ་ཁྲོད་ཀྱི་འཇིགས་པ་ལྟ་བུའི་དངངས་སྐྲག་བསླངས་བྱུང་།)

བུདྡྷ་སྐྱབས།

ཚ་གདུག་ཧ་ཅང་ཆེ་བའི་མཚན་མོ་དེར། ལུས་ནས་རྔུལ་ཆུ་བཞུར་ཅིང་གཉིད་མི་ཁུག་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་བྱུང་། ཁ་པར་གྱི་ངོས་ལ་ལྟ་སྐབས། མཚན་གུང་གི་ཆུ་ཚོད་བཅུ་གཉིས་ཟིན་གྲབས་ཡོད་པ་ཤེས་བྱུང་། གང་མགྱོགས་གཉིད་ཁུག་ཐབས་སམ་ཚ་གདུང་གི་སྣང་བ་བརྗེད་ཐབས་སུ་ཉལ་ཁྲིའི་གམ་གྱི་སྒྲོག་ཙེའི་སྟེང་དུ་གློག་ཀླད་ཀྱི་ཁ་ཕྱེས་ཏེ། <<རྒྱལ་ཁམས་ཟིལ་གྱིས་གནོན་པའི་གད་རྒྱངས།>> ཅེས་པའི་བརྙན་འཕྲིན་ནང་གི་ལེ་ཚན་ཞིག་ལ་ལྟ་འགོ་བརྩམས་པ་ཡིན།

བརྙན་འཕྲིན་ལ་ལྟ་བཞིན། གྱོན་གོས་ཀྱང་མ་ཕུད་པར་གཉིད་ཤོར་འདུག གློ་བུར་དུ་གངས་རིན་པོ་ཆེའི་རྩེ་ནས་དར་ལྕོག་ཟད་པོ་ཞིག་གི་དར་ལྕེ་ལ་འཐམ་པ་ལག་ནས་ཤོར་ཏེ། གཡང་ལ་ཟགས་པའི་འཇིགས་སྣང་ཁྲོད་ནས་གཉིད་སད་བྱུང་། དེ་ལྟར་གཉིད་ལས་སད་སྐབས། ང་རང་ཉལ་ཁྲིའི་སྟེང་ནས་ས་ལ་ཟགས་ཏེ། སྔས་འབོལ་གཡོགས་པའི་ཨ་ཅོར་སྲབ་མོ་དེ་ལག་ནང་ལ་དམ་པོར་བསྡམས་འདུག ངའི་ཡིད་ལ་གངས་རིན་པོ་ཆེའི་རྩེ་ནས་ལྷུང་གྲབས་བྱེད་པའི་སྐབས་སུ། བར་སྣང་སྟོང་པའི་ཁམས་སུ་རླུང་བུ་དང་སྤྲིན་པས་ཕན་ཚུན་ཁ་བརྡ་བྱེད་པའི་སྐད་ཆ་འགའ་དང། ལག་པ་གཡས་པའི་སྤར་མོའི་ནང་གི་དར་ལྕེ་ལྗང་ཁུ་དེའི་ངོས་ཀྱི་ཡི་གེའི་ནང་དོན་རྣམས་ཝ་ལེར་འཁོར་བྱུང་། སྐད་ཆ་དེ་དག་དང་ཡི་གེ་དེ་ནི་གངས་རིན་པོ་ཆེའི་རྩེ་ནས་དར་ལྕེ་ཟད་པོ་ཞིག་ལ་འཐམས་ཏེ་ལྷུང་གྲབས་བྱས་པ་ལས་ཀྱང་འཇིགས་སྣང་ཆེ་བ་འདུག་སྙམ་བྱུང་།

རླུང་གིས་ཤུར་སྒྲའི་ཁྲོད་དུ་ “ད་ལྟ་ཕྱི་ལོ་ ༢༠༥༠ ལ་སླེབས་པ་རེད། ལོ་ངོ་མང་པོའི་སྔོན་ནས་གངས་ཏི་སེ་དང་ཁ་བྲལ་བའི་བོད་མི་ཚོ་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་བཞུད་པ་དང་། སེམས་སུ་གངས་ཏི་སེའི་ཕྱོགས་ནས་ཡོང་བ་དྲན་མཁན་ཉུང་ངུ་ཞིག་ལས་མེད། གཞན་མང་པོ་ཞིག་གིས་རང་ཉིད་གངས་ཏི་སེ་ནས་ཡོང་བ་བརྗེད་འདུག་མོད། གངས་དཀར་ཏི་སེ་གླེང་ནས་ཁེ་ཕན་འཚོལ་ཐབས་བྱེད་མཁན་མང་པོ་འདུག་ཟེར། གངས་ཏི་སེ་གླེང་བཞིན་སྒེར་གྱི་ཁེ་ཕན་ཁོ་ན་དོན་དུ་གཉེར་ཚེ། དེ་ནི་གངས་ཏི་སེའི་གཟི་འོད་དང་གངས་ཏི་སེའི་བརྟན་ལྷིང་ལ་གནོད་རྒྱུ་ཡིན་པ་ཁོ་ཐག་རེད།”ཟེར།

སྐབས་དེར་ངས་རང་ཉིད་དར་ལྕེ་ཟད་པོ་ཞིག་ལ་འཐམ་ཡོད་པའང་བརྗེད་དེ། ཅུང་ཙམ་མ་གཏོགས་གངས་ཏི་སེའི་རྩེ་ནས་ལྷུང་སོང་། བསྐྱར་དུ་རྣམ་རིག་བསྒྲིམས་ཏེ། དར་ལྕེ་ལ་འཐམས་ནས་སྲོག་མགོ་འེ་ཐོན་ལྟ སྐབས། སྤྲིན་པས་ལྡིར་སྒྲ་སྒྲོག་བཞིན་ “འདི་ནི་ལོ་ངོ་ཉི་ཤུའི་གོང་དུ་ཐག་མ་ཆོད་པར་ལུས་པའི་ནོར་འཆུག་ཞིག་གི་འབྲས་བུ་རེད། ད་ལྟ་ཕྱི་ལོ་༢༠༥༠ ལ་སླེབས་ཟིན་པ་རེད།” ཟེར། ངས་ལུས་ཤུགས་ཡོད་རྒུས་ལག་པ་འཐམ་སའི་དར་ལྕེ་དེའི་གོང་དུ་མཐོ་གང་ཙམ་གྱི་མཚམས་སུ་དར་ལྕེ་ལྗང་ཁུ་ཞིག་ཡོད་པ་དེའི་སྣེ་ལ་འཇུ་ཐབས་འེ་ཡོང་བལྟས་ཤིང་། ལག་པ་གཡོན་པ་སྔར་ནས་འཐམ་པའི་དར་ལྕེ་ཟད་པོ་དེ་ལ་དམ་པོར་འཇུས་ཏེ། ཤེལ་གྱི་གོང་བུ་ལྟ་བུའི་གངས་ཏི་སེའི་འཁྱགས་རོམ་ངོས་སུ་རྐང་པ་འདྲེད་བརྡར་ཤོར་བཞིན། ལག་པ་གཡས་པས་དེའི་གོང་གི་དར་ལྕེ་དེར་འེ་སྙོབ་བལྟས། དབུགས་ཁོག་ལ་བསྒོམས་ཤིང་། མ་ཁར་སོ་བཏབས་ཏེ། མིག་བཙུམས་ནས་གོང་གི་དར་ལྕེ་དེའི་ཕྱོགས་སུ་ལག་པ་གཡས་པའི་སྤར་ཁ་ཕྱེས་ཏེ་་ཤུགས་ཀྱིས་བརྐྱངས་པས། ལག་པ་ཐོག་ས་གང་ཡང་མ་བྱུང་མོད། ལག་པའི་ནང་ལ་ཅི་ཞིག་ཐོབ་པའི་སྣང་བ་ཞིག་སྐྱེས། དེ་མུར་སྤར་ཁ་ཕྱེས་ཏེ་ལག་ནང་གི་དངོས་པོ་དེར་ལྟ་སྐབས། དེ་ནི་གོང་གི་དར་ལྕེ་དེ་རེད་འདུག དར་ལྕེ་དེ་ཆད་ནས་ངའི་ལག་ནང་ལ་སླེབས་འདུག་པ་དང་། དར་ལྕེ་དེའི་ངོས་སུ་ཡི་གེ་མང་པོ་ཞིག་བྲིས་འདུག

ངའི་སེམས་སུ་དར་ལྕེ་དེའི་ངོས་སུ་ཀློག་ཐུབ་པའི་སྔགས་ཡིག་འདྲ་ཡོད་ཚེ། དེ་བཟླས་པ་ན་གཡང་འདི་ནས་ལྷུང་བའི་བགག་བར་ཆད་བཟློག་ཐབས་ཡོང་སྲིད་སྙམ་བཞིན། དར་ལྕེ་དེའི་ངོས་སུ་ཞིབ་ལྟ་བྱས་པ་ན། ཡ་མཚར་བ་ཞིག་ལ་དེར་སྔགས་ཡིག་གང་ཡང་མཐོང་རྒྱུ་མི་འདུག་མོད། དེའི་ངོས་སུ་གྷུ་གྷལ་Googleནས་བཤུས་པའི་རྩོམ་ཡིག་ཞིག་འཁོད་འདུག་ལ། ཁ་བྱང་དུ་ “ཤམ་བྷ་ལའི་གོད་ཆག” ཅེས་བྲིས་འདུག འོན་ཀྱང་རྩོམ་པ་པོ་དང་ཟླ་དུས་ཚེས་གྲངས་གང་ཡང་འཁོད་མི་འདུག

དུས་ཡུན་ཐུང་ངུ་ཞིག་གི་རིང་། ངས་རང་ཉིད་གཡང་ནས་ཟགས་པར་འཇིགས་ཤིང་འཐམ་ས་དེ་ནི་གངས་དཀར་ཏི་སའི་རྩེ་ཡི་དར་ལྕོག་ཟད་པོ་ཞིག་ཡིན་སྙམ་མོད། དར་ལྕེ་དེའི་ཐོག་གི་ཡི་གེ་དེར་ཞིབ་ལྟ་བྱས་རྗེས། ངའི་སེམས་སུ་རང་ཉིད་བརྩམས་ཆོས་ཀྱི་གླེགས་བམ་མང་པོ་ཞིག་བརྩེགས་པའི་སྐས་གདེང་ན་ལྷུང་གྲབས་ཀྱིས་ཐེ་ཚོམ་དང་ཡི་མུག་ཁྲོད་ལུས་ཡོད་པ་ལྟ་བུའི་སྣང་བ་ཞིག་སྐྱེས་བྱུང་། ངས་བར་སྣང་གི་རླུང་བུ་དང་སྤྲིན་པའི་ཁ་བརྡ་ལ་ཉན་བཞིན། ལག་ནང་དུ་ཐོབ་པའི་དར་ལྕེ་ལྗང་ཁུ་དེའི་ངོས་ཀྱི་རྩོམ་ཡིག་དེ་ཞིབ་ཀློག་ཐེངས་ཤིག་བྱས་པ་ཡིན།

“ལོ་ཉི་ཤུའི་གོང་དུ་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་མ་ཐུབ་པ་དེ་ཤམ་བྷ་ལའི་གོད་ཆག་རེད། ལོ་ཉི་ཤུའི་གོང་དུ་ནུབ་ཕྱོགས་སུ་གཏན་སྡོད་བྱ་བར་བློ་ཐག་བཅད་པའི་བོད་མི་ཚོས་བོད་ཀྱི་རྩ་དོན་གླེང་སའི་སྡིངས་ཆ་ལྟ་བུའི་ཚོགས་སྡེ་ཁག་རིམ་བཞིན་སྒོ་རྒྱག་མ་ཐུབ་པ་དེ་ཤམ་བྷ་ལའི་གོད་ཆག་རེད། ཕྱི་ལོག་ཏུ་བོད་ཀྱི་རྩ་དོན་གླེང་བའི་བོད་མི་ཚོ་བོད་ཀྱི་རྩ་དོན་ཐད་ཁ་ཞེ་གཉིས་མེད་མིན་པ་དེ་ཤམ་བྷ་ལའི་གོད་ཆག་རེད། ཕྱི་ལོག་ཏུ་བོད་ཀྱི་རྩ་དོན་གླེང་མཁན་བོད་མི་ཚོ་རིགས་རྒྱུད་བོད་ཡིན་ཡང་རྒྱལ་ཁོངས་གཞན་གྱི་མི་སེར་དུ་གྱུར་སོང་བ་དེ་ཤམ་བྷ་ལའི་གོད་ཆག་རེད། བོད་ཀྱི་རྩ་དོན་ཅི་ཙམ་གླེང་ན་དེ་ཙམ་གྱིས་རོགས་དངུལ་གྱི་མཐུན་སྦྱོར་བྱེད་མཁན་ཨ་རི་དང་། ཡུ་རོབ། རྒྱ་གར་་་་་སོགས་ནི་ཤམ་བྷ་ལའི་གོད་ཆག་གི་འབྱུང་རྩ་རེད།”ངས་བཀླགས་ཏེ་མཚམས་འདི་ལ་སླེབས་སྐབས། འདི་ནི་རྩོམ་ཡིག་ཅིག་འདྲ་བོ་མི་འདུག འདི་ནི་རྩོམ་ཡིག་མང་པོ་ཞིག་གི་ཁ་བྱང་ཕྱོགས་བསྒྲིགས་བྱས་པ་ཞིག་གམ། ཡང་ན། རང་དགར་མི་ཞིག་གིས་སྨྱོ་ལབ་བྱེད་པའི་ཚིག་ཐར་ཐོར་འགའ་ཡིག་ཐོག་ལ་འཁོད་པ་ཙམ་རེད་འདུག་སྙམ་པའི་དོགས་པ་ཞིག་དང་བཅས་མུ་མཐུད་དུ་བཀླགས་པ་ཡིན།

དེའི་རྗེས་ཀྱི་དུམ་མཚམས་ནང་དུ་ “ད་ལྟ་ཕྱི་ལོ་༢༠༥༠ ལོ་རེད། ལོ་ཉི་ཤུའི་གོང་དུ་གངས་དཀར་ཏི་སེ་དང་ཁ་ཐག་རིང་བའི་ཡུལ་གཞན་ཞིག་ཏུ། ༸རྒྱལ་བ་རིན་པོ་ཆེ་ཞིང་གཞན་ལ་གཤེགས་པ་རེད། དེ་ནི་ཁོང་ལ་ལུས་ངག་ཡིད་གསུམ་མི་ཕྱེད་པའི་དད་དམ་གཙང་མ་ལྡན་པའི་བོད་མི་མང་པོ་ཞིག་ལ་མཚོན་ན། སྐབས་དེར་ཁོ་ཚོར་རང་ཉིད་ཀྱི་དོན་ལྔ་སྣོད་དྲུག་གྲི་ཡིས་ཚལ་བར་གཤེགས་པ་ལྟ་བུའི་སྡུག་བསྔལ་གྱི་ཚོར་བ་བཟོད་དུ་མེད་པ། བརྗོད་དུ་མེད་པ། བསམ་དུ་མེད་པ་སྐྱེས་མྱོང་། དེ་ནས་བཟུང་ཕྱི་སྡོད་བོད་མི་ཚོས་བོད་ཀྱི་རྩ་དོན་འཐབ་རྩོད་ལ་རེ་བ་དང་གྲུབ་འབྲས་མེད་པར་བློ་ཐག་བཅད་པ་རེད། འོན་ཀྱང་བོད་ཀྱི་རྩ་དོན་འཐབ་རྩོད་རྒྱུན་འཁྱོང་བྱེད་བཞིན་ཡོད་པའི་རྣམ་པ་ཙམ་དུ། ཁོར་ཡུག་སྲུང་སྐྱོབ་དང་། སྐད་ཡིག་སྲུང་སྐྱོབ། རིག་གཞུང་སྲུང་སྐྱོབ། དམངས་གཙོ། སྨྲ་བརྗོད་རང་དབང་། འགྲོ་མིའི་ཐོབ་ཐང་། ཆོས་ལུགས་རང་དབང་། རང་བཙན་མཐུན་ཚོགས་་་་་་་་་་སོགས་ཀྱི་མིང་སྣ་ཚོགས་བཏགས་པའི་ཚོགས་པ་མང་པོ་བཙུགས་ཏེ། བོད་དོན་གླེང་སའི་རྒྱལ་སྤྱིའི་སྟེགས་བུ་སྔར་བས་རྒྱ་ཆེ་རུ་སོང་བ་ལྟ་བུའི་རྣམ་པ་ཞིག་ཏུ་བསྒྱུར་སོང་མོད། དངོས་དོན་དུ་དེས་བོད་ཀྱི་རྩ་དོན་དང་བོད་མིའི་བདེ་དོན་ལ་ཕན་ཐོག་གམ་གནོད་སྐྱེལ་སྲིད། འདི་ལྟ་བུའི་ཚོགས་པ་ཁག་གི་དམིགས་ཡུལ་དངོས་ནི་བོད་ཀྱི་རྩ་དོན་སེལ་རྒྱུ་དང་བོད་ནང་གི་བོད་མི་ཚོའི་གནས་བབ་བདེ་ལ་འཁོད་ཆེད་ཁོ་ན་ཡིན་སྲིད་དམ། ཡང་ན། དེ་ནི་ཕྱི་སྡོད་བོད་མི་ཁག་ཅིག་གི་འཚོ་ཐབས་གཉེར་བྱེད་ཅིག་དང་། རྒྱ་ནག་གི་འཕེལ་རྒྱས་ལ་སྡང་བའི་ནུབ་ཕྱོགས་ཀྱི་སྲིད་དོན་པ་ཁ་ཤས་ཀྱིས་ཤར་ནུབ་ཀྱི་རིགས་གཞུང་དང་། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་ལྟ་གྲུབ་ཀྱི་འགལ་ཟླའི་ཁྲོད་དུ་ཁེ་ཕན་རྩོད་པའི་ལག་ཆ་ཁོ་ན་ལ་སྤྱོད་བཞིན་ཡོད་པ་ཞིག་ཡིན་སྲིད།

ཕྱི་ལོ་༢༠༥༠ ལོ་ནི་བོད་མི་ཚོ་རང་དབང་ཆེད་གཞན་ཡུལ་འགྲིམས་དགོས་བྱུང་ནས་མི་ལོ་བརྒྱ་ཟིན་གྲབས་ཡོད་པའི་དུས་སྐབས་ཤིག་ཡིན་ལ། བོད་ཀྱི་རྩ་དོན་གླེང་མཁན་ཕྱི་སྡོད་བོད་མི་རྣམས་ནི་གནས་སྡོད་བྱ་ཡུལ་རྒྱལ་ཁབ་སྣ་ཚོགས་ཀྱི་མི་སེར་ཆགས་པ་ཤ་སྟག་ལས། ཁྲིམས་ཐོག་ནས་བོད་རིགས་ཁེ་གཙང་གི་ངོ་བོ་ལྡན་མཁན་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོད། སྐབས་འདིར་རྒྱ་ནག་སྲིད་གཞུང་གིས་ཀྱང་བོད་ཀྱི་རྩ་དོན་ལ་ཕྱི་རྒྱལ་བ་ཚོར་ཇུས་གཏོགས་བྱ་དབང་མེད་ཚུལ་གྱི་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད་པ་དང། ཞིབ་ཏུ་བསམ་ན་སྐབས་འདིར་བོད་དོན་གླེང་མཁན་རྣམས་ནི། རིགས་རྒྱུད་ཀྱི་ཆ་ནས་བོད་པ་ཡིན་པ་ཙམ་མ་གཏོགས། ཁྲིམས་ཐོག་ནས་བཤད་ན་ཕྱི་རྒྱལ་གྱི་མི་སེར་ཡིན་ཁར། སྐབས་འདིར་ཕྱི་སྡོད་བོད་མི་ཚོ་ནི་བོད་སྐད་མི་ཤེས་མཁན་དང་། བོད་ཡིག་མི་ཤེས་མཁན། བོད་ཀྱི་རིགས་གཞུང་མི་ཤེས་མཁན། བོད་ཀྱི་གོམས་གཤིས་མི་ཤེས་མཁན། བོད་ཀྱི་བྱུང་རབས་མི་ཤེས་མཁན། ཁ་ཙམ་དང་རྣམ་པ་ཙམ་ལས་སེམས་གཏིང་ནས་བོད་ལ་ཤ་ཞེན་མེད་མཁན། ཤར་ནུབ་ཀྱི་སྲིད་དོན་པ་མང་པོས་རྒྱ་ནག་ལ་ཁ་གཏད་གཅོག་པའི་ལག་ཆར་གྱུར་དང་འགྱུར་བཞིན་པ་ཞིག་ཡིན། དེ་སྔོན་༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་གཏན་འཁེལ་ནས། འཆར་གཞི་སྒྲིག་བཞིན་པའི་སྐབས་སུ་ཨ་རི་དང་། ཡུ་རོབ། རྒྱ་གར་སོགས་ཀྱིས་མི་མངོན་པའི་ཚུལ་དུ་འགོག་རྐྱེན་སྤྲད་དེ་་་་་་་་་” མཚམས་འདིར་བསླེབས་དུས་བདག་གི་སྤྱི་གཙུག་ནས་རྐང་མཐིལ་བར་གློག་འཁྱུག་པ་ལྟ་བུའི་ཚོར་བ་ཞིག་དང་སྦྲགས། དར་ལྕེ་ཟད་པོ་དེའང་གློ་བུར་དུ་ལག་ནས་ཤོར་སོང་བའི་སྣང་བ་ཞིག་ཤར་ཏེ། བརྗོད་ཀྱིས་མི་ལང་པའི་འཇིགས་སྣང་ཞིག་གི་ཁྲོད་གཉིད་ལས་སད་པར་ཕྱིར་དྲན་བྱས་པ་ཡིན།


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to འཇིགས་སུ་རུང་བའི་རྨི་ལམ།

  1. ཀླུ་སྨྱོན་ ནས།

    སྒྱུ་འཕྲུལ་གྱི་རྣམ་པ་ཅུང་ལྡན་ཡང་ངས་བྲིས་པ་དག་ལ་མི་དོ་གི སྤོ་མ་ལངས།

Write a Reply or Comment

Your email address will not be published. Required fields are marked *

*