༧ཏཱ་ལའི་བླ་མ་དང་ཚན་རིག་པ་གཉིས་བར་གྱི་གླེང་མོལ།

(ཚན་རིག་དང་ནང་ཆོས་གཉིས་ལ་མི་འདྲ་ས་ཡོད་པ་གསལ་ཐག་ཆོད་ཡིན། མི་ཚང་མས་མཐོང་གསལ་ལ་ཏཱ་ལའི་བླ་མ་དང་མི་ཚོགས་ཀྱི་ཁྱད་པར་ནི། ཁོང་གིས་ཐུགས་ལ་དགོངས་པ་ནི་ང་ཚོས་ཚན་རིག་དང་ནང་ཆོས་གཉིས་ཀ་ཟུང་འབྲེལ་བྱས་ཏེ་དངོས་པོའི་རང་བཞིན་ལ་རྟོག་ཞིབ་དང་རྒྱུས་ལོན་བྱ་རྒྱུ་དེའོ།།)

རྩོམ་པ་པོ། ཏིན་ཡཱི་ཧྤུ།

ཡིག་བསྒྱུར་བ། ཁ་སྒང་གཡང་འབུམ་ཚེ་རིང་།

ད་ལོའི་ཟླ་དང་པོའི་ཟླ་དཀྱིལ་ལ་རྒྱ་གར་ལྷོ་ཕྱོགས་མོང་གཱོ་ཊི་གཞིས་ཆགས་ཀྱི་འབྲས་སྤུངས་དགོན་པ་རུ་སེམས་དང་ཚེ་སྲོག་སྐོར་གྱི་བགྲོ་གླེང་ཐེངས་༢༦པ་དེ་འཚོགས་པ་རེད། ཨ་རིའི་སེམས་དང་ཚེ་སྲོག་ཞིབ་འཇུག་ཁང་གིས་བགྲོ་གླེང་འདི་རབ་དང་རིམ་པར་བཀོད་སྒྲིག་གིས་ལོ་ངོ་ཧྲིལ་བོ་༢༥ ཕྱིན་པ་རེད། དེ་ནི་ཏཱ་ལའི་བླ་མ་སྐུ་སྒེར་དང་ཚན་རིག་པ་གཉིས་བར་གྱི་གླེང་མོལ་རེད།

ཏཱ་ལའི་བླ་མ་ཆུང་དུས་ནས་ནང་པའི་དགེ་འདུན་གྱི་འཚོ་བའི་ཁོར་ཡུག་ནང་དུ་འཚར་ལོངས་བྱུང་བ་ཡིན། ཁོང་ལ་དེང་རབས་ཀྱི་སློབ་གྲྭའི་སློབ་གསོ་ཐོབ་མེད། འོན་ཀྱང་། ནང་ཆོས་ཀྱི་སྦྱོང་བརྡར་ནན་པོ་ཞིག་ཐོབ་ཡོད། མ་ཟད་ཁོང་ནི་ཤེས་རབ་ཧ་ཅང་རྣོ་བའི་མི་ཞིག་རེད། ༡༩༥༩ སྟེ་བཙན་བྱོལ་དུ་མ་འབྱོར་གོང་ཁོང་གིས་གྲྭ་བཙུན་སྟོང་ཕྲག་མང་པོའི་མདུན་དུ་རྩོད་རྒྱུགས་བཏང་སྟེ་བོད་བརྒྱུད་ནང་བསྟན་གྱི་གོ་གནས་མཐོ་ཤོས་ཏེ་དགེ་བཤེས་ལྷ་རམས་པའི་གོ་གནས་ཐོབ་དུས་དགུང་གྲངས ༢༤་རེད། ནང་བསྟན་ནི་ཁོང་གི་སྲོག་ཤིང་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསླབ་ཁྲིམས་བརྒྱུད་ནང་ཆོས་ལ་དད་པའི་དད་པའང་རྨོངས་དད་ཅིག་མིན། མ་ཟད་བདེན་པའི་གནས་ལུགས་ལ་རྟོག་ཞིབ་དང་རྒྱུས་མངའ་ཏན་ཏན་ཡོད། ཏཱ་ལའི་བླ་མས་ཆུང་དུས་ནས་འཇིག་རྟེན་གྱི་ངོ་མཚར་ལ་རྟོག་ཞིབ་བྱེད་ཀྱི་ཡོད།

༡༩༥༤ ལོར་པེ་ཅིན་གྱིས་གདན་ཞུ་བྱས་པ་དང་། ༡༩༥༦ ལོར་རྒྱ་གར་གྱིས་གདན་ཞུ་བྱས་པའི་སྐབས། ཚན་རིག་ལག་རྩལ་གྱིས་བསྐྲུན་པའི་དངོས་ཟོག་དང་མིའི་སྣང་ཚུལ་ལ་བདེ་སྐྱིད་བསྐྲུན་པ་དག་ལ་སྤྲོ་སྣང་རབ་ཏུ་སྐྱེས་ཡོད། གཞན་ཡང་། རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་པའི་ལོ་གཉིས་པར་བཙན་བྱོལ་བོད་མིའི་སློབ་གྲྭ་ཐོག་མ་དེ་བཙུགས་གནང་པ་རེད། མ་ཟད་དེ་ནས་བཟུང་དེང་རབས་ཀྱི་སློབ་གསོ་ནི་བཙན་བྱོལ་བོད་མི་ཕྱི་རྒྱལ་དུ་འཚོ་བའི་ནང་གི་ཆེས་གལ་འགངས་ཆེ་བའི་འཛུགས་བསྐྲུན་ལས་གཞི་ཞིག་ཏུ་རྩིས་ཡོད།

ཚན་རིག་པའི་བཀའ་འདྲི་དེ་མི་གློད་པ།

མི་མང་པོ་ཞིག་གིས་ནང་བསྟན་ཆོས་བརྒྱུད་དང་དེང་རབས་ཚན་རིག་གཉིས་ནི་གཅིག་ལྟོས་གཅིག་སྤོང་གི་ཤེས་བྱ་ཞིག་ཡིན་པར་སེམས་ཀྱི་ཡོད། ཡང་ན་མང་ཆེ་བས་ཕྱི་རོལ་འཇིག་རྟེན་གྱི་རང་བཞིན་དེ་ཁག་ཁག་སོ་སོ་ཞིག་ཏུ་ལྟ་ཡི་ཡོད། མའོ་ཙེ་ཏུང་གིས་༡༩༥༤ ལོར་ལོ་ན་གཞོན་པའི་ཏཱ་ལའི་བླ་མས་ཚན་རིག་དང་ལེན་བྱེད་ཀྱི་འདུག་ཅེས་བསྔགས་བརྗོད་བྱས་ཡོད། འོན་ཀྱང་། དེ་མ་ཉིད་དུ་ཏཱ་ལའི་བླ་མ་ལ་ཐ་ཚིག་བསྒྲགས་དོན། ནང་ཆོས་ནི་དུག་རེད་ཟེར། ཡིན་ན་ཡང་། ཏཱ་ལའི་བླ་མས་དེ་འདྲའི་ལས་སླ་བོའི་སྒོ་ནས་ནང་ཆོས་དང་ཚན་རིག་མཉམ་དུ་སྦྱར་མེད། ཚན་རིག་དང་ནང་ཆོས་གཉིས་ལ་མི་འདྲ་ས་ཡོད་པ་གསལ་ཐག་ཆོད་ཡིན། མི་ཚང་མས་མཐོང་གསལ་ལ་ཏཱ་ལའི་བླ་མ་དང་མི་ཚོགས་ཀྱི་ཁྱད་པར་ནི། ཁོང་གིས་ཐུགས་ལ་དགོངས་ལ་ང་ཚོས་ཚན་རིག་དང་ནང་ཆོས་གཉིས་ཀ་ཟུང་འབྲེལ་བྱས་ཏེ་དངོས་པོའི་རང་བཞིན་ལ་རྟོག་ཞིབ་དང་རྒྱུས་ལོན་བྱ་རྒྱུ་དེའོ།། དེར་བརྟེན། ཁོང་གིས་དེའི་རྗེས་ཀྱི་ལོ་བཅུ་ཕྲག་གི་ནང་དུ་གསུང་ཆོས་ཐེངས་མང་སྩོལ་བའི་སྐབས་སུ། སངས་རྒྱས་ཀྱི་གསུང་ཐེངས་འགར་དྲངས་པ་སྟེ། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླངས་པར་བྱ་ཡི་གུས་ཕྱིར་མིན།། གཞི་རྩའི་བློ་སྟོབས་འདི་འདྲ་ཞིག་ཡོད་པས། ཏཱ་ལའི་བླ་མས་ཚན་རིག་པ་དང་ཐུག་པའི་གདན་ཞུའི་གོ་སྐབས་དེ་ནམ་ཡང་གློད་མི་སྲིད། ཚན་རིག་གི་ཐད་དུ་སྔོན་ནས་བོད་ཀྱི་ནང་པའི་དགེ་འདུན་པར་སྤྲོ་སྣང་སྦྱིན་པ་ནི་དབང་རྩའི་ཚན་རིག་རེད། སྒོམ་རྒྱག་པ་ནི་བོད་བརྒྱུད་ནང་བསྟན་འཛིན་པའི་དགེ་འདུན་པ་ཚང་མས་ཉམས་སུ་ལེན་དགོས་པའི་སློབ་ཚན་ཞིག་རེད། སྒོམ་གཏིང་ཟབ་པོ་བརྒྱབ་པའི་མི་ལ། ཕྱི་ཚུལ་ནས་འགྲེལ་བཤད་རྒྱག་མི་ཐུབ་པའི་བློ་སྟོབས་དང་གཟུགས་པོའི་གནས་སྟངས་བཅས་མངོན་ཡོང་། འདི་ལྟར། ནང་པའི་དགེ་འདུན་པའི་སྒོམ་ཉམས་ལེན་འདིས་དབང་རྩའི་ཚན་རིག་གི་ཞིབ་འཇུག་ལ་ལྟ་ཞིབ་དང་ཚོད་ལྟའི་རམ་འདེགས་བྱས་ཡོད། མ་ཟད། འགྲེལ་བཤད་མི་མཐུན་པ་བཟོས་ཡོད། ལོ་རབས་བརྒྱད་བཅུ་བའི་འགོ་སྟོད་དུ་ཏཱ་ལའི་བླ་མ་ལ་དབང་རྩའི་ཚན་རིག་པ་ཧྥུ་ལཱང་ཤཱི་སཱི་བཱ་ལི་ལཱ་དང་འབྲེལ་བ་བྱེད་པའི་གོ་སྐབས་རག་ཡོད། ནུབ་ཕྱོགས་སུ་ཕེབས་སྐབས་བཱ་ལི་ལཱ་མཐོང་བ་ཡིན་ན་ཁོང་གདན་ཞུ་བྱས་ཏེ་དབང་རྩའི་ཚན་རིག་གི་སྐོར་གྱི་དྲི་བ་འདོན་གནང་གི་ཡོད། འོན་ཀྱང་ཕྱི་རྒྱལ་དུ་ཆིབས་སྒྱུར་སྐབས་ཀྱི་ལམ་བར་གྱི་མཇལ་འཕྲད་དང་གླེང་མོལ་གྱི་ཕྱག་ཚོད་ལ་ཚད་བཀག་ཡོད་ལ། གླེང་མོལ་དེ་ལས་ལྡོག་སྟེ་རྫོགས་མཐའ་མེད། ཚང་མ་ལམ་བར་ཡིན་ཕྱིར་མཚམས་མི་འཇོག་ཐབས་མེད་རེད། ཏཱ་ལའི་བླ་མ་སྐུ་དངོས་ཀྱི་བཱ་ལི་ལཱ་གདན་ཞུ་གནང་བ་རེད། བཱ་ལི་ལཱ་རྒྱ་གར་རྡ་རམ་སཱ་ལཱའི་ཕོ་བྲང་དུ་གདན་ཞུ་བྱས་པ་རེད། མ་ཟད། བཱ་ལི་ལཱ་ཡིས་༡༩༨༧ ལོར་ཚན་རིག་པ་ཁ་ཤས་ཤིག་འཁྲིད་དེ་རྡ་རམ་སཱ་ལཱར་འབྱོར་བ་རེད། ཏཱ་ལའི་བླ་མའི་ཕོ་བྲང་གི་མགྲོན་པོ་སྣེ་ལེན་བྱེད་སའི་ཁང་པར་གཟའ་འཁོར་གཅིག་ཏག་ཏག་ལ་གླེང་མོལ་བྱས་པ་རེད། དེ་ནས་བཟུང་སྟེ་ཏཱ་ལའི་བླ་མ་དང་ཚན་རིག་པ་གཉིས་ཀྱི་གླེང་མོལ་འགོ་བཙུགས་པ་རེད།

རྒྱ་ནག་གི་ཤེས་ཡོན་པ་གཉིས་བགྲོ་གླེང་ལ་བཅར་བའི་གནས་སྐབས།
འགོ་བཙུགས་མ་ཐག་ཏཱ་ལའི་བླ་མ་དང་ཚན་རིག་པ་གཉིས་ཀྱི་གླེང་མོལ་གྱི་གསུང་སྐད་དམའ་མོ་འདུག ལྐོག་ཏུ་གླེང་མོལ་བྱེད་པའི་རྣམ་པ་ཞིག་ཤར་ཡོད། དེའི་རྒྱུ་མཚན་ནི་ནང་ཆོས་དང་ཚན་རིག་གང་ཡིན་ཡང་རྩོད་རྒྱུ་མེད་པ་ཞིག་མིན། ཐུགས་སེམས་དཀར་པའི་ཏཱ་ལའི་བླ་མས་ཚན་རིག་པ་དང་གླེང་མོལ་བྱས་ན་ནང་ཆོས་ཀྱི་དད་མོས་ལ་ཉེན་ཁ་ཡོད། རྒྱུ་མཚན་ནི་ལོ་བརྒྱ་ཕྲག་གི་ནང་དུ་ཚན་རིག་གི་འཇིག་རྟེན་འདིའི་ཁྱབ་ཁོངས་སུ་ཆོས་ལུགས་དད་མོས་ལ་ཁ་གཏད་བཅགས་ཏེ་ཚན་རིག་དང་ཆོས་ལུགས་དགྲ་ཁ་གཏད་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། ཚན་རིག་པའི་ངོས་ནས་དོགས་པ་ལྷག་པར་ཆེ། གླེང་མོལ་འདིས་ཕྱི་རོལ་གྱི་རང་བཞིན་དང་བར་གནས་རང་བཞིན་གྱི་དོགས་འདྲི་དེ་སེལ་ཐུབ།

གླེང་མོལ་ཕལ་ཆེ་བ་ཏཱ་ལའི་བླ་མའི་བཞུགས་གནས་ཀྱི་འགྲུལ་ཁང་དུ་གནང་གི་ཡོད། གཟའ་འཁོར་གཅིག་གི་ནང་གི་ཉི་མ་ལྔའམ་ཡང་ན་ཏཱ་ལའི་བླ་མ་ནུབ་ཕྱོགས་སུ་ཆིབས་སྒྱུར་གྱི་ལམ་བར་དུ་ནམ་རྒྱུན་ཉིན་གཉིས་ལ་གནང་སྲོལ་ཡོད། རྟོག་ཞིབ་དང་བགྲོ་གླེང་གི་ཚན་རིག་ཁྲོད་དབང་རྩའི་ཚན་རིག་ལས་གཞན་ད་དུང་ཚད་རྡུལ་ཤུགས་རིག་དང་ལྟོས་བཅས་རིག་པ་ལ་སོགས་པའི་དེང་རབས་དངོས་ཁམས་རིག་པའི་གྲོས་དོན་དང་། སེམས་ཁམས་རིག་པ་དང་ཤེས་པའི་ཚན་རིག་ལ་སོགས་པ་ཡོད།

བགྲོ་གླེང་འདི་ནི་༡༩༨༧ ལོ་ནས་འགོ་འཛུགས་བྱས་པ་རེད། ཆ་སྙོམས་ཀྱི་ལོ་གཅིག་གི་ནང་དུ་ཐེངས་རེར་འཚོགས་ཐུབ་པ་བྱེད་ཀྱིན་ཡོད། འཛམ་བུའི་གླིང་གི་ཚན་རིག་པ་ཚོ་ཡོ་རོབ་དང་ཨ་མེ་རི་ཀའི་གླིང་ནས་རྒྱ་གར་རྡ་རམ་ས་ལཱར་ཡོང་གི་ཡོད། ཏཱ་ལའི་བླ་མ་ལ་ཁོང་ཚོའི་ཚན་རིག་ཆེད་ལས་ཀྱི་གྲུབ་དོན་དང་བསམ་བློ། འདྲི་གཞི་ཅི་ཞིག་བྱུང་བ་བཅས་སྙན་སེང་ཞུ་བ་དང་། ཏཱ་ལའི་བླ་མ་ལ་རྒྱ་གར་འཕགས་པའི་གནའ་བོའི་སློབ་དཔོན་རྣམས་ཀྱི་དགོངས་པ་ཇི་ལྟར་བཞེས་ཀྱི་ཡོད་པ་སྟེ། རང་བྱུང་ཁམས་དང་མིའི་རིགས་བར་གྱི་རྩ་བའི་འདུ་ཤེས་འཛིན་སྟངས་ཀྱི་གནད་དོན་སོགས་བཀའ་འདྲི་ཞུས་ཏེ། ཕྱོགས་གཉིས་ཀར་ཁེ་ཕན་ཆེན་པོ་ཐོབ་ཀྱི་ཡོད། བཀའ་ལན་དེ་གདན་ཞུའི་སྐུ་མགྲོན་དག་གིས་ཉན་ཐུབ་པ་ལས། གསར་འགོད་པ་གདན་ཞུ་དང་ཁྱབ་བསྒྲགས་བྱེད་བཅུག་གི་མེད། ལོ་འདི་དག་གི་གླེང་མོལ་ནང་དུ། རྒྱ་རིགས་ཤེས་ཡོན་པ་གཉིས་ཀྱང་ཞུགས་འདུག ཧཱ་ཧྥུ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཏཱུའུ་བཱི་མཱིན་༡༩༩༧ལོའི་བགྲོ་གླེང་ཐེངས་དྲུག་པར་འཛུལ་ཞུགས་བྱས་ཡོད་ལ། ནཱོལ་བྷེལ་དངོས་ལུགས་བྱ་དགའ་ཐོབ་མྱོང་མཁན་སཱི་ཏཱན་ཧྥུ་སློབ་ཆེན་གྱི་དངོས་ཁམས་སྡེ་ཚན་གྱི་ཀྲོའོ་ཁཱང་བིན་བགྲོ་གླེང་ཐེངས་བཅུ་བར་ཞུགས་འདུག

༢༠༠༣ལོར་བགྲོ་གླེང་མཱ་ཧྲིན་ལི་གུང་སློབ་གླིང་དུ་འཚོགས་འདུག བསམ་ཡུལ་ལས་འདས་པའི་འཕོ་འགྱུར་བྱུང་ཡོད། འཛུལ་ཞུགས་པ་སྟོང་ཕྲག་ལས་བརྒལ་ནས་རྐུབ་སྟེགས་སྟོང་པའང་ལྷག་མི་འདུག ད་དུང་སློབ་ཆེན་པ་ཉིས་སྟོང་ལྷག་ཅིག་གིས་མིང་ཐོ་བཀོད་དེ་ཕྱི་ལོགས་སུ་བསྒུགས་ནས་བསྡད་ཡོད། འདི་ནི་ཏཱ་ལའི་བླ་མ་དང་ཚན་རིག་པའི་བགྲོ་གླེང་གི་དཀྱོགས་མཚམས་ཤིག་རེད། དེ་ནས་བཟུང་སྟེ་བགྲོ་གླེང་དེ་ག་ལེར་དམངས་ཡོངས་ལ་ཕྱོགས་པ་རེད།

ཏཱ་ལའི་བླ་མར་དེང་རབས་ཚན་རིག་གི་འདུ་ཤེས་གྲུབ་པ།
ལོ་ཉི་ཤུ་ཏག་ཏག་ལ་རྒྱུན་མཐུད་ནས་བགྲོ་གླེང་བྱས་པའི་དུས་ཡུན་ནང་དུ་། ནང་པའི་དགེ་སློང་ཞིག་ལ་མཚོན་ན། ཏཱ་ལའི་བླ་མ་རང་ཉིད་ལ་ག་ལེར་དེང་རབས་ཚན་རིག་གི་འདུ་ཤེས་ཤིག་གྲུབ་པ་རེད། ཁོང་གིས་ཆེད་དུ་རྒྱས་བཤད་གནང་བའི་དེང་རབས་ཀྱི་ཚན་རིག་དང་དེའི་ཐད་ཀྱི་དྲིས་ལན་ཆེད་བསྒྲིགས་ལྟོས་བཅས་ཀྱི་འཇིག་རྟེན་ཞེས་པ་དེ་དཔར་བསྐྲུན་བྱས་ཡོད། མ་ཟད་ཁོང་གིས་ཚན་རིག་ནི་ཆོས་དད་མེད་མཁན་དང་ཆོས་ལུགས་དད་མོས་པ་ཐུན་མོང་གི་སྐད་ཆ་ཞིག་ཡིན་པར་ངོ་སྦྱོར་གནང་ཡོད། ཆོས་དད་མེད་མཁན་གྱི་མི་བུ་དག་གི་འཇིག་རྟེན་མི་ཆོས་ཀྱང་ཚུད་ཡོད། མིའི་ནང་སེམས་ཀྱི་རིན་ཐང་གོང་འཕེལ་དང་། འཛམ་གླིང་གི་མི་ཚང་མ་ཡག་པོར་འགྱུར་བར་བྱེད་ཀྱི་ཡོད། ཁོང་གིས་ཆོས་ལུགས་ལས་བརྒལ་བ་ཞེས་པའི་དཔེ་དེབ་ནང་དུ་གནད་འགག་འདི་རྒྱས་བཤད་བྱས་ཡོད། དེ་དང་མཉམ་དུ་བོད་མིའི་སྣེ་ཁྲིད་ཅིག་ཡིན་པའི་ཆ་ནས་ཏཱ་ལའི་བླ་མས་བོད་མི་རིགས་ཀྱིས་ཚན་རིག་ལག་རྩལ་དང་དེང་རབས་ཅན་གྱི་འཕེལ་རྒྱས་ཇི་ལྟར་ནང་འདྲེན་བྱ་དགོས་མིན་གྱི་གནད་དོན་ལ་དགོངས་པ་བཞེས་ཀྱི་ཡོད། དུས་རབས་ཕྱེད་ཀ་འདིའི་ནང་དུ་བོད་མི་རིགས་ཆབ་སྲིད་ཐད་ནས་གེགས་རྐྱེན་ཆེན་པོ་ཞིག་དང་འཕྲད་ལ། མི་རིགས་ཀྱི་རིག་གཞུང་ཆེས་ཉེན་ཁའི་གནས་སུ་ལྷུང་ཡོད། ལྷག་པར་མིག་མདུན་དུ་མངོན་པ་ནི་བོད་མི་དང་རྒྱ་ནག་སྲིད་གཞུང་གཉིས་ཀའི་འབྲེལ་མོལ་ཡག་ཏུ་ཕྱིན་མི་འདུག་པ་དེ་ཡིན། འོན་ཀྱང་བོད་མིའི་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཡོངས་མི་རིགས་ཀྱི་འདྲ་མཉམ་གྱི་འདུ་ཤེས་ཤུགས་དྲག་ཏུ་འགྲོ་ཡི་འདུག བོད་མི་རིགས་ལ་རང་ཉིད་ཀྱི་ཆབ་སྲིད་རང་དབང་དང་ཐོབ་ཐང་རེག་རྒྱུ་ནི་སྔ་ཕྱིའི་གནད་དོན་ཞིག་རེད། འོན་ཀྱང་། ཐག་རིང་ས་ནས་བཤད་ན། བོད་ཀྱི་རིག་གཞུང་གི་མདུན་ལམ་ནི་བོད་མིས་རང་ཉིད་ཀྱི་ཆོས་དང་རིག་གཞུང་ཉར་ཚགས་རྒྱུན་མཐུད་བྱེད་ཐུབ་མིན་ལ་ཐུག་ཡོད། མིའི་རིགས་ཀྱི་རིག་གནས་ཀྱི་སྙིང་བཅུད་དང་དེང་རབས་ཀྱི་ཚན་རིག་གི་གྲུབ་འབྲས་དང་གྲུབ་ཆ་བཅས་དེང་རབས་ཅན་གྱི་ངོར་མངོན་གྱུར་ཐུབ་བམ། བོད་མི་རིགས་ལ་མཚོན་ན་འདི་ལྟར་བག་འཁུམས་ནས་སྡོད་པའི་གནའ་བོའི་མི་རིགས་ཤིག་ཡིན་ཕྱིར་གནད་དོན་འདི་འགྲུབ་སླ་བ་ཞིག་མིན། མ་འོངས་པ་ནི་ཕྱི་ཕྱོགས་ཀྱི་ཁེ་ཕན་ཇི་ལྟར་ནང་འདྲེན་གྱིས་བེད་སྤྱོད་བྱེད་མིན་དང་བོད་མིའི་ཚན་རིག་སློབ་གསོའི་གནས་ཚད་ཇི་ལྟར་ཡར་རྒྱས་སུ་གཏོང་མིན་ལ་ཐུག་ཡོད། གཞན་ཡང་། ད་ལོའི་ཟླ་བ་དང་པོའི་བགྲོ་གླེང་གི་ས་གནས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བདམས་ཡོད། ནང་པའི་དགེ་འདུན་པ་སྟོང་ཕྲག་དྲུག་ལྷག་གིས་ཏཱ་ལའི་བླ་མ་དང་ཚན་རིག་པའི་གླེང་མོལ་ལ་ཉན་གྱི་ཡོད། འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་འདུག ལོ་རྗེས་མ་ནས་བཟུང་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲྭ་བའི་སློབ་གསོའི་ནང་དུ་ལོ་ལྔའི་ལམ་ལུགས་ཀྱི་དེང་རབས་ཚན་རིག་སློབ་གསོ་བཅུག་ཡོད།

འདིའི་རྒྱུ་མཚན་ནི་ལོ་འགའི་ནང་དུ་མངོན་འགྱུར་འབྱུང་ཐུབ། ནུབ་ཕྱོགས་པའི་ཚན་རིག་པ་དང་ཤེས་ཡོན་པ། རྩོམ་པ་པོ། སློབ་དཔོན་བཅས་ཀྱིས་རླབས་ཆེ་བའི་མཛད་རིམ་འདིའི་དོན་སྙིང་མཐོང་ཡོད། མ་ཟད་ཤུགས་དྲག་པོའི་སྒོ་ནས་ཏཱ་ལའི་བླ་མའི་འབོད་སྐུལ་དང་ལེན་དང་བོད་མིར་རོགས་རམ་བྱས་ཏེ་དེང་རབས་ཚན་རིག་སློབ་གསོ་འཐུས་ཚང་དུ་བཟོ་བར་ཤུགས་སྣོན་རྒྱག་གི་ཡོད། འོན་ཀྱང་། འདི་དག་ཡོད་ཚད་རྒྱ་ནག་ནང་ལོགས་སུ་ཅི་ཡང་ཤེས་ཀྱི་མེད། འདིའི་སྐོར་གྱི་འབྲེལ་ཐག་སྟེ་བརྙན་འཕྲིན་དང་ཡི་གེའི་རྒྱུ་ཆ་མཐའ་དག་ནག་གསུབ་བཏང་ཡོད།

༼ འགུལ་ཕྱོགས།༽ ཞེས་པའི་དུས་དེབ་ཏུ་༢༠༡༣ལོའི་ཟླ་༣ པར་བཀོད།


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ༧ཏཱ་ལའི་བླ་མ་དང་ཚན་རིག་པ་གཉིས་བར་གྱི་གླེང་མོལ།

  1. ཉེ་ལམ་གསར་འགོད་གསལ་བསྒྲགས་གནང་བ་ལྟར་ན་ད་རེབ་ལ་དྭགས་དུས་དབང་དུ་དཀའ་ངལ་གང་འཚམ་འཕྲད་སོང་ཟེར་མཁན་མང་པོ་འདུག རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་བྱམས་པ་ལུང་རྟོགས་ལགས་ཀྱིས། ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་གོ་སྒྲིག་ཁོང་ཚོས་སྔོན་མར་བཤད་པའི་སྐད་ཆ་དང་ཆ་མཚུངས་ཀྱི་མི་འདུག སྔོན་མ་ཁོང་ཚོས་མུ་ན་ལེ་ནས་སྣེ་ལེན་བྱེད་མཁན་དང་རིན་མེད་ཀྱི་རླངས་འཁོར་ཡོད་ཅེས་དང་། ལྡི་ལི་ནས་ཉིན་རེར་གནམ་གྲུ་གཉིས་རེ་དང་ཇམ་མུ་ནས་རླངས་འཁོར་བཅས་རིན་མེད་མིན་ཚུལ་སོགས་བཤད་འདུག་ཅེས་ངའི་གྲོགས་པོས་བཤད་སོང་། ཡིན་ནའང་། དངོས་སུ་ལམ་ཁར་ཡོང་དུས་སྣེ་ལེན་བྱེད་མཁན་དང་རིན་མེད་ཀྱི་རླངས་འཁོར་སོགས་རྐང་གཅིག་མི་འདུག སྤྱིར་བཏང་གནས་སྟངས་ཀྱི་དབང་གིས་དཀའ་ངལ་ཡོད་ཀྱང་། མི་མང་ཁྱབ་བསྒྲགས་གནང་སྐབས་དྲང་པོ་བཤད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དང་པོ་གནས་ཚུལ་ཡག་པོ་མ་བསྒྲགས་པའི་དབང་གིས་མི་མང་པོར་དཀའ་ངལ་འཕྲད་ཀྱི་འདུག ང་རང་གི་ངོས་ནས་སྐབས་སྔོན་མ་ལྟར་གོ་སྒྲིག་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་། ཞེས་བརྗོད་བྱུང་། འདི་འདྲའི་ཕྱོགས་སུ་བསམ་ཚུལ་ཅི་འདྲ་ཡོད་དམ། དེ་ཞིབ་འཇུག་གནང་རྒྱུ་མང་པོ་ཡོད།

Write a Reply or Comment

Your email address will not be published. Required fields are marked *

*