བོད་ཡིག་གི་ཡིག་ནོར་དང་གཞན།

Lhabrang

ཞོགས་ལྗང་།

སྔོན་ཆད་ཅིག་ལ། བུ་ཞིག་གིས་རང་གི་ཕ་རྒན་ལ་འཕྲིན་ཡིག་ཅིག་བཏང་། འཕྲིན་ཡིག་ཏུ”ང་བརླ་བྲང་ལ་འབྱར་ནས་ལོ་གཅིག་ཡིན”ཞེས་བྲིས། ཕ་རྒན་གྱིས་ཡི་གེ་མི་ཤེས་པས་དགེ་བཤེས་ཤིག་ལ་དྲིས། དགེ་བཤེས་ཀྱིས་འཕྲིན་ཡིག་ལ་བལྟས་རྗེས། ཁྱོད་ཀྱི་བུའི་བརླ་བྲང་ལ་འབྱར་ནས་ལོ་གཅིག་འགོར་འདུག་ཅེས་གསལ་བཤད་བྱས། ཕ་རྒན་ནི་རང་གི་བུའི་བརླ་བྲང་ལ་འབྱར་ནས་ལོ་གཅིག་ཡིན་པའི་གཏམ་གྱིས་ཡིད་གདུང་བས་མནར་ཞིང་ཁྱིམ་དུ་ལོག

འཕྲིན་ཡིག་འདིའི་མ་གཞིའི་དོན་ནི། “ང་བླ་བྲང་དུ་འབྱོར་ནས་ལོ་གཅིག་ཡིན”ཞེས་པའི་དོན་ཡིན་མོད། ཡི་གེའི་དག་ཆས་དོན་གྱི་གནད་འབྱིན་མ་ཐུབ་པའི་ནག་ཉེས་ཀྱིས་གོ་བ་སོ་སོར་གྱུར། ཡང་སྐུ་ཞབས་གཡང་བྷ་ལགས་ཀྱི་རྩོམ་ཡིག༼བོད་ཡིག བྲིས་ནོར་ཤོར་ཆོག་པའི་ཡིག་རིགས་ཤིག༽ཅེས་པར”མི་གསོད་རུ་ཁག”ཅེས་པའི་སྒོ་བྱང་ཞིག་གི་སྐོར་འདུག་ཅིང་། དེ་ལ་བལྟས་ནས་སྐུ་ཞབས་ཁོང་ཧ་ལས་ཧང་སངས་པར་གྱུར། དེ་ལ་ཅི་ཁག སྒེར་གཅོད་པ་དག་གིས་ད་ལ་ཐུག་གི་བར་དུ་གཞན་གྱི་ཚེ་སྲོག་ལ་སྙིང་རྗེ་ཡ་ང་བྲལ་བའི་སྒོ་ནས་རྡོག་བརྫིས་སུ་བཏང་བར་མ་ཟད། “མི་གསོད་རུ་ཁག”ཅི་ཙམ་ཞིག་ལྐོག་འཛུགས་བྱས་ཡོད་པ་ཚོད་ཀྱིས་མི་ཐུག་མོད། མངོན་སུམ་འཛེམ་མེད་ཀྱི”མི་གསོད་རུ་ཁག”ཅིག་བཙུགས་འཇོག་པར་སྐྱེ་བོ་སུ་ཞིག་ཡིད་ཆེས་རྙེད། དོན་དུ། མི་རྣམས་བླ་འཁྱམ་པར་བྱེད་པའི”མི་གསོད་རུ་ཁག”དེའི་དོན་ངོ་མ་ནི”མེ་གསོད་རུ་ཁག”ཡིན་སྐད་མོད། ནམ་ཞིག”མེ་གསོད་རུ་ཁག”དེ”མི་གསོད་རུ་ཁག”ཏུ་གྱུར་ནས་མི་རྣམས་འབྲོ་ས་སྐུང་ས་མེད་པའི་གནས་སུ་མི་འདེད་པར་སུ་ཞིག་རློམ།

ཉེ་བའི་ལོ་འདི་དག་ལ་གཞུང་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་བོད་ཡིག་གི་ཡིག་ནོར་ཇི་འདྲའི་མང་པོ་ཞིག་བྲིས་པར་ང་ཚོས་གྲངས་ཀ་མི་ལོན་མོད། མ་མཐའ་ཡང”ཀན་ལྷོ་བོང་རིགས”སོགས་ཀྱི་མིང་བརྡ་དག་ནི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པས་གསུབ་ཏུ་མེད། འདི་ལ་རང་རེའི་ཡི་གེ་པ་མང་པོས་སྙུག་ཁ་བསྐོར་བ་ནི་ལེགས་པར་འདུག་སྟེ། རང་གི་སྐད་ལ་རང་གིས་བདག་པོ་རྒྱག་པ་ལས་འོས་མེད། ཡིན་ནའང་། གཞུང་གི་ངན་ཤུགས་དམངས་ལ་ཐེབས་པ་ཡིན་ནམ་ཅི། ད་ལྟ་བོད་ཡིག་གི་ཡིག་ནོར་གྱིས་བོད་མིའི་རིག་གནས་བག་ཆགས་དང་བཅས་པའི་ཟ་ཟུར་མང་པོ་ཤོག་བུ་སྣུམ་གྱིས་ཟས་པ་བཞིན་ཁྱབ་ནས་འགྲོ་བཞིན་འདུག་པ་ཇི་འདྲའི་ཞེ་རེ་སྨྲེང་ཨང་། བོད་ཡིག་གི་སྒེར་དེབ་དག་ནས་དྲྭ་བ་དང་སྐད་འཕྲིན་གང་དུ་ཡང་ཡིག་ནོར་གྱི་རྗེས་ཤུལ་མཐོང་དུ་ཡོད། ཁོ་ཚོས་ཅི་མི་སྙམ་པར་བྲི་བར་བྱེད།

ཉེ་སྔོན། ཁོ་བོ་རང་ཁྱིམ་དུ་སྡོད་སྐབས། གཙང་ཤོག་ཅིག་གི་ཤུབས་མཐོང་བར་སྟེང་དུ་བོད་རྒྱ་གཉིས་ཀྱི་ཡི་གེ་འགའ་བྲིས་འདུག ཞིབ་ཏུ་བལྟས་ཚེ”ཉི་མ་། བླ་གྲ་ང་གསོལ་ཁང”ཞེས་བྲིས་འདུག ཅི་ཡིན་ཆ་མ་འཚལ་བར་གཤམ་གྱི་རྒྱ་ཡིག་ལ་བལྟས་པས་གཞི་ནས་ཧ་གོ་སོང་། ཡིན་རྒྱུ་ནི”ཉི་མ། བླ་བྲང་གསོལ་ཁང”ཡིན་འདུག གལ་ཏེ། བོད་ཡིག་མ་གཏོགས་རྒྱ་ཡིག་མི་ཤེས་མཁན་ཞིག་ཡིན་ཚེ། ཡི་གེ་འདིའི་རིགས་ཀྱིས་མགོ་ཉོག་པར་འཇུག་སྲིད་དེ། སྤྱིར་ན་བླ་ནི་སྟེང་དང༌། གོང༌གི་དོན་ཡིན། ས་བླ་དང་བླ་ན་མེད་པ་སོགས་འབྲི། ཡང་རུང་བ་དང༌། ཆོག་པ་དང༌། བཟོད་པ་སོགས་ལ་འཇུག་སྟེ། རང་དབང་མེད་པར་འཚོ་བ་ལས་འཆི་བ་བླའོ་ཞེས་པ་ལྟ་བུ། གྲ་ནི་དུད་འགྲོའི་རིགས་ཀྱི་སྤུའི་རྩེ་མོ་དང་སྲོག་ཆགས་ཀྱི་པགས་པའི་སྤུ་ལ་གྲ་དང་ཁུལ་གཉིས་ཡོད་པའི་གྲ་ལ་འཇུག ང་ནི་བདག་ཉིད་ཀྱི་དོན་དང་། གསོལ་ཁང་ཟས་ཟ་སའི་གནས་རེད། དོན་བསྡུས་ན་མི་ཆེན་དག་གི་གསོལ་ཁང་ངམ་ཡང་ན་མི་ཆེན་དག་གསོལ་བའི་གནས་ཁང་དུ་འགྱུར། གོང་མ་ལྟར་ན་རོང་འབྲོག་མང་ཚོགས་ཡོང་སའི་གནས་ཤིག་མིན་པ་འདྲ་མོད། ངས་མཐོང་བའི་གཙང་ཤོག་དེ་ནི་ཁྱིམ་མི་སུ་ཞིག་གིས་འཁྱེར་འོང་བ་ཤ་སྟག་སྟེ། འདི་གའི་མང་ཚོགས་མང་པོ་ཞིག་ནི་ཟ་ཁང་དེའི་ནང་གི་རྒྱ་ཁོག་ཟ་བར་དགའ་ཙམ་འདུག རྗེས་མ་ལྟར་ན་མི་ཆེན་དག་གི་སྲོག་ལེན་ས་ལས་ཡོང་ས་ཞིག་ག་ལ་ཡིན། དེ་བས། དགོད་བྲོ་ལ་འཇིགས་རུང་བའི་བོད་ཡིག་འདི་དག་ནི་ནམ་ཞིག་སུ་ཞིག་གི་སྲོག་ལེན་མཚོན་ཆ་རུ་འགྱུར་རམ་སྙམ་ན་ཡིད་སེམས་བདེ་ཐབས་བྲལ།

སྤྱིར་བཤད་ན། ཉི་མ་བླ་བྲང་ནི་ཨ་མདོ་ཡུལ་གྱི་རིག་གནས་ཀྱི་རྫོང་སྟུག་པའི་ས་ཆ་ཞིག་ཏུ་བཤད་དེ། དེ་གར་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བ་ཞེས་པའི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཞིག་ཡོད་པས་སོ།། གོང་གི་གསོལ་ཁང་དེ་ཡང་དེ་གའི་རོང་འབྲོག་མང་ཚོགས་དང་གྲྭ་ཇོ་རྣམས་འགྲོ་རྒྱུར་དགའ་བའི་གསོལ་ཁང་ཞིག་ཡིན་མོད། བོད་ཡིག་གི་ལས་དབང་ལ་སེམས་ཁུར་བྱེད་པའི་བོད་མི་ཞིག་ཧ་ལམ་མེད་པའི་ཚོད་ཡིན་ནམ། ཡང་ན། དེ་གའི་སྦྱིན་བདག་ལ་གནས་ལུགས་བཤད་སར་ཡེ་མི་འགྲོ་བས་ཡིན།

ཏན་ཏན་བཤད་ན། རང་གི་སྐད་དང་རིག་གནས་ལ་རང་གིས་བདག་པོ་རྒྱག་པ་ནི། དགྲ་བོའི་བཅོམ་བརླག་མ་སླེབས་སྔོན་དུ། མི་སྒེར་རང་ཉིད་ནས་སློབ་སྦྱོང་ཡག་པོ་དང་བཀོལ་སྤྱོད་ཡག་པོ་བྱེད་རྒྱུ་དེ་ཡིན་པ་ལས། གཞན་གྱི”རྡུང་གཅོག་འཕྲོག་སྲེག”སླེབས་དུས། ཁ་གནམ་ལ་འཁོར་ཏེ་ངུ་འབོད་བྱེད་པ་དེ་མ་ཡིན་ནོ།། དེང་སྐབས། འདི་ལྟར་རང་གི་སྐད་དང་ཡི་གེ་རླབས་ཆེ་མདོག་ཁ་བོ་ལབ་མཁན་དང་དེ་ཉིད་བཀོལ་སྤྱོད་ཀྱི་ཐོབ་ཐང་ལ་ཨག་སྐད་འདེབས་མཁན་མང་པོས། རང་གིས་རང་སྐད་རིག་གནས་དང་བཅས་པ་ཡག་པོ་མི་སློབ་པར་མ་ཟད། དེ་ཉིད་བེད་སྤྱོད་ཅི་ཐུབ་མི་བྱེད་པར་འདུག འདི་ནི་ཁ་བཤད་དང་ལག་ལེན་ལྟག་སྤྲོད་རེད་པས། འདིའི་རིགས་ཀྱིས་དོན་སྒོ་མི་འཁྱོངས་པར་ང་ཡིས་འདོད།

མི་རིགས་གང་ཡིན་རུང་རང་སྐད་བེད་སྤྱོད་ཀྱི་ཐོབ་ཐང་འདྲ་མཉམ་དུ་ཡོད་ལ། དེ་ཉིད་བརྡ་ལོག་གོ་ལོག་ཏུ་མི་འབྲི་བའི་འོས་འགན་ཡང་འདྲ་མཉམ་དུ་ལྡན། འདི་ལྟར་ཐོབ་ཐང་དང་འོས་འགན་གཉིས་ཀ་ལྡན་པ་དེ་ནི་རང་དབང་ཡིན་ལ། རང་དབང་སྒོས་རང་གི་སྐད་དང་རིག་གནས་ལ་སྲུང་སྐྱོབ་གོང་འཕེལ་གཏོང་བ་ནི་སྐྱེ་བོ་སོ་སོའི་གཞི་རྩའི་རྩིས་ཐང་རིགས་ཤིག་ཡིན། རྩིས་ཐང་འདི་ཉིད་དང་མི་ལྡན་པ་དེ་ལ། འགྲོ་མིའི་ཐོབ་ཐང་གཞན་ཡང་འཐོབ་དཀའ།

ཉེ་བའི་ལོ་ངོ་འདི་དག་གི་རིང་ལ། རང་རེ་ཅག་གིས་རང་དབང་དང་དམངས་གཙོ་ཁ་འབོད་དུ་བྱས་ནས་ཡི་གེ་འབྲི་ཞིང་ཁྲོམ་སྐོར་བྱེད་ཀྱི་འདུག་མོད། རང་སྐད་རང་གིས་སྦྱོང་དགོས་པ་དང་རང་སྐྱོན་རང་གིས་བསྔོག་དགོས་པའི་གནད་ཀྱི་མདུད་པ་ཡང་གྲོལ་གྱི་མེད་པ་འདི་ལས། ཁོ་བོར་དོགས་པ་ཞིག་ཟ་བ་ནི། བོད་མིའི་རིག་གནས་གོ་རྟོགས་དང་སྤྱི་ཚོགས་གོ་རྟོགས་ཡིན་ལ། དོན་གྱིས་བོད་མི་ནི་སྔར་བཞིན་བོད་མི་རང་ངོ་སྙམ་པ་དེའོ།།

དེ་བས། ང་ཚོས་བོད་ཡིག་གི་ཡིག་ནོར་སེལ་བར་དུས་ཡུན་རིང་པོ་བརྒྱུད་དགོས་པ་དེ་བཞིན་དུ། བོད་མིའི་རིག་གནས་དང་སྤྱི་ཚོགས་ཀྱི་གོ་རྟོགས་སད་དེ་མི་རིགས་ཀྱི་བདེན་མཐའ་གསལ་བར་ཡང་དུས་ཡུན་ཧ་ཅང་རིང་བོ་བརྒྱུད་དགོས་པ་ཤ་སྟག་གོ།


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to བོད་ཡིག་གི་ཡིག་ནོར་དང་གཞན།

  1. ཀླུ་སྨྱོན་ ནས།

    སྐད་ཡིག ངའི་སྙིང་རྩ་འགག་གྲབ་བྱེད་ཀི

Write a Reply or Comment

Your email address will not be published. Required fields are marked *

*