སྨྲ་བྱེད་ལྕེ་ཡི་རང་དབང་།

bbb

རྩོམ་པ་པོ། བུ་ཆུང་ལྡུམ་རྭ་བསོད་ནམས།
ཡིག་སྒྱུར་བ། བུདྡྷ་སྐྱབས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༡༢ ཉིན་ཞིང་ཆེན་རིམ་པའི་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་ས་གནས་སྲིད་གཞུང་གཉིས་ཀྱིས་ཤེས་ཡོན་སྐོར་ལ་ཚོགས་འདུ་ཞིག་བསྡུས་ཤིང་། སློབ་ཁྲིད་བརྒྱུད་ལམ་བོད་ཡིག་གི་ཚབ་ཏུ་རྒྱ་ཡིག་སྤྱོད་པའི་སྲིད་ཇུས་ཤིག་ལག་བསྟར་བྱ་རྒྱུ་གཏན་ལ་ཕབ། ཟླ་དེའི་ཚེས་༡༩ ཉིན་གྱི་ཞོགས་པ་ཆུ་ཚོད་༨ པའི་ཐོག རེབ་གོང་ས་གནས་ཀྱི་བོད་རིགས་སློབ་མ་སྟོང་ཕྲག་འགའ་ལམ་གཞུང་དུ་འདུས་ཏེ་ “ སྐད་ཡིག་གི་རང་དབང་ ” དགོས་པའི་འདོད་འདུན་བཏོན།

བོད་རིགས་སློབ་མ་ཚོའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེ་བོད་ཁམས་ཡོངས་ལ་ཁྱབ་ཅིང་། སྐབས་དེར་པེ་ཅིན་མི་རིགས་སློབ་ཆེན་ནང་གི་སློབ་མ་བཞི་བརྒྱ་ཙམ་གྱིས་ཀྱང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཞི་བའི་གོམ་བགྲོད་བྱས། བདུན་ཕྲག་སྔོན་མའི་ནང་མདོ་སྨད་ཁུལ་དུ་སློབ་ཕྲུག་༦༠༠༠ ལྷག་གིས་སྐད་ཡིག་སྐོར་གྱི་སྲིད་ཇུས་གསར་པ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ལ། དེ་དང་མཉམ་དུ་ཀན་སུའུ་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན་ནང་གི་བོད་རིགས་སློབ་མ་ཚོས་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཡོད། ཟླ་དེའི་ཚེས་༢༢ ཉིན་གྱི་ཞོགས་པ་ཆུ་ཚོད་10:30 ཙམ་དུ་ལས་འགུལ་ལ་སྟངས་འཛིན་ཆེད་རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་བྱང་ཤར་ས་ཁུལ་གྱི་མདོ་སྨད་ཆབ་ཆ་ས་ཁུལ་ནས་སློབ་ཕྲུག་ཉི་ཤུ་ལྷག་འཛིན་བཟུང་བྱས།

བཙན་བྱོལ་དུ་བོད་རིགས་སློབ་ཕྲུག་དང་རྒྱབ་སྐྱོར་བྱེད་མཁན་ཚོའི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་བསྟན་པ་དང་། བྷེལ་ཇེམ་དང་། ཧོ་ལན་ཌ། པོ་ལན་ཌ། འཇར་མན། སི་ཛི་ལན་ཌ། དེ་བཞིན་ཨ་རིའི་ནང་གི་ས་ཁུལ་མང་པོ་དང་རྒྱ་གར་སོགས་འཛམ་གླིང་ཡུལ་གྲུ་ཁག་ཏུ་སྲིད་ཇུས་དེར་དགག་པ་རྒྱག་པའི་ལས་འགུལ་བརྩམས་ཡོད་ལ། ཤར་ཏིར་ཀིསྟན་གྱི་དགེ་རྒན་དང་སློབ་ཕྲུག་རྣམ་པས་ཀྱང་བོད་མི་ཚོར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་རྣམ་པ་བསྟན་ཡོད།

རྒྱ་གཞུང་གི་དབང་འཛིན་པ་ཚོས་གཏན་འབེབས་བྱས་པ་གང་ཞིག་ཆབ་སྲིད་དང་འབྲེལ་བ་མེད་པ་ལྟར་སྣང་བའི་གནད་དོན་འདིའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་དང་ཉེན་ཁ་ནི། ཟླ་༡༠ ཚེས་༡༥ ཉིན་ས་གནས་སློབ་གྲྭ་ཁག་གི་དགེ་རྒན་༡༣༣ གྱིས་མིང་རྟགས་བཀོད་དེ་མཚོ་སྔོན་ཞིང་ཆེན་ས་གནས་སྲིད་གཞུང་ལ་ཕུལ་བའི་སྙན་ཞུའི་ཡི་གེ་དེའི་ནང་དོན་གྱིས་གསལ་སྟོན་བྱས་ཡོད། སྙན་ཞུའི་ཡི་གེ་དེའི་ནང་དུ་ “ མི་རིགས་ཤིག་གིས་ཡིག་ངག་གཉིས་ཀར་སྤྱོད་པའི་སྐད་ཡིག་རྩ་སྟོང་དུ་གྱུར་ཚེ། མི་རིགས་དེའི་མི་མང་ཚང་མ་ཤི་སོང་བ་དང་འདྲ་ལ། མི་རིགས་དེ་རྩ་མེད་དུ་བཏང་བ་རེད། ” ཅེས་འཁོད་ཡོད། གནད་དོན་འདིའི་ཐད་བཙན་བྱོལ་དུ་གྱར་བའི་རྩོམ་པ་པོ་༢༧ གྱིས་མི་རྟགས་བཀོད་པའི་རེ་ཞུའི་ཡི་གེ་ཞིག་བྲིས་ཏེ་སེམས་ཚབ་ཆེ་བའི་རྣམ་འགྱུར་གསལ་སྟོན་བྱས་ཡོད། ཡི་གེ་དེའི་ནང་ “ བོད་ཀྱི་རྩོམ་པ་པོ་ཞིག་ཡིན་པའི་ངོས་ནས་བཤད་ན། སྐད་ཡིག་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་གཙོ་བོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོའི་ངོ་བོ་ཡུན་གནས་ཐུབ་མིན་ནི་ང་རང་ཚོའི་སྐད་ཡིག་ལ་རག་ལས་ཡོད་པ་དང་། སྐད་ཡིག་ལ་གཏོར་སྐྱོན་གཏོང་བ་ནི། སྐད་ཡིག་དེ་སྤྱོད་མཁན་གྱི་མི་རིགས་དང་མི་རིགས་དེའི་ངོ་བོ་ལ་གཏོར་སྐྱོན་གཏོང་གི་ཡོད་པ་ཞིག་ཡིན། ” ཅེས་འཁོད་ཡོད།

རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས། གུང་ཁྲན་ཏང་གིས་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་གཉིས་ནི་དོགས་ཟོན་དང་འཇིགས་སྣང་བྱ་དགོས་ས་ཞིག་ཡིན་པའི་ལྟ་སྟངས་བཟུང་བ་རེད། བོད་མི་ཚོས་མི་ཚེ་སྐྱེལ་སྟངས་དང་འཛམ་གླིང་ལ་ལྟ་སྟངས་ནི་སངས་རྒྱས་ཆོས་ལུགས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ལ། དེ་ནི་བོད་ཀྱི་སྐད་ཡིག་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། ལེགས་བྱང་ངམ་རིགས་གཞུང་འདིས་བོད་མི་རྣམས་ངོ་བོ་གཅིག་ཏུ་བསྡུམས་ཡོད་ལ། དེས་ནི་བོད་མི་ཚོར་མི་རིགས་ཤིག་གི་ངོ་བོ་འཛིན་པའི་འདུ་ཤེས་སྐྲུན་བཞིན་ཡོད།

གང་ལྟར་ཆིག་སྒྲིལ་གྱི་སྟོབས་ཤུགས་འདི་ནི། པེ་ཅིན་སྲིད་གཞུང་གི་དབང་བསྒྱུར་དང་བོད་ནང་རྒྱ་གཞུང་གི་སྲིད་ཇུས་ཡུན་གནས་ཐུབ་པར་འགོག་རྐྱེན་ཞིག་ཏུ་གྱུར་ཡོད། དེ་བཞིན་དུས་རབས་ཕྱེད་ཙམ་ཅིག་གི་རིང་དུ་རྒྱ་ནག་དབང་སྒྱུར་མཁན་ཚོས་བོད་ཀྱི་ཆོས་དང་། སྐད་ཡིག ངོ་བོ་བཅས་ལ་འབུར་འཇོམས་བྱས་པ་རེད། ཆོས་ལུགས་ལ་དད་པ་མི་བྱེད་པའི་རྒྱ་ནག་གུང་ཁྲན་ཏང་གིས། ཆོས་ཀྱི་དབུ་ཁྲིད་དང་དགེ་བའི་བཤེས་སུ་བཀུར་བའི་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་འདེམས་སྟངས་དང་སྟངས་འཛིན་བྱ་ཐབས་ལ་ཡང་དངོས་སུ་ཇུས་གཏོགས་བྱེད་བཞིན་ཡོད།

ཕྱི་ལོ་༡༩༥༡ ལོར་ཡོངས་གྲགས་སུ་ཆིངས་ཡིག་དོན་ཚན་བཅུ་བདུན་དུ་འབོད་པ་དེར་མིང་རྟགས་འཁོད་རྗེས། བོད་རིགས་བྱིས་པ་༦༠༠ པེ་ཅིན་ཀྲུང་ཡང་མི་རིགས་སློབ་གྲྭ་རུ་བཏང་སྟེ་དམག་སྦྱོང་དང་དགེ་རྒན་གྱི་བྱ་བའི་ཐད་སློབ་སྦྱོང་སྤྲད་ཡོད། འདི་ནི་བོད་མི་ཚོས་རྒྱ་གཞུང་ལ་ཡིད་ཆེས་སྐྱེ་ཐབས་ཀྱི་གོམ་རིམ་དང་པོ་དེ་ཡིན་པར་ངེས། སྐབས་དེར་བོད་ནང་དུ་རྒྱ་ནག་དབང་འཛིན་པ་ཚོས་སློབ་གྲྭ་ཁག་ཏུ་དྲིལ་བསྒྲགས་ཀྱི་སློབ་གསོ་སྤེལ་གྱི་ཡོད་སྐོར་གྱི་དཔེ་མཚོན་ཞིག་སློབ་དཔོན་ཆེན་མོ་ཟླ་བ་ནོར་བུ་མཆོག་གིས་བགྲང་ཡོད། སྐབས་དེར་ཨང་རྩིས་ཁྲིད་སྐབས་དཔེར་བརྗོད་འདི་ལྟར་འཇོག་གི་ཡོད་འདུག “ ང་ལ་སྒོ་ང་ལྔ་ཡོད་པ་ལས། སྒོ་ང་གསུམ་མི་དམངས་བཅིངས་འགྲོལ་དམག་ལ་ཕུལ་ཚེ། ང་རང་ལ་སྒོ་ང་ག་ཚོད་ལྷག་ཡོད་དམ། ” ལྟ་བུ་རེད།

རྩོམ་པ་པོ་ཀ་ཊ་རོ་ནཱ་བ་ས་ (Catriona Bass) མཆོག་གིས་བརྩམས་པའི་<<བོད་ནང་གི་ཤེས་ཡོན་>> ཞེས་པར་ཕྱི་ལོ་༡༩༥༠ ལོ་ནས་བཟུང་བའི་སྲིད་ཇུས་དང་ལག་ལེན་གྱི་ཚན་པ་རུ། “ རིག་གནས་གསར་བརྗེ་ཡི་དུས་སྐབས་སུ། རྒྱ་ནག་མངའ་ཁུལ་གྱི་མི་རིགས་སོ་སོའི་རིགས་གཞུང་དང་འབྲེལ་བའི་ཤེས་ཡོན་ནམ་སློབ་གསོའི་ཐད་འཛིན་པའི་དམིགས་བསལ་ཚང་མ་མེད་པར་བཟོས་པ་དང་། སྐབས་དེར་ཆབ་སྲིད་ཀྱི་ངོ་བོ་ལྡན་པའི་ཤེས་ཡོན་ནམ་སློབ་གསོ་ནི། བོད་ཀྱི་སྲོལ་རྒྱུན་རིགས་གཞུང་ལ་རྒོལ་རྡུང་བྱ་རྒྱུ་ཡིན་ལ། དེའི་དམིགས་འབེན་གཙོ་བོ་ནི་བོད་ཀྱི་སྐད་ཡིག་ཡིན་པ་རེད། ” ཅེས་འཁོད་ཡོད།

ཕྱི་ལོ་༡༩༨༠ ལོའི་མགོ་སྟོད་དུ་རེ་འབྲས་ཅུང་ཙམ་སོན་པ་དེའང་རིང་མིན་བོད་ནང་ཟིང་ཆ་སློང་བའི་སྡེ་ཁག་གི་འགོ་དཔོན་ཁྲིན་ཀོ་ཡོན་གྱི་མཁྲེག་འཛིན་གྱི་སྲིད་ཇུས་འོག་སོར་གནས་ཡོང་ཐབས་མེད་པར་གྱུར། ཁོང་གིས་པེ་ཅིན་སྲིད་གཞུང་ལ་ “ སློབ་གྲྭ་ཁག་ནང་ཆབ་སྲིད་དང་ལྟ་གྲུབ་ཀྱི་བྱ་འགུལ་རིགས་ངེས་པར་དུ་སྤེལ་དགོས ” པའི་རེ་འདུན་བཏོན་པ་དང་། མང་ཚོགས་ཁྲོད་ཆབ་སྲིད་སློབ་གསོ་སྤེལ་རྒྱུ་ནི་སྤྱི་ཚོགས་ཁྱོན་ཡོངས་ལ་སྟངས་འཛན་བྱེད་པའི་ལག་ཆ་ཞིག་ལ་ངོས་འཛིན་གྱིས་ད་ལྟའི་བར་སློབ་གྲྭ་དང་དགོན་སྡེ་ཁག་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་རྒྱུན་མར་སྤེལ་ཡོད། འདིས་ནི་སྲིད་གཞུང་གིས་མང་ཚོགས་རྣམས་འགུག་ཐབས་ཀྱིས་ “ སྐམ་ས་ཆེན་པོའི་ཆིག་བསྒྲིལ་” དང་ “ཁ་བྲལ་ལ་ངོ་རྒོལ་” བྱེད་པའི་སློབ་གསོ་བོད་རིགས་བྱིས་པ་ཚོའི་རྒྱུད་ལ་སྤེལ་ཐབས་བྱེད་པའི་ལྐོག་གི་དམིགས་ཡུལ་མཚོན་གྱི་ཡོད།

ཕྱི་ལོ་༡༩༩༠ ལོའི་ཟླ་༡ ནང་ཁྲིན་ཀོ་ཡོན་གྱིས་ནང་མོལ་ཚོགས་འདུ་ཞིག་གི་ཐོག བོད་ཀྱི་མི་རིགས་རིང་ལུགས་འཛིན་པའི་འདུ་ཤེས་ཀྱི་རྩ་བ་ནི་བོད་ཀྱི་ཆོས་ལུགས་ལ་ཐུག་ཡོད་པ་དང་། བོད་ཀྱི་ཆོས་ལུགས་ཀྱི་རྩ་བ་ནི་བོད་ཀྱི་རིགས་གཞུང་དང་སྐད་ཡིག་ལ་ཐུག་ཡོད་ཚུལ་བརྗོད་ཡོད་ལ། ཕྱི་ལོ་༡༩༩༧ ལོ་ནས་པེ་ཅིན་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་བོད་རིགས་བྱིས་པ་ཚོར་ཤེས་ཡོན་སྦྱོང་པའི་བརྒྱུད་ལམ་རྒྱ་ཡིག་ཏུ་བསྒྱུར་ཏེ་ལག་བསྟར་གྱི་བྱ་བར་ཤུགས་སྣོན་བརྒྱབ་ཡོད། བོད་རིགས་སློབ་མ་ཚོས་ལྷ་ས་རུ་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་སློབ་ཞུགས་བྱ་སྐབས་ཀྱང་སློབ་ཞུགས་ཀྱི་ཆ་རྐྱེན་དུ་རྒྱ་ཡིག་ཡིག་རྒྱུགས་གཏོང་དགོས་ཀྱི་ཡོད། དེར་བརྟེན་བོད་ནང་དུ་ལག་བསྟར་བྱེད་པའི་པེ་ཅིན་སྲིད་གཞུང་གི་གཞི་རྩའི་ཤེས་ཡོན་སྲིད་ཇུས་ནི། བོད་ཀྱི་སྐད་ཡིག་བེད་མེད་དུ་བཏང་སྟེ་དུས་རྒྱུན་སྲིད་གཞུང་གིས་ཆེད་སྤྱོད་བྱེད་པའི་རྒྱ་ཡིག་ཐོག་ནས་ཤེས་ཡོན་སྤྲད་དེ་བོད་ཀྱི་མི་རབས་རིམ་པའི་བློ་ཁ་རྒྱ་ནག་སྲིད་གཞུང་ལ་ཕྱོགས་རེ་བྱེད་ཀྱི་ཡོད།

གནད་དོན་འདིའི་ཐད་མན་ཇུ་མི་རིགས་ཀྱི་བྱུང་རབས་ཁྲོད་ནས་དཔེ་མཚོན་གསལ་པོ་མཐོང་ཐུབ། མན་ཇུ་མི་རིགས་ནི་ཕྱི་ལོ་༡༩༡༡ ལོར་ཆིང་རྒྱལ་རབས་མཇུག་བསྒྲིལ་རྗེས་རྒྱ་ནག་གིས་བཙན་བཟུང་བྱས་པ་དང་། རྒྱ་ནག་གི་དབང་འཛིན་པ་ཚོས་ལོ་དེ་ནས་བཟུང་མན་ཇུས་སྐད་ཡིག་ཐོག་སློབ་ཁྲིད་བྱ་མི་ཆོག་པའི་ཁྲིམས་གཞི་བསྡམས་པས། དེང་སྐབས་རྒྱ་ནག་ནང་མན་ཇུ་མི་རིགས་འབུམ་༡༠ ཙམ་ཡོད་ཀྱང་། མན་ཇུས་སྐད་ཤེས་མཁན་༡༠༠ ཡང་ཟིན་གྱི་མེད། མཁས་པ་མང་པོ་ཞིག་གིས་ངག་ཐོག་ནས་བཤད་པའི་མན་ཇུའི་སྐད་དེ་ནི་འདི་ནས་བརྩིས་པའི་ལོ་ལྔའམ་བཅུ་ཡི་ནང་ཚུན་དུ་འཇིག་ངེས་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད།
ཉེ་ཆར་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་མདོ་སྨད་ཡུལ་དུ་རྒྱ་ནག་དབང་འཛིན་པ་ཚོས་བསྒྲགས་པའི་ཤེས་ཡོན་སྲིད་ཇུས་དེ་ནི། པེ་ཅིན་སྲིད་གཞུང་གིས་མན་ཇུའི་སྐད་ཡིག་རྩ་མེད་བཟོ་བའི་སྲིད་ཇུས་དང་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་སློབ་གྲྭ་ཁག་ནང་རྒྱ་ཡིག་ཐོག་སློབ་ཁྲིད་བྱ་དགོས་པའི་གཏན་འབེབས་སྲིད་ཀྱི་རྗེས་སུ་འགྲོ་བཞིན་ཡོད་པ་གསལ་པོ་རེད། གནད་དོན་འདི་རྒྱ་ཡན་དུ་བཏང་ཚེ་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་ངོ་བོ་རྩ་མེད་གཏོང་ངེས།

མཁས་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་ “ ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་། རིགས་གཞུང་གི་ངོ་བོ། ཕ་མེས་ནས་བརྒྱུད་པའི་གཅེས་ནོར་སྲུང་སྐྱོབ་བྱ་ཐབས་བཅས་ནི་བོད་རང་གི་སྐད་ཡིག་འདི་ཉིད་ལ་ཐུག་ཡོད། བོད་མི་ཚོས་རང་གི་སྐད་ཡིག་བེད་སྤྱོད་ཐུབ་པ་དང་། རིག་གནས་མ་ལག་ཀུན་ལ་སློབ་སྦྱོང་མ་བྱས་ཚེ། བོད་མིའི་ངོ་བོ་འགྱུར་བའི་ཉེན་ཁ་ཆེན་པོ་ཡོད། ” གསུངས། བཙན་གྱིས་བོད་རིགས་སློབ་ཕྲུག་ཚོར་རྒྱ་ཡིག་སློབ་ཏུ་འཇུག་པ་འདིས། བོད་ཀྱི་ངོ་བོར་འགྱུར་ལྡོག་གཏོང་བའི་བརྒྱུད་རིམ་གྱི་ནུས་ཤུགས་ཆེ་རུ་འགྲོ་བར་སྐུལ་མ་ཐེབ་ཀྱི་ཡོད། མདོར་ན་འདི་ནི་རིག་གནས་གསར་བརྗེའི་སྐབས་སུ་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བའི་ཕྱོགས་ལྷུང་གི་སྲིད་ཇུས་བཟུང་པ་དང་གཉིས་སུ་མ་མཆིས་ལ། འདི་ནི་བོད་ཀྱི་རིགས་གཞུང་དང་བོད་ཀྱི་ངོ་བོའི་རྩ་བ་ལ་དྲག་རྒོལ་བྱས་པ་ཞིག་དང་། རིགས་གཞུང་གི་བཙན་འཛུལ་འབའ་ཞིག་ལས་མ་འདས། སྲིད་ཇུས་འདིས་ནི་ད་དུང་བོད་ཀྱི་སྐད་ཡིག་རྗེས་ལུས་ཡིན་རབས་དང་། བོད་ཀྱི་རིགས་གཞུང་སྔོན་ཐོན་མིན་རབས་འཆད་བཞིན་ཡོད། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ “ ངའི་ངོས་ནས་བོད་མི་མང་རྗེས་ལུས་ཡིན་པར་ངོས་འཛིན་པའི་སྣང་ཚུལ་འདི་ཇི་སྲིད་མེད་པར་བཟོ་མ་ཐུབ་པ་དེ་སྲིད་དུ་ང་ཤི་ཡང་མིག་མི་བཙུམ། ” གསུངས་མྱོང་ཡོད།

བོད་ནི་མི་རིགས་ཤིག་གི་ངོ་བོར་གནས་རྒྱུ་དང་བོད་མི་རྣམས་རིགས་གཞུང་གི་ཆ་ནས་ཐུན་མོང་མ་ཡིན་པ་ཞིག་ཏུ་གནས་རྒྱུ་ནི་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད། བོད་ཀྱི་སྐད་ཡིག་ལ་གཏོར་སྐྱོན་གཏོང་བའི་རྒྱ་གཞུང་གི་སྲིད་ཇུས་ཁག་ནི་བོད་ཀྱི་ངོ་བོ་འཛིན་པའི་རྩ་བ་འཇོམ་ཐབས་འབའ་ཞིག་ལས་མ་འདས། རང་ཉིད་ཀྱི་བསམ་པའི་འཆར་སྣང་རྗེན་པར་བརྗོད་སྟབས་རྒྱ་ནག་གི་བཙོན་དུ་འདུག་དགོས་བྱུང་བའི་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ། དེ་བཞིན་བོད་ནང་དུ་རང་ཉིད་ཀྱི་སྐད་ཡིག་སྤྱད་དེ་སློབ་གཉེར་བྱེད་པའི་འདུན་པ་ཆེ་བའི་སྙིང་སྟོབས་ཅན་གྱི་བོད་རིགས་སློབ་མ་སྟོང་ཕྲག་མང་པོའི་སྐུལ་འདེབས་ལ་བསམ་བཞིན། བོད་ཀྱི་སྐད་ཡིག་གི་ལས་དབང་མན་ཇུ་མི་རིགས་ཀྱི་སྐད་ཡིག་གི་རྗེས་སུ་མ་སོང་གོང་། ང་ཚོས་ངེས་པར་དུ་ལག་ལེན་དོན་འཁྱོལ་ཡོང་བའི་བྱ་གཞག་རིགས་བསྒྲུབ་ཐབས་བྱ་དགོས།


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*