གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་གླེང་མོལ་བྱས་པ། (སྔ་མ)

Petse

བཅར་འདྲི་ཞུ་ཡུལ། པདྨ་ཚེ་བརྟན།
བཅར་འདྲི་ཞུ་མཁན། ཧོན་ཞོལ་ཤལ།

ཡིག་བསྒྱུར་བ། བསོད་ནམས་རྒྱལ།

མ་ཡིག་ལ་གཟིགས་ན་འདི་རུ་བསྣུན།

པདྨ་ཚེ་བརྟན་ནི་བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན། རྒྱ་ནག་འཁྲབ་ཁྲིད་ཚོགས་པའི་ཚོགས་མི་དང་། རྒྱ་ནག་གློག་བརྙན་བཟོ་གྲྭའི་ཚོགས་མི། རྒྱ་ནག་གློག་བརྙན་རྩོམ་རིག་ཚོགས་པའི་ཚོགས་མི་བཅས་ཡིན་པ་མ་ཟད། <<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། >>་དང་<<རྩྭ་ཐང་། >> ད་དུང་། <<འཚོལ། >>་སོགས་ཀྱིས་མཚོན་པའི་འཁྲབ་ཁྲིད་པའི་བརྩམས་ཆོས་ཀྱང་ཡོད། དེ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་ཡང་མང་པོ་ཐོབ་མྱོང་།

དྲི་བ།
ཁྱོད་རང་འཚར་ལོངས་བྱུང་བའི་བརྒྱུད་རིམ་དང་ཁོར་ཡུག རྐྱེན་ཅི་ཞིག་གི་དབང་གིས་གློག་བརྙན་ལས་རིགས་དང་འབྲེལ་བ་བྱུང་བ། དེ་ནས། གློག་བརྙན་དང་རྩོམ་རིག་བརྩམས་ཆོས་གང་ཞིག་གིས་ཁྱོད་ལ་བག་ཆགས་ཟབ་མོ་བཞག་པའི་སྐོར་ལ་ཁ་བརྡ་ཐུང་ཐུང་ཞིག་བྱེད་ན་ཆོག་གམ།

དྲི་ལན།
ང་རང་བོད་མདོ་སྨད་ཁུལ་གྱི་ས་མ་འབྲོག་གི་གྲོང་སྡེ་ཆུང་ཆུང་ཞིག་གི་ནང་དུ་སྐྱེས། བྱིས་དུས་ཀྱི་འཚོ་བ་དང་སློབ་ཆུང་དེ་ནས་རོལ་བ་ཡིན། ད་ལྟ་ཕྱིར་འདང་རེ་བརྒྱབས་ན། སྐབས་དེ་དུས། རྟག་པར་སྡེ་བའི་ནང་ནས་གློག་བརྙན་ཆེན་པོ་དེ་བསྟན་ཡོང་གི་རེད། ཡིན་ན་ཡང་། ནང་དོན་ནི་རྩ་བའི་ཆ་ནས་ཚང་མ་གསར་བརྗེ་ཡི་སྐོར་རེད། འཁོར་ལོ་དེ་དག་ཐེངས་མ་ཁ་ཤས་ལ་བསྐོར་ནས་བསྟན་ཆོག་གི་ཡོད་པ་རེད། ཁ་ཤས་ཤིག་ཐ་ན་མཚོན་མདོག་ཀྱང་འགྱུར་ནས་ནག་པོར་གྱུར་འགྲོ ང་ཚོའི་སྡེ་བ་རྨ་ཆུའི་འགྲམ་ན་ཡོད། ཕལ་ཆེར་ང་རང་སློབ་ཆུང་ལོ་རིམ་བཞི་བ་ཡིན་པ་འདྲ། སྐབས་དེ་དུས། ས་གཤིས་རྟག་དཔྱད་རུ་ཁག་ཅིག་ང་ཚོའི་སྡེ་བའི་ནང་དུ་ཡོང་ཏེ། ཚོགས་ཁང་ཆེན་པོ་ཞིག་བརྒྱབས་སོང་། དེ་ནས། གཟའ་འཇུག་གི་སྐབས་སུ་ཕྱི་རྒྱལ་གྱི་གློག་བརྙན་དེ་འདྲ་བསྟན་ཡོང་། སྐབས་དེ་དུས། ང་རང་གིས་ཆཱ་པེ་ལིན་གྱི་<<དེང་རབས་ཀྱི་དུས་ཚོད>>(modern times )་ཅེས་པའི་གློག་བརྙན་དེ་མཐོང་བྱུང་། དེ་ནི་ང་རང་བྱིས་དུས་ཀྱི་སྐབས་སུ་བག་ཆགས་ཆེས་ཟབ་མོ་བཞག་པའི་གློག་བརྙན་ཞིག་ཡིན།

དྲི་བ།
དེ་ནས། ཁྱོད་ལ་བག་ཆགས་ཟབ་མོ་བཞག་པའི་གློག་བརྙན་དེར་བལྟས་པའི་བརྒྱུད་རིམ་དང་། ད་ལྟ། ཁྱོད་ཀྱིས་རྟག་པར་གློག་བརྙན་ལ་ལྟ་བཞིན་ཡོད་དམ། དེ་ནས། གློག་བརྙན་རིགས་གང་ཞིག་ལ་ལྟ་རྒྱུར་དགའ་བ་དང་། དེ་ཡང་། གློག་བརྙན་ཁང་ནས་ལྟ་བཞིན་ཡོད་དམ། ཡང་ན། ་ཊེ་བེ་ཊེ་(DVD )་དང་དྲ་རྒྱ་བརྒྱུད་ནས་ལྟ་བཞིན་ཡོད་མེད་ཀྱི་སྐོར་ལ་ཁ་བརྡ་ཐུང་ཐུང་ཞིག་བྱེད་ན་ཆོག་གམ།

དྲི་ལན།
གློག་བརྙན་ལ་བལྟས་པའི་ཁྲོད་ནས་བག་ཆགས་ཟབ་ཤོས་འཇོག་ས་དེ་ཡང་གློག་བརྙན་ཁང་ཡིན། དེ་ནས། ང་ལ་བག་ཆགས་ཟབ་མོ་ཞིག་བཞག་པའི་གློག་བརྙན་དེ་ནི་ང་རང་གིས་སློབ་ཆུང་གི་སྐབས་སུ་བལྟས་པའི་ཆཱ་པེ་ལིན་གྱི་<<དེང་རབས་ཀྱི་དུས་ཚོད།>>་ཅེས་པ་དེ་ཡིན། གློག་བརྙན་དེ་ནང་གི་རྣམ་པ་མང་པོ་ཞིག་ལོ་ངོ་མང་པོ་ཞིག་གི་རྗེས་ནས་ཀྱང་ང་ཡི་མིག་ལམ་དུ་ཤར་ནས་ཡོང་། སྐབས་དེར། ང་རང་གིས་བསམ་པར་གློག་བརྙན་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་བསམ་སོང་། སྟབས་ལེགས་པ་ཞིག་ལ། སློབ་ཆུང་ནས་ད་ལྟའི་བར་དུ་ང་རང་གིས་རས་གཞི་ཆེན་པོའི་སྒང་ནས་གློག་བརྙན་ལ་ལྟ་བའི་གོ་སྐབས་བྱུང་བ་དེ་ཡིན། ལོ་ཆུང་གི་སྐབས་སུ་ཕྱི་ནས་གློག་བརྙན་ཆེན་པོ་དེར་བལྟས་པ་ཡིན། དེ་ནས། རྫོང་ཐོག་དང་གྲོང་ཁྱེར་གྱི་གློག་བརྙན་ཁང་ནས་གློག་བརྙན་ལ་བལྟས་པ་ཡིན།

དྲི་བ།
ཁྱེད་ཀྱིས་རང་ཉིད་ཀྱི་བརྩམས་ཆོས་རེ་རེ་བྱས་ནས་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་ན་ཆོག་གམ། དེ་ཡང་། ཐབས་རྩལ་དང་སྒྱུ་རྩལ་གྱི་གནད་དོན་སྐོར་དང་། སྐབས་རེ་རེ་ཡི་ལྟད་མོ་བ་དང་། དེ་བཞིན། སྤྱི་ཚོགས་དང་རིག་གནས། ཆོས་ལུགས་དང་མི་རིགས་ཀྱི་བརྗོད་དོན་ལ་གྲོས་བསྡུར་བའི་འདུན་པའི་སྐོར། ད་དུང་། རྒྱལ་ཁབ་ཕྱི་ནང་ལ་ཤན་ཤུགས་ཅི་ཙམ་ཞིག་ཐེབས་ཡོད་མེད་ཀྱི་ཐད་ནས་ཁ་བརྡ་ཤིག་བྱེད་ན།

དྲི་ལན།
<<རྩ་ཐང་། >> གི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་རབ་རིབ་མག་མོག་ཅིག་ཡིན། ལོ་རབས་བརྒྱད་ཅུ་དང་དགུ་ཡི་བོད་ཁུལ་གྱི་རྣམ་པ་ཞིག་ཡིན་ཟེར་ན་མི་ཆོག་རྒྱུ་མེད། དོན་དག་ཅིག་ནི་འགྱུར་བ་བྱུང་དང་འབྱུང་བཞིན་པ་རེད། དེ་ཡང་། མི་རིགས་ཀྱི་རུས་རྐང་གི་གཏིང་ཟབ་སར་འཐིམས་ཡོད་པའི་དད་འདུན་ལ་སོགས་རེད། དེ་བས། གློག་བརྙན་འདིར་ཆ་མཚོན་ན། རྒྱབ་ལྗོངས་དེ་འདྲ་ཞིག་འོག་ནས། ད་དུང་མི་རིགས་ཀྱི་རུས་རྐང་གི་གཏིང་ཟབ་ཏུ་འགྱུར་བ་བྱུང་མེད་པའི་་སྐོར་ལ་བརྗོད་གཞི་བྱས་ཏེ་འཁྲབ་ཡོད་པ་ཞིག་ཡིན།

<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།>>་ལ་ཆ་མཚོན་ན། ནམ་རྒྱུན་མི་ཁ་ཤས་ཀྱིས་ཡི་གེ་དང་བརྙན་པར་བརྒྱུད་ནས་བདག་གི་ཕ་ཡུལ་གྱི་གཏམ་རྒྱུད་བརྗོད་བཞིན་འདུག ཡིན་ན་ཡང་། འདི་དག་གིས་བདག་གི་ཕ་ཡུལ་གྱི་ངོ་གདོང་ལ་གསང་བའི་སེང་རས་ཤིག་གིས་སྒྲིབ་གཡོགས་བྱས་ཏེ། མི་རྣམས་ལ་བདག་གི་ཕ་ཡུལ་ནི་འཛམ་བུ་གླིང་དང་ཁ་གྱེས་པའི་གནས་ཤིག་དང་། ཡང་ན། ཐང་སྟོང་ས་རྒོད་ཀྱི་གནས་ཤིག་ཡིན་པའི་ཚོར་བ་སྤྲོད་ཀྱི་འདུག མི་འདི་ཚོས་རྟག་པར་ཡིན་མདོག་མདོག་གིས་རང་ཉིད་ཀྱིས་འགྲེམས་སྟོན་བྱས་པ་རྣམས་ནི་བདེན་པ་ཡིན་ཤག་བཤད་ཀྱི་འདུག་མོད། ཡིན་ན་ཡང་། འདི་ལྟ་བུའི་བདེན་པ་དེ་ཡིས་བདག་གི་ཕ་ཡུལ་གྱི་ངོ་གདོང་དངོས་མ་དེ་སྔར་ལས་གསལ་ལ་མི་གསལ་བ་ཞིག་ཏུ་བཟོས་ཏེ། ཡུལ་གྲུ་དེ་ན་འཚོ་སྡོད་བྱེད་བཞིན་པའི་བདག་གི་ཕུ་ནུ་མིང་སྲིང་ཚོའི་ངོ་གདོང་རབ་རིབ་དང་མག་མོག་ཅིག་ཏུ་བཟོ་བཞིན་འདུག དེ་བས། ང་རང་དེ་ལྟ་བུའི་བདེན་པ་དེ་ལ་དགའ་བོ་མི་འདུག ང་རང་གིས་རང་ཉིད་ཀྱི་བྱེད་ཐབས་སྤྱད་དེ་ཕ་ཡུལ་ནས་བྱུང་བའི་གཏམ་རྒྱུད་དངོས་མ་དེ་དག་བརྗོད་ན་འདོད།

དུས་རབས་ཉི་ཤུ་ལ་སླེབས་པ་ན། སྤྱིར་འཛམ་བུ་གླིང་ལ་འགྱུར་བ་རྒྱ་ཆེན་པོ་བྱུང་སོང་། དེ་བཞིན། འཛམ་བུ་གླིང་གི་མི་རྣམས་ཀྱི་མིག་ནང་ལ་ཁ་རུབ་དང་ངོ་མཚར་གྱི་ཁ་དོག་གིས་ཁེངས་ཤིང་། དྭངས་གཙང་གི་བོད་ཀྱི་མཐོ་སྒང་འདི་ལ་ཡང་འགྱུར་བ་རྒྱ་ཆེན་པོ་ཞིག་བྱུང་སོང་། བོད་ཀྱི་ཁྱད་པར་ཅན་གྱི་ས་གཤིས་ཆགས་ཚུལ་གྱི་རྐྱེན་པས་ཕྱི་ཚུལ་ནས་བོད་ལ་འགྱུར་བ་ཅི་ཞིག་ཐེབས་ཡོད་པ་དེ། དེ་འདྲའི་མངོན་གསལ་དོད་པོ་ཞིག་མིན་ན་ཡང་། ས་སྒང་འདི་ན་ཆ་ཚང་བའི་སྲོལ་རྒྱུན་གྱི་རིག་གནས་ཤིག་གནས་པ་དང་། དེ་ལྟ་བུའི་སྲོལ་རྒྱུན་གྱི་རིག་གནས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པས། ད་གཟོད་འཛམ་བུ་གླིང་གི་ངོ་མཚར་བའི གནས་མཆོག་ཅེས་གྲགས་ཀྱིན་ཡོད་པ་མ་ཟད། དེང་རབས་རིག་གནས་ཀྱིས་ཀྱང་རང་དབང་མེད་པར་གནས་མཆོག་འདི་ལ་ཡིད་སྨོན་འཆོར་ཞིང་ལྟ་སྐྱོང་བྱེད་བཞིན་ཡོད། འདི་འདྲའི་རིག་གནས་མ་འདྲ་བའི་ལྟ་སྐྱོང་ཞིག་གི་དབང་གིས་ས་ཆ་འདི་ལ་འགྱུར་བ་བྱུང་སོང་། དེ་བས། ང་རང་གིས་གཏམ་རྒྱུད་འདི་བརྒྱུད་ནས་ལྟོས་བཅས་ཀྱིས་ཁ་རུབ་དང་ས་སྟོང་གི་རྣམ་པ་དང་དེ་ཡི་དབེན་འཇགས་ཀྱི་ཁྲོད་ན། ཤེས་མེད་ཚོར མེད་ཀྱི་སྒོ་ནས་སྲོལ་རྒྱུན་དང་དེང་རབས་གཉིས་ཕན་ཚུན་ལ་ཇི་ལྟར་བསྲེས་འདྲེས་བྱེད་ཀྱི་ཡོད་པ་དང་། བབ་ཆགས་གཞུང་དྲང་གི་མི་རྣམས་ཀྱི་གཡོ་བ་མེད་པའི་དད་པ། ད་དུང་། མི་དང་མི་བར་གྱི་ལྷད་མེད་པའི་འབྲེལ་བ་བཅས་ཕྱིར་མཚོན་བྱེད་ན་འདོད་ཡོད།

<<འཚོལ།>>་ལ་ཆ་མཚོན་པ་ཡིན་ན། གློག་བརྙན་ལས་མངོན་པའི་བོད་ཁུལ་ནི་ལོ་ངོ་སྟོང་ཕྲག་གཉིས་ཡར་སྔོན་གྱི་རྣམ་པ་ཞིག་ཡིན། <<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། >>་དང་བསྡུར་ན། བོད་ཁུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། གློག་བརྙན་འདི་ནི་ཅུང་ཟད་མི་སྒེར་དང་ཐག་ཉེ་བའི་གློག་བརྙན་ཞིག་ཡིན། ང་རང་གིས་བརྙན་ལེན་འཕྲུལ་ཆས་བཟུང་ཏེ། ཞིབ་ཚགས་པའི་སྒོ་ནས་བོད་ཁུལ་ལ་ཉུལ་བ་ཞིག་ཡིན། དེ་ཡང་། རྩྭ་ཐང་དང་སྡེ་བ། དགོན་པ། གྲོང་སྡེ་བཅས་བརྒལ་ཏེ། མཐའ་མི་མཐོང་བའི་ནང་སེམས་ཀྱི་འགྲུལ་བཞུད་ཅིག་བྱས་པ་ཡིན།

<<ཁྱི་རྒན། >>་ལ་མཚོན་ན། ང་རང་གིས་ཕ་ཡུལ་གྱི་མི་རྣམས་ཀྱིས་བརྩི་སྲུང་བྱེད་ཀྱི་ཡོད་པའི་རང་ཉིད་ཀྱི་བརྩི་མཐོང་དེ། གློག་བརྙན་འདི་བརྒྱུུད་ནས་བསྟན་ཐུབ་ཡོད་པའི་རེ་བ་བྱེད་ཀྱིན་ཡོད། <<ཁྱི་རྒན། >>་ཞེས་པའི་གཏམ་རྒྱུད་འདི་ནི་མིག་སྔར་གྱི་བོད་ཁུལ་གྱི་རྣམ་པ་དང་ཉེ་བར་བཅར་བ་ཞིག་དང་། འགྱུར་ལྡོག་ཆེ་ཞིང་དངོས་ཡོད་ཀྱི་ཛ་དྲག་གི་རྣམ་པ་དེ་འབུར་དུ་ཐོན་པའི་སྒོ་ནས་བསྟན་ཡོད་པ་ཞིག་ཡིན།

<<གཡང་མདའ། >>་ལ་ཆ་མཚོན་ན། ང་རང་གི་གློག་བརྙན་ཁྲོད་ནས་ཅུང་དམིགས་བསལ་ཅན་ཞིག་ཡིན་པ་མ་ཟད། དེ་ཡི་ཁྲོད་ལ་ང་རང་ཉིད་སྒེར་གྱི་གྲིབ་གཟུགས་ཀྱང་མང་པོ་ཡོད། དེ་ཡིས་ཕྱིར་མཚོན་པའི་དོན་དག་མང་པོ་ཞིག་<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། >>་དང་འདྲ་བོ་ཡོད།

དྲི་བ།
ཁྱོད་རང་འཁྲབ་ཁྲིད་པ་ཞིག་ཡིན་པ་མ་ཟད། ད་དུང་བརྩམས་སྒྲུང་ཡང་བྲིས་ཏེ། སྐད་རིགས་མང་པོར་བསྒྱུར་འདུག འཁྲབ་ཁྲིད་པ་དང་རྩོམ་འབྲི་བ་གཉིས་ཇི་ལྟར་ཕན་ཚུན་ལ་ཤན་ཤུགས་དང་ནུས་པ་ཐོན་གྱི་འདུག་གམ།

དྲི་ལན།
རྩོམ་རིག་གསར་རྩོམ་ནི་ང་རང་གི་གློག་བརྙན་བརྩམས་ཆོས་ཀྱི་ཐད་ལ་ཤུགས་རྐྱེན་ཅུང་ཆེན་པོ་ཡོད། དེ་ནི་རྒྱུ་ཆ་འཚོལ་སྡུད་དང་བརྗོད་གཞི་མཁོ་སྤྲོད་ཀྱི་ཕྱོགས་ལ་ཕན་ཐོགས་བྱུང་གི་ཡོད། དེ་བཞིན། གློག་བརྙན་ཡང་ང་རང་གིས་རྩོམ་རིག་གསར་རྩོམ་བྱེད་པའི་ཐད་ལ་ཕན་ཐོགས་ཆེན་པོ་འདུག དེ་ཡིས་ང་རང་གི་ལྟ་རྒྱ་དང་མཐོང་རྒྱ་ཆེ་རུ་བསྐྱེད་ཀྱི་འདུག ཡིན་ན་ཡང་། ང་རང་གིས་དེ་གཉིས་ལས་རིགས་མ་འདྲ་བ་གཉིས་ཀྱི་སྒོ་ནས་སྒྲུབ་བཞིན་ཡོད།

དྲི་བ།
ཁྱོད་རང་པེ་ཅིན་དང་གྲོང་ཁྱེར་གཞན་པ་ནས་སློབ་སྦྱོང་དང་། བྱ་བ་སྒྲུབ་པའི་སྐབས་སུ་རིག་གནས་དང་ཁོར་ཡུག དད་མོས། གོམས་སྲོལ་སོགས་མི་འདྲ་བའི་དབང་གི་དཀའ་ངལ་འཕྲད་དུས། ཁྱོད་ཀྱིས་ཇི་ལྟར་གནད་དོན་དེ་དག་སེལ་ཐབས་བྱས་པ་ཡིན་ནམ། དེ་འདྲའི་འགལ་འདུ་ཡི་བསམ་བློ་དེ་ཁྱོད་ཀྱི་གློག་བརྙན་དང་རྩོམ་རིག་བརྩམས་ཆོས་ཀྱི་ནང་དུ་ཇི་ལྟར་བསྟན་ཡོད་དམ།

དྲི་ལན།
ནམ་རྒྱུན་ང་རང་དེ་ལྟ་བུའི་གནད་དོན་ལ་འཕྲད་ཀྱི་འདུག དེ་ལྟ་བུའི་དཀའ་ངལ་སེལ་ཐབས་དེ་ཡང་། དང་པོ་ཨུ་ཚུགས་བརྒྱབས། དེ་ན། ག་ལེར་ག་ལེར་གོམས་ལོབས་སུ་གྱུར་ཏེ་རང་བཞིན་གྱིས་འགྲིག་ནས་ཡོང་། ང་རང་རྟག་པར་གྲོགས་པོ་ཚོ་དང་མཉམ་དུ་ཁ་བརྡ་བྱས་ཏེ་ཚད་ངེས་ཅན་ཞིག་ལ་སླེབས་དུས། ང་རང་ཁོ་ཚོ་དང་རིགས་འདྲ་བར་གྱུར་འགྲོ འདིའི་ཐད་ཀྱི་གནས་ཚུལ་རྣམས་ང་རང་གིས་རང་ཉིད་ཀྱི་གློག་བརྙན་དང་རྩོམ་རིག་གི་ཁྲོད་ལ་བྲིས་ཡོད་ཀྱང་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། ཐད་ཀར་ཐད་རྐྱང་གིས་ཀྱང་བྲིས་ཡོད་ཀྱི་མ་རེད།

དྲི་བ།
སྤྱི་ཚོགས་ལ་འགན་འཁྲི་འདུ་ཤེས་ཡོད་པའི་འཁྲབ་ཁྲིད་པ་དང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། ང་རང་གིས་བསམ་ན། ཁྱོད་ཀྱིས་མིག་སྔར་གྱི་རྒྱ་ནག་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་ཐད་ལ་དོ་སྣང་བྱས་ཡོད་ཀྱི་རེད། ཁྱོད་རང་གིས་བསམ་ན། དེང་སྐབས་་རྒྱ་ནག་ལ་འཕྲད་བཞིན་ཡོད་པའི་གནད་དོན་ཆེ་ཤེས་དེ་གང་ཞིག་རེད་འདོད་དམ། མགྱོགས་མྱུར་གྱི་བཟོ་ལས་ཅན་དང་མ་རྩ་རིང་ལུགས་ཅན་ལ་འགྱུར་བའི་གོ་རིམ་འདིའི་ཁྲོད་ན། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཧ་ཅང་དཀའ་ཁག་བྱུང་བཞིན་འདུག་ཅིང་། དཔལ་འབྱོར་གྱི་ཁེ་ཕན་དང་ཆབ་སྲིད་གཅིག་གྱུར། ཆོས་ལུགས་གནད་དོན། བསམ་བློ་འཁྱེར་སོ་བཅས་ཀྱི་ཐད་ནས་མི་རིགས་ནང་ཁུལ་ལ་འགལ་ཟླ་བྱུང་བཞིན་འདུག་པས། ཁྱོད་ཀྱིས་བསམ་ན། དཀའ་ངལ་དེ་དག་སེལ་ཏེ་ཞི་འགྲིག་ཡོང་བའི་རེ་བ་ཡོད་པར་བསམ་གྱི་ཡོད་དམ།
དྲི་ལན།
དྲི་བ་དང་པོ་དེ་ང་ལ་མཚོན་ན་ཧ་ཅང་ཆེན་པོ་ཞིག་རེད། ཞི་འགྲིག་ནི་རྩ་བའི་ཆ་ནས་ཧ་ཅང་ཁག་པའི་དོན་དག་ཅིག་རེད། རྒྱུ་མཚན་ནི་ཚང་མས་འཚོ་གནས་དང་འཆི་གསོན་ལ་གདོང་གཏད་ནས་ཡོད་པས་རེད།

དྲི་བ།
ཁྱོད་ཀྱི་བརྩམས་ཆོས་རྣམས་འཁྲབ་སྟོན་ལས་རིགས་མཁན་མ་ཡིན་པ་རྣམས་ཀྱི་འཁྲབ་ཀྱི་ཡོད་པ་མ་ཟད། འཁྲབ་པའི་གོ་རིམ་ལ་ཡང་དོ་སྣང་ཤུགས་ཆེན་བྱེད་ཀྱི་འདུག ཁྱོད་ཀྱིས་འཁྲབ་སྟོན་གྱི་མཛེས་དཔྱོད་རིག་པ་དེ་འཁྲབ་གཞུང་བརྩམས་ཆོས་དང་ལག་ལེན་གྱི་ཕྱོགས་ལ་ཇི་ལྟར་འབྲེལ་བ་བཟོས་པ་ཡིན་ནམ། ཁྱོད་ཀྱིས་རྟག་པར་དངོས་བཀོད་གློག་བརྙན་དང་ཚོད་ལྟའི་གློག་བརྙན་ལ་ལྟ་བཞིན་ཡོད་དམ། དེ་དག་ལ་ལྟ་བར་དགའ་མོས་ཡོད་དམ།
དྲི་ལན།
ང་རང་གིས་བསམ་ན། འདི་རྒྱུ་ཆ་དང་འབྲེལ་བ་འདུག མིག་སྔར་གྱི་གློག་བརྙན་འདི་ཚོར་མཚོན་ན། དེ་དག་རང་ངོས་ལ་དངོས་བཀོད་མཛེས་དཔྱོད་རིག་པའི་ཁྱད་ཆོས་ཅུང་ཟད་ཡོད། དེ་ཚོ་ཡིས་དངོས་ཡོད་ཀྱི་ཁ་དོག་ཇི་བཞིན་དེ་ཕྱིར་མཚོན་བྱས་ཡོད། དེ་ནི་བརྩམས་ཆོས་རང་ངོས་ཀྱི་གཏན་སྲོལ་དངོས་མ་ཞིག་ཀྱང་ཡིན། རྟག་པར་ལྟ་བཞིན་ཡོད་ལ་དགའ་བོ་ཡང་ཡོད། དངོས་བཀོད་གློག་བརྙན་ནམ་རྒྱུན་བཟོ་བཞིན་ཡོད། དེ་ནས་གློག་བརྙན་འཁྲབ་ཚར་བའི་རྗེས་ནས་ཚོད་ལྟ་བྱས་ཏེ་ཡང་འཁྲབ་ཀྱི་ཡོད་པ་རེད།

དྲི་བ།
ཁྱོད་ཀྱི་གློག་བརྙན་གྱི་ཁྲོད་ན་རོལ་དབྱངས་ཀྱི་སྤྱོད་སྒོ་ཧ་ཅང་གི་ཚད་ཡོད་རེད། དེ་ནས་སྐབས་མང་ཤོས་ལ་སྒྲ་སྐད་མང་པོ་ཡང་འདུག བརྗོད་དོན་རོལ་དབྱངས་ཀྱང་སེམས་ཚོར་དང་ཐད་ཀར་སྦྲེལ་ཡོད་པ་ཉུང་ཉུང་རེད། དེ་ནི་ཁྱོད་ཀྱི་གློག་བརྙན་ཁྲོད་ཀྱི་སྣང་བརྙན་དང་གཤིས་ཀ་ལ་འོས་ཤིང་འཚམ་པ་ཞིག་ཀྱང་རེད། དེ་ན། ཁྱོད་ཀྱིས་རོལ་དབྱངས་ཀྱིས་ཁྱོད་རང་ཉིད་ཀྱི་གློག་བརྙན་ཁྲོད་ལ་ནུས་པ་དང་དོན་སྙིང་ཅི་ཞིག་སྐྲུན་བཞིན་ཡོད་པའི་ཐད་ལ་ལྟ་ཚུལ་ཅི་ཞིག་ཡོད་དམ།

དྲི་ལན།
<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།>>་དང་<<འཚོལ། >> ད་དུང་། <<ཁྱི་རྒན། >> ་བཅས་གློག་བརྙན་འདི་གསུམ་གྱི་ནང་ལ་རོལ་དབྱངས་བཞག་མེད། རྒྱུ་མཚན། རོལ་དབྱངས་ཀྱིས་མཚམས་རེར་ལྟ་མོ་བ་རྣམས་ཀྱི་བློ་ཁ་ལོག་པར་ཁྲིད་འགྲོ་བ་དང་། ཡང་ན། གློག་བརྙན་གྱི་རྣམ་པ་དེ་ཡང་གཞན་ཞིག་ཏུ་བསྒྱུར་འགྲོ་བས་ཡིན།

དྲི་བ།
<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། >>་འཁྲབ་པར་ཁྱོད་ཀྱིས་ཧོ་རྨི་༣༥་ཅན་བརྙན་ལེན་འཕྲུལ་ཆས་དེ་བེད་སྤྱོད་བྱས་འདུག རྗེས་ནས་བརྩམས་ཆོས་ཕལ་མོ་ཆེ་ལ་ “ཨང་ཀི་ལག་རྩལ”་དེ་བེད་སྤྱོད་བྱེད་བཞིན་འདུག དེ་ནི་རིན་གོང་ཆུང་ཞིང་སྟབས་བདེ་བའི་ཁེ་ཕན་མང་པོ་ཞིག་འདུག ཡིན་ན་ཡང་། ཁྱོད་ཀྱིས་རང་ཉིད་ཀྱི་ཉམས་མྱོང་གཞི་ལ་བཞག་ན། “འཁོར་ཐག་” དང་ “ཨང་ཀི”་གཉིས་ལས་གང་ཞིག་ཡག་པོ་དང་གང་ཞིག་ཡག་པ་མི་འདུག (དེ་ཡང་། མཛེས་དཔྱོད་ཀྱི་སྣང་བརྙན་དང་ལག་ལེན་གྱི་ཐབས་རྩལ། མ་འོངས་ཡར་རྒྱས་ཀྱི་ཁ་ཕྱོགས་སོགས་ཀྱི་ཐད་ནས། )

དྲི་ལན།
མཛེས་དཔྱོད་ཀྱི་སྣང་བརྙན་དང་དེའི་རྣམ་པའི་ཐད་ནས་གང་ཡག་པོ་འདུག་དང་གང་ཞིག་ཡག་པོ་མི་འདུག་ཅེས་ལབ་ཁག་པོ་རེད། དེ་གཙོ་བོ་ཁྱོད་ལ་ཅི་ཞིག་ལྟ་བུའི་སྣང་བརྙན་ཞིག་དགོས་མིན་ལ་ལྟ་དགོས་པ་ཞིག་རེད། དཔེར་ན། <<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། >>་ལ་མཚོན་ན། འཁོར་ཐག་འཚམ་པོ་ཡོད་པ་རེད། དེ་ནས། <<འཚོལ། >>་ལྟ་བུ་ལ་ཆ་མཚོན་ན། ཨང་ཀི་ཡིས་འཁྲབ་པ་ཡིན་ན་ཡང་། སྐབས་དེར་ང་རང་ལ་ཆ་རྐྱེན་འཛོམས་པ་ཡིན་ན། ང་རང་གིས་འཁོར་ཐག་བེད་སྤྱོད་བྱེད་ངེས་ཡིན། ཡིན་ན་ཡང་། <<ཁྱི་རྒན། >>་ལ་ཆ་མཚོན་པ་ཡིན་ན། ཆ་རྐྱེན་འཛོམས་ཀྱང་། འཁོར་ཐག་བེད་སྤྱོད་བྱས་མེད། རྒྱུ་མཚན། ཨང་ཀིས་འཁྲབ་ན་དེ་ནི་གསོན་ཉམས་ལྡན་ཤིང་། ལས་སླ་བའི་སྒོ་ནས་དེ་ཡི་རང་བཞིན་སྟོན་ཐུབ་ཀྱི་འདུག མ་འོངས་པ་ལ་ཆ་མཚོན་ན། ཨང་ཀི་གཙོ་བོ་བེད་སྤྱོད་བྱ་རྒྱུ་ཡིན། ཡང་མཚམས་རེར་མཐུན་རྐྱེན་འཛོམས་དུས་འཁོར་ཐག་བེད་སྤྱོད་བྱ་ངེས་ཡིན།

དྲི་བ།
ཁྱོད་ལ་བོད་རིགས་གློག་བརྙན་པ་དང་། བརྙན་ལེན་མཁན། རོལ་མོ་བ། མཛེས་བཟོ་པ། འཁྲབ་སྟོན་པ་བཅས་མང་པོ་ཞིག་འཛོམས་ནས་འདུག ཁྱོད་ཀྱི་གྲུབ་འབྲས་དང་གསོ་སྐྱོང་གིས་ཁོ་ཚོས་བོད་ཀྱི་གློག་བརྙན་འཁྲབ་པར་གདེངས་ཚོད་དང་སྙིང་སྟོབས་དེ་གོང་དུ་སྤེལ་ཡོད་པ་མ་ཟད། ཁོ་ཚོའི་འཁྲབ་སྟོན་གྱི་སྒྱུ་རྩལ་ཡང་མཐོར་འདེགས་བྱས་ཡོད་པ་རེད། འདིའི་ཕྱོགས་ནས་ཁ་བརྡ་མདོར་བསྡུས་ཤིག་བྱེད་ཐུབ་བམ།

དྲི་ལན།
མདོར་བསྡུས་ན། བོད་ཀྱི་གློག་བརྙན་གཙང་མ་ཞིག་བཟོས་འདོད་ཡོད་པ་དེ་ཡིན། གློག་བརྙན་ནི་ཆེད་ལས་རང་བཞིན་གྱི་ལས་རིགས་ཁག་པོ་ཞིག་རེད། སྡེ་ཚན་རེ་རེ་བྱས་ནས་ཆེད་ལས་རང་བཞིན་ཅན་ལ་བསྒྱུར་བར་བྱེད་པ་དེ་ནི་གློག་བརྙན་ཡག་པོ་ཞིག་བཟོ་སྐྲུན་བྱེད་ཐུབ་པའི་རྩ་བའི་རྨང་གཞི་རེད། དེར་བརྟེན། འདི་ལྟ་བའི་རུ་ཁག་ཅིག་ཡོད་སོང་བ་རེད།

དྲི་བ།
<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། >>་དང་<<འཚོལ། >> ་ཞེས་པའི་གློག་བརྙན་ཁྲོད་ན། བོད་ཀྱི་སྲོལ་རྒྱུན་གྱི་ཆོས་ལུགས་རིག་གནས་(མ་ཎི་རྡོ་འབུམ། གྲྭ་བ། བོད་ཀྱི་ཟློས་གར། ) ་དང་། དེ་འབྲེལ་གྱི་མི་དང་འཇིག་རྟེན་ལ་འབྲེལ་འདྲིས་བྱེད་པའི་ལམ་ལུགས་སྲོལ་དེ་ཚོར་བ་ཟབ་མོས་ཞིབ་འབྲི་བྱས་འདུག ཡིན་ན་ཡང་། དེ་དང་མཉམ་དུ་ཡིད་ཆད་དང་བློ་ཕམ་གྱི་ཚོར་བ་ཞིག་ཀྱང་སྤྲད་ཡོང་། དེ་ནས། <<ཁྱི་རྒན། >>་ཞེས་པའི་གློག་བརྙན་གྱི་ཁྲོད་ན། སྔར་ལས་ཡིད་ཆད་འུ་ཐུག་དང་ཁོང་ཁྲོ་ཡི་རྣམ་པ་ཞིག་ཀྱང་འདུག གོ་རིམ་འདི་ནི་ཏག་ཏག་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་བ་དང་བསྟུན་ནས་སྤྱི་ཚོགས་ཀྱི་གནད་དོན་མང་དུ་འགྲོ་བ་དང་། ཆབ་སྲིད་ཀྱི་དམ་དྲག་ཆེ་རུ་འགྲོ་བ་དེ་དང་ཁ་འཕྲོད་ནས་འདུག་པས། ཁྱོད་ཀྱིས་གནད་དོན་དེ་དག་གི་སྐོར་ལ་བསམ་བློ་བཏང་ཏེ། གློག་བརྙན་གྱི་རྣམ་པའི་སྒོ་ནས་དེ་དག་ཕྱིར་བསྟན་པའི་གོ་རིམ་ཞིག་ཡིན་ནམ།

དྲི་ལན།
འདི་ནི་ང་རང་གིས་སྔོན་ལ་བཤད་པ་ལྟར། བོད་ཁུལ་གྱི་དངོས་ཡོད་རྒྱབ་ལྗོངས་དང་འབྲེལ་བ་ཡོད་པ་ཞིག་རེད། བོད་ཁུལ་གྱི་དངོས་ཡོད་ཀྱི་གནས་སྟངས་དེ་ནི་ང་རང་གི་ནང་སེམས་ཀྱི་ཚོར་ཞིག་དང་ཡ་ལན་ཞིག་ཡིན།

མུ་འགོད་།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*