གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་གླེང་མོལ་བྱས་པ། (ཕྱི་མ)

Pema Caiden

བཅར་འདྲི་ཞུ་ཡུལ། པདྨ་ཚེ་བརྟན།
བཅར་འདྲི་ཞུ་མཁན། ཧོན་ཞོལ་ཤལ།

ཡིག་བསྒྱུར་བ། བསོད་ནམས་རྒྱལ།

མ་ཡིག་ལ་གཟིགས་ན་འདི་རུ་བསྣུན།

དྲི་བ།
<<ཁྱི་རྒན། >>་ཞེས་པའི་གློག་བརྙན་གྱི་ཁྲོད་ལ་ཡིད་མུག་པ་དང་རེ་ཐག་ཆད་པའི་རྣམ་པ་ཞིག་གིས་ཁེངས་ནས་འདུག འབྲོག་ཁྱི་དེ་ནི་མཚོན་དོན་ག་གེ་མོ་ཞིག་རེད། དེ་ནས། རྒན་པ་རྣམས་ཀྱིས་ད་དུང་སྲོལ་རྒྱུན་གྱི་རིག་གནས་འཛིན་སྐྱོང་བྱེད་ཀྱི་ཡོད་ན་ཡང་། མི་རབས་གསར་བ་རྣམས་ནི་ཕྱི་ཡི་ཁྲ་ཁྲ་ཟང་ཟིང་གི་དངོས་པོ་ཕྱོགས་ལ་མགོ་འཐོམས་ཏེ་ སྲོལ་རྒྱུན་གྱི་རིག་གནས་དང་རྒྱང་ཐག་རིང་དུ་བཀྱེད་ཀྱིན་འདུག འདི་དག་ཐམས་ཅད་ཕྱིར་མཚོན་བྱས་པ་ནི་མཆོག་ཏུ་གྱུར་བ་ཞིག་རེད། ལོ་ན་གཞོན་པའི་བཟའ་ཟླ་གཉིས་ལ་བྱིས་པ་མེད་པ་དེ་ཡང་ཕལ་ཆེར་བསྡུས་བརྗོད་ག་གེ་མོ་ཞིག་ཏུ་གྱུར་འདུག ཁྱོད་ཀྱིས་གནས་སྟངས་ཅི་ལྟ་བུ་ཞིག་གི་འོག་ནས་འཁྲབ་གཞུང་རྩོམ་བཞིན་ཡོད་དམ།

དྲི་ལན།
ཕལ་ཆེར་ལོ་འདི་དག་གི་རིང་ལ་བོད་ཁུལ་གྱི་དངོས་ཡོད་གནས་བབ་ཀྱིས་ང་ཡི་ནང་སེམས་ལ་བྱིན་པའི་སེམས་ཚོར་དྲག་པོ་ཞིག་ཡིན་རྒྱུ་རེད། འཁྲབ་གཞུང་ཧ་ཅང་གི་མགྱོགས་པོར་རྩོམ་བཞིན་ཡོད། ཕལ་ཆེར་ཉིན་མ་ལྔ་དྲུག་གི་ནང་ལ་རྩོམ་བཞིན་ཡོད། སྒྲ་དང་བརྙན་གྱི་ཇུས་འགོད་དེ་གཏམ་རྒྱུད་འདི་འབྲི་བའི་ང་རང་གི་ནང་སེམས་ཀྱི་ཚོར་བ་དང་འདྲ་བོ་ཡོད། དེ་ཡང་། ཧ་ཅང་གི་གནོན་ཤུགས་ཆེན་པོ་དང་། མཚམས་རེར དབུགས་ཀྱང་ལེན་ཐུབ་ཀྱི་མི་འདུག སྒྲ་དང་བརྙན་གྱི་ཕྱོགས་ནས་གློག་བརྙན་ཡང་དེ་བཞིན་རེད། འཁྲབ་པའི་སྐབས་སུ་ཧ་ཅང་གི་གནོན་ཤུགས་དང་སེམས་ངལ་གྱི་ཚོར་བ་ཞིག་འདུག རྣམ་པ་དེ་དག་གི་དབང་གིས་དུ་མཚམས་མང་པོ་ཞིག་སྐབས་སུ་ང་རང་གིས་གློག་བརྙན་འདིར་ལྟ་ཐུབ་ཀྱི་མི་འདུག

དྲི་བ།
ད་ལྟ་ཁྱོད་ཀྱིས་གློག་བརྙན་འཁྲབ་པར་མ་དངུལ་གྱི་ཕྱོགས་ནས་དཀའ་ངལ་ཡོད་དམ། མ་དངུལ་མང་ཤོས་ཕྱོགས་གང་ན་ཡོང་གི་ཡོད་དམ། གཞུང་གི་སྡེ་ཁག་གང་ན་ཡོང་གི་ཡོད་དམ། ཡོ་རོབ་དང་ཉིན་ཧོང་གིས མ་རྩ་འཇོག་བཞིན་ཡོད་དམ། ཡང་ན། རྒྱ་ནག་དམངས་ཁྲོད་ཀྱི་མི་སྒེར་གྱི་ཐོན་ཁུངས་ལ་འབྲེལ་བ་བྱེད་ཀྱི་ཡོད་དམ། ཁྱོད་ཀྱི་གོང་གི་བརྩམས་ཆོས་རྣམས་ཀྱི་མ་རྩའི་ཡོང་ཁུངས་གཙོ་བོ་དེ་གང་ཞིག་ཡིན་ནམ། ད་ལྟ་ཁྱོད་ཀྱི་གློག་བརྙན་བཟོ་གྲྭ་འདི་ཇི་ལྟར་འཁོར་རྒྱུགས་བྱེད་ཀྱི་ཡོད་དམ། དེ་ནས། ནུས་ཤུགས་ཅན་གྱི་བཟོ་སྐྲུན་པ་དེ་འདྲས་ཁྱོད་ལ་རོགས་རམ་བྱས་མྱོང་ངམ།

དྲི་ལན།
གློགབརྙན་ཁ་ཤས་འཁྲབ་པར་གྲ་སྒྲིག་བྱེད་ཀྱི་ཡོད། མ་དངུལ་གྱི་ཕྱོགས་ནས་ཚང་མ་དམངས་ཁྲོད་ནས་ཡོང་གི་ཡོད། སྔོན་མ་གཞུང་གི་སྡེ་ཁག་ནས་ཀྱང་ཡོད་ལ། དམངས་ཁྲོད་ནས་ཀྱང་ཡོད། ད་ལྟ། གློག་བརྙན་ཁ་ཤས་ཀྱི་ལས་གཞི་ཞིག་གློག་བརྙན་བཟོ་གྲྭ་གཞན་དང་མཉམ་དུ་སྒྲུབ་བཞིན་ཡོད། ང་རང་གིས་གཙོ་བོ་གསར་རྩོམ་གྱི་ཕྱོགས་ནས་འགན་ཁུར་དགོས་པ་ཡིན། ཁོ་ཚོ་ཚང་མ་ཅུང་ཟད་ཆེད་ལས་རང་རེད།

དྲི་བ།
ཁྱོད་རང་ནིའུ་ཡོག་ནས་ལོ་ཕྱེད་ཅིག་བསྡད་པའི་སྐབས་སུ་ཁྱོད་ལ་རོགས་དངུལ་རག་ཡོད་པ་དེ་ངས་ཤེས་ཡོད། དེ་མ་ཟད། ཨ་རི་ཡི་མཐོ་སློབ་ཁ་ཤས་ནས་གློག་བརྙན་བསྟན་ཏེ་འབྲེལ་འདྲིས་ཀྱང་བྱས་འདུག དུས་ཚོད་དེ་ཡི་རིང་ལ་ཁྱོད་ཀྱིས་ཨ་རིའི་སྤྱི་ཚོགས་དང་རིག་གནས། སློབ་གསོ་ལ་རྒྱུས་མངའ་བྱས་པ་དང་། དེ་ནས། གློག་བརྙན་དང་གློག་བརྙན་དང་འབྲེལ་བའི་མི་སྣ་དག་ལ་རྒྱུས་མངའ་བྱས་པ་དེ་དག་གིས་ཁྱོད་ལ་ཕན་ཐོགས་ག་རེ་བྱུང་སོང་ངམ། དེ་ནས། ཁྱོད་ཀྱིས་དེ་དང་འབྲེལ་ཡོད་ཀྱི་རྩོམ་བྲིས་པ་ཡིན་ནམ། དེ་དང་འབྲེལ་བ་ཡོད་པའི་གློག་བརྙན་འཁྲབ་རྩིས་ཡོད་དམ།

དྲི་ལན།
དེ་ནས་ཡུན་རིང་ཞིག་ལ་བསྡད་པ་རེད། ཡིན་ན་ཡང་། རྒྱུས་མངལ་བྱས་པ་དེ་འདྲའི་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཅང་མ་རེད། དེ་ནས། གློག་བརྙན་ཁ་ཤས་དང་དེ་འབྲེལ་གྱི་མི་སྣ་ཁ་ཤས་ལ་འབྲེལ་བ་བྱུང་བ་དེ་ཏན་ཏན་ཕན་ཐོགས་སོང་། མ་གཞི་ནས་ནིའུ་ཡོག་ནས་བརྙན་ཐུང་ཞིག་འཁྲབ་རྩིས་ཡོད་མོད། ཡིན་ན་ཡང་། རྗེས་ནས་འཁྲབ་ཐུབ་མ་སོང་། དེ་ནས། རང་ཉིད་ཀྱི་བརྩམས་ཆོས་དང་རིག་གནས། དེ་ཡི་གནས་བབ་ཀྱི་ཐད་ལ་སྔར་ལས་རྒྱུས་ལོན་དང་གསལ་བོ་ཞིག་མཐོང་སོང་།

དྲི་བ།
ཁྱོད་རང་ཕྱིར་ལོག་ནས་<<གཡང་མདའ། >>་འཁྲབ་པར་གྲ་སྒྲིག་བྱས་འདུག ཁྱོད་ཀྱིས་གློག་བརྙན་འདི་ཇི་ལྟར་བཟོས་པའི་བརྒྱུད་རིམ་དེ་ཡི་སྐོར་ལ་ཁ་བརྡ་མདོར་བསྡུས་ཤིག་བྱེད་ཐུབ་བམ། དེ་ཡང་། འཁྲབ་གཞུང་དང་མ་དངུལ། བརྙན་ཕབ་ཀྱི་ལས་རོགས། དེ་ནས། བརྙན་ཕབ་བྱེད་པའི་སྐབས་སུ་དཀའ་ངལ་གང་དག་འཕྲད་སོང་ངམ། དེ་དག་ཇི་ལྟར་སེལ་བ་ཡིན་ནམ། དེ་ནས། དེ་ལྟ་བུའི་རྒྱུ་ཆ་ཞིག་འདེམས དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།

དྲི་ལན།
གློག་བརྙན་དེ་ནི་སྐབས་དེའི་སྲིད་གཞུང་གི་ལས་གཞི་ཞིག་རེད། དེ་ནས་ང་རང་ལ་དེ་འཁྲབ་དགོས་པར་བརྗོད་པ་རེད། ང་རང་ཉིད་ལ་ཡང་དེ་འཁྲབ་པའི་འདོད་པ་ཤུགས་ཆེནཔོ་ཡོད། འདི་ནི་ང་རང་གི་གློག་བརྙན་འདི་བཟོས་དགོས་པའི་རྒྱུ་མཚན་གཅིག་ཡིན། དེ་ནས། འཁྲབ་གཞུང་རྩོམ་པར་དུས་ཚོད་ཅུང་ཙམ་འགོར་སོང་། ཕལ་ཆེར་ལོ་གཉིས་འགོར་སོང་། དང་པོ་རྨང་གཞི་བཏིངས། དེ་ནས་སྐྱར་བཅོས་བྱས། དེ་ནས། གྲོས་བསྡུར་བྱས། དེ་འདྲ་བྱས་ནས་ཕལ་ཆེར་ལོ་གཉིས་འགོར་སོང་། དེ་ནས། དངོས་སུ་བརྙན་ཕབ་བྱས་ཏེ་འཁྲབ་པའི་དུས་ཚོད་ནི་ཐུང་ངུ་ཞིག་གི་ནང་ལ་ཚར་བ་རེད། གྲ་སྒྲིག་བྱས་ཏེ་བརྙན་ཕབ་བྱས་ཚར་རག་བར་དུ་ཟླ་བ་གསུམ་འགོར་འདུག དེ་ནས། མ་དངུལ་གྱི་ཕྱོགས་ནས་ཀྱང་འདིང་ངེས་པ་ཞིག་ཡོད་པས། བརྙན་ཕབ་བྱེད་པའི་སྐབས་སུ་དེ་འདྲའི་དཀའ་ཁག་ཆེན་པོ་འདྲ་བྱུང་མ་སོང་། ཐེངས་འདིར་ཡང་བོད་ཀྱི་ཆེད་ལས་འཁྲབ་སྟོན་པ་ཁ་ཤས་ཀྱིས་འཁྲབ་པ་རེད།

དྲི་བ།
ཁྱོད་ཀྱི་གློག་བརྙན་བརྩམས་ཆོས་རྣམས་གྲངས་ཉུང་མི་རིགས་དང་འབྲེལ་བ་ཡོད་པའི་རྒྱུ་ཆ་དག་འདེམས་ཡོད་ཙང་། མཚམས་རེར་ཞིབ་བཤེར་རུ་ཁག་ཡོང་ནས་ཞིབ་བཤེར་དེ་འདྲ་བྱས་མྱོང་ཡོད་དམ། ཁྱོད་ཀྱིས་གློག་བརྙན་བཟོ་བའི་སྐབས་སུ་དེ་འདྲ་བའི་དཀའ་ངལ་དང་སུན་པོ་བཟོས་མྱོང་ཡོད་དམ། གནས་བབ་གང་ཞིག་ལ་བསྐྱར་བཅོས་དང་། ཡང་ན། ནག་གསུབ་གཏོང་དགོས་ཀྱི་འདུག་གམ། ཁྱོད་ཀྱིས་དཀའ་ངལ་འདི་དག་ལ་ཇི་ལྟར་གདོང་ལེན་བྱས་པ་ཡིན་ནམ།

དྲི་ལན།
མཚམས་རེར་ཙམ་ཞིག་མ་རེད། དེ་ངེས་པར་དུ་ཞིབ་བཤེར་རུ་ཁག་ལ་བརྒྱུད་དགོས་པ་རེད། ཞིབ་བཤེར་བྱས་ཡིན་པ་ན། གཞི་ནས་འཁྲབ་གཞུང་རྩོམ་དུས་ཚོར་བ་སྐྱེན་པོ་དང་རིག་པ་ཇེ་གསལ་དུ་ཡོང་། དེ་ནས། དང་པོ་རང་ཉིད་ལ་ཞིབ་བཤེར་བྱས་ཏེ་དོན་དག་ཁ་ཤས་ལ་གཡོལ་བ་ཡིན་ན། དེ་ཡག་པོ་མི་འདུག འདི་ལྟར་བྱས་ན། གསར་རྩོམ་བྱེད་པའི་སྐབས་སུ་དོན་དག་མང་པོ་ཞིག་བརླག་འགྲོ་བཞིན་འདུག རྩོམ་རིག་གི་ཐད་ནས་འདི་ལྟར་བྱས་ན། ཅུང་ཡག་པོ་དང་སྔར་ལས་རང་དབང་རེད། མཚམས་མཚམས་ན་བསྐྱར་བཅོས་དང་ནག་གསུབ་ཀྱང་གཏོང་གི་ཡོད། གནད་དོན་མ་འདྲ་བ་རེ་ལ་དེ་སེལ་ཐབས་ཀྱང་མ་འདྲ་བ་རེ་རེད།

དྲི་བ།
ཁྱོད་རང་ཆེས་དགའ་ས་དང་མཐོང་ཆེན་བྱེད་སའི་གློག་བརྙན་དང་འཁྲབ་སྟོན་པ་གང་དག་ཡིན་ནམ། རྒྱུ་མཚན་ཅི།

དྲི་ལན།
དེ་མང་པོ་རེད། དཔེར་ན། ཁ་སང་དེ་རིང་ང་རང་ཆེས་དགའ་ས་ནི་ཧྥེ་ལི་ནེ་ཡི་གློག་བརྙན་རེད། དེ་བས། ཁོ་རང་གི་གློག་བརྙན་ཚང་མ་ལྟ་བཞིན་ཡོད་པ་མ་ཟད། ཁོ་རང་གི་ཡིག་ཆ་མང་ལ་ཡང་ལྟ་བཞིན་ཡོད། རྒྱུ་མཚན་ཅི་ཡིན་མིན་བཤད་ཁག་པོ་རེད།

དྲི་བ།
ཁྱོད་ཀྱིས་དེང་སྐབས་རྒྱ་ནག་གི་གློག་བརྙན་གྱི་ཐད་ལ་ལྟ་ཚུལ་ཇི་ལྟ་བུ་ཞིག་འཛིན་བཞིན་ཡོད་དམ། ཚོང་རའི་གློག་བརྙན་དང་སྒེར་གྱི་གློག་བརྙན་(独立电影)གྱི་བྱས་རྗེས་གཙོ་བོ་དང་གནད་དོན་ཆེན་པོ་དེ་ཡང་གང་ན་འདུག་གམ།

དྲི་ལན།
ཚོང་རའི་གློག་བརྙན་ནི་སྐྱ་ཤག་ཤག་གི་ནུས་མེད་ཅིག་ཏུ་གྱུར་འདུག སྒེར་གྱི་གློག་བརྙན་གྱི་གནས་བབ་ནི་ཧ་ཅང་སྐྱོ་བོ་རེད། བྱས་རྗེས་ཀྱི་ཐད་ནས། ཚོང་རའི་གློག་བརྙན་གྱིས་རྒྱ་ནག་ག་ལེར་ག་ལེར་ཐོན་སྐྱེད་རང་བཞིན་གྱི་ལམ་ཁ་རུ་བགྲོད་པར་བྱེད། དེ་ནས། སྒེར་གྱི་གློག་བརྙན་གྱིས་རྒྱ་ནག་གི་ཆེས་དམའ་རིམ་གྱི་དངོས་ཡོད་འཚོ་བ་རྣམས་ཟིན་ཐོར་བཀོད་ཀྱིན་འདུག

དྲི་བ།
ཁྱོད་ཀྱིས་མིག་སྔར་རྒྱ་ནག་གི་སྒེར་གྱི་གློག་བརྙན་གྱི་གནས་བབ་ནི་ཧ་ཅང་སྐྱོ་བོ་ཡིན་པར་བཤད་ཡོང་། དེ་ན། ཁྱོད་ལ་ད་དུང་དེ་ཡི་ཐད་ལ་ཚོར་བ་དྲག་པོ་ཞིག་ཡོད་དམ། ཁྱོད་ཀྱིས་བསམ་ན་གནད་འགག་ཆེ་ཤོས་དེ་གང་ན་འདུག་གམ། མ་འོངས་པར་ཡག་པོ་ཆགས་ཐུབ་པའི་རེ་བ་ཡོད་དམ།

དྲི་ལན།
ཚོར་བ་ཧ་ཅང་ཆེན་པོ་རེད། གློག་བརྙན་མང་པོ་ཞིག་འཁྲབ་ཐུབ་ཀྱི་མི་འདུག གློག་བརྙན་བཟོ་བའི་་ཆ་རྐྱེན་ཡང་ཇེ་བཙོག་ནས་ཇེ་བཙོག་རེད། རྒྱལ་ནང་གི་ཆབ་སྲིད་ཀྱི་ཁོར་ཡུག་དང་གློག་བརྙན་གྱི་ཁོར་ཡུག་གཉིས་འབྲེལ་བ་ཡོད་པ་རེད། མ་འོངས་པའི་ཕྱོགས་ནས། སུས་ཀྱང་བཤད་ཚོད་ཐུབ་ཀྱི་མ་རེད། ཡིན་ན་ཡང་། ཡག་པོ་ཆགས་པའི་རེ་བ་ཡོད།

དྲི་བ།
ཁྱོད་ཀྱི་ཐེངས་རྗེས་མའི་གློག་བརྙན་ཅི་ཞིག་འཁྲབ་རྩིས་ཡོད་དམ། ད་ལྟ་བཤད་ན་ཆོག་གམ།
དྲི་ལན།
ད་ལོ་ང་རང་གིས་གློག་བརྙན་གཉིས་འཁྲབ་རྩིས་ཡོད། གཅིག་ནི་ <<་མི་ལ་རས་པ། >>་དང་། ཅིག་ཤོས་དེ་ནི་<<རྟག་བརྟན་གྱི་ཉིན་གཅིག>> ་ཅེས་པ་དེ་ཡིན། ད་ལྟ་གྲ་སྒྲིག་བྱེད་དང་བྱེད་བཞིན་པ་ཡིན། རེ་བ་ལ་བདེ་བླགས་ངང་ལེགས་འགྲུབ་ཡོང་བར་སྨོན།

(རྫོགས་སོ)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་། )


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*