ཡེ་ལེ་ཧཱ་མུའི་བཙོན་འོག་གི་འབོད་སྒྲ།

IILham

ཡིག་སྒྱུར་བ་ཟླ་བ་ཚེ་རིང་།

དང་པོ།
ངས་ང་ཚོའི་མི་རིགས་ཀྱི་ཆེད་དུ་འབོད་སྒྲ་སྒྲོག་གི་ཡོད། དེ་བས་ཀྱང་རྒྱ་ནག་གི་མ་འོངས་པའི་ཆེད་དུ་འབོད་སྒྲ་སྒྲོག་གི་ཡོད།

གཉིས་པ།
བཙོན་དུ་མ་ཚུད་པའི་སྔོན་ལ། ངས་རྒྱུན་དུ་དྲག་རྩུབ་མནར་གཅོད་ཀྱི་ཁོར་ཡུག་འདི་ལ་ཨར་མི་རྟེན་པའི་སེམས་ཁུར་བྱས་མྱོང་། དེའི་དབང་གིས་རང་གི་རྒྱུ་འབྲས་དང་། ལས་དོན། གྲོགས་པོ་དང་ནང་མི་བཅས་ཀྱི་བླ་བཙོང་མི་ཡོང་ངམ་སྙམ་ནས་སེམས་ཁུར་ཀྱང་བྱས་མྱོང་། དེ་རིང་། ངས་ཨར་བརྟེན་ནས་སླེབས་ཡོད། ངས་རང་ཉིད་ལ་”ཡེ་ལེ་ཧཱ་མུ། ཁྱོད་བུ་རབ་ཅིག་རེད།”ཟེར་འདོད།

གསུམ་པ།
འབྱུང་འགྱུར་བཙོན་ཁང་གི་འཚོ་བ་ངས་ད་རུང་མྱང་མེད། ཡིན་ཡང་འདི་ངེད་ཚོའི་མ་འོངས་པའི་འཚོ་བ་དང་། ངས་མྱོང་དགོས་པའི་བརྒྱུད་རིམ་ཞིག་ཆགས་ཡོད། རང་གི་མི་ཚེ་འདི་ད་དུང་ཅི་ཙམ་རྒྱུན་སྲིང་ཐུབ་མིན་ལ་གདེང་ཚོད་མེད་ནའང་། ང་ལ་དཔའ་སྤོབས་ཡོད། ང་དེ་འདྲའི་ཉམ་ཆུང་ནུས་མེད་ཅིག་མིན། གལ་སྲིད་ངས་རང་ལ་འཚེ་བའམ། རང་སྲོག་བཅད་པའི་གཏམ་ངན་འདྲ་གྲགས་འགུལ་བྱུང་ཚེ། དེ་རྫུན་གཏམ་ཁོ་ན་ཡིན།

བཞི་བ།
བཅད་ཁྲའི་འབྲུ་དོན་མཐོང་རྗེས། ངས་དེ་ལས་ལྡོག་སྟེ་རང་ཉིད་ཀྱིས་ཁུར་ལེན་དགོས་པའི་ལས་འགན་སྔར་ལས་ཀྱང་རྒྱ་ཆེ་བར་ངོས་འཛིན་བྱས་ཡོད།

ལྔ་བ།
མ་གཞི་ང་འབྲལ་དགོས་བྱུང་ཡང་། ངས་མུ་མཐུད་ནས་འོད་སྣང་ལ་རེ་སྒུག་དང་། འབྱུང་འགྱུར་ལ་རེ་བ་བཅོལ་ཡོད། རྒྱ་ནག་ལ་ཡར་རྒྱས་དང་། ཡུ་གུར་པའི་བཅའ་ཁྲིམས་ཁེ་དབང་ལ་དགོས་ངེས་ཀྱི་བརྩི་བཀུར་འཐོབ་པར་ཡིད་ཆེས་བརྟན་པོ་བཅིངས་ཡོད།

དྲུག་པ།
ཞི་བདེ་ནི་གནམ་རྒན་མས་ཡུ་གུར་དང་རྒྱ་རིགས་མང་ཚོགས་ལ་གནང་བའི་ལེགས་སྐྱེས་ཡིན། ཞི་བདེ་དང་ཕན་སེམས་ཁོ་ནས་ད་གཟོད་ཕན་ཚུན་ཐུན་མོང་གི་ཁེ་ཕན་བསྐྲུན་ཐུབ།

བདུན་པ།
ཆུ་ཚོད་ཉེར་བཞི་རིང་ལ་རྐང་སྒྲོག་བརྒྱབ་ཅིང་། ཟླ་བརྒྱད་ལྷག་རིང་བར་གསེང་ཆུ་ཚོད་གསུམ་ལས་མེད་པ། ཁྲིམས་ཐག་བཅད་ཟིན་པའི་རྒྱ་རིགས་བཙོན་པ་དྲུག་གི་སྡོད་རོགས་སོགས། གནས་སྟངས་འདི་ཐབས་སྡུག་མ་རེད་ཅེས་བརྗོད་མི་ཐུབ། ཡིན་ན་ཡང་། ངའི་སློབ་ཕྲུག་ཚོ་དང་། ད་དུང་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་པའི་རང་རིགས་བཙོན་པ་གང་མང་ཡོད་པ་ཚོ་དང་བསྡུར་ན། ང་མི་ལས་ཅན་ཞིག་ཡིན་པར་ཐེ་ཚོམ་མེད། ང་ལ་རང་གིས་རེ་བཅོལ་བྱ་ཡུལ་གྱི་རྒྱ་རིགས་ཁྲིམས་རྩོད་པས་ཁྲིམས་ཁར་བུད་ནས་དག་འབུལ་བྱས་ཡོད་ལ། ནང་མི་ཉེ་འབྲེལ་ཁྲིམས་རར་ཡོང་ནས་ཟུར་ཉན་བྱས་ཆོག ངས་ཀྱང་རང་གིས་བཤད་འདོད་པའི་སྐད་ཆ་ཚང་མ་བཤད་ཡོད། ཆུང་ཆུང་ཞིག་ལས་མ་ཐུབ་ཀྱང་། ངས་རང་གི་དོན་རྐྱེན་འདིས་ཡུ་གུར་དེ་ཁྲིམས་ལུགས་དབང་བསྒྱུར་ཅན་དུ་སྐུལ་འདེད་ཐེབས་པར་རེ་བ་བཅིངས་ཡོད།

བརྒྱད་པ།
མདང་ནུབ་ཟླ་བརྒྱད་རིང་གི་གཉིད་ཡག་ཤོས་དེ་ཁུགས། ངས་ད་བར་རང་གི་ནང་སེམས་ལ་འདི་འདྲའི་སྟོགས་ཤུགས་ཤིག་ཡོད་པ་ཚོར་མ་མྱོང་། ཡིན་ཡང་། མ་རྒན་ལོ་ལོན་ལ་བཤད་མི་ཉན། གཞན་ནང་མི་ཚོར་ཁྱོད་ཀྱིས་ལོ་ལྔའི་ཁྲིམས་ཐག་བཅད་ཚུལ་བཤད་ན་འགྲིག མདང་དགོང་ཉེ་འཁྲིས་ཀྱི་བཙོན་ཁང་ནང་ཕོ་ཧཱ་ཐེས་( སློབ་ཕྲུག )སྒོ་ལ་ཤུགས་ཆེན་པོས་རྡེག་ཅིང་། སྐད་གསེང་མཐོན་པའི་སྨྲེ་ངག་འདོན་བཞིན་འདུག ངས་ད་རུང་བར་མཚམས་མེད་པར་རྐང་སྒྲོག་གི་སིལ་སྒྲ་ཡང་ཐོས་བྱུང་། གཅིག་བྱས་ན་ཁོ་ཚོ་ལའང་ཁྲིམས་ཐག་བཅད་ཡོད་འདུག

དགུ་བ།
( ཆུང་མར་སྨྲས་པ ) ངའི་སྙིང་ཉེ་ལགས། ང་ཚོའི་བུ་ཕྲུག་ཚོའི་ཆེད་དུ། ཁྱོད་ཀྱིས་བརྟན་ཚུགས་བཟུང་ནས་ངུ་ངག་མ་འདོན། མི་འགྱངས་པར་འུ་ཅག་ཡང་བསྐྱར་ལྷན་དུ་འཛོམས་ངེས། བདེ་མོ་བྱོས། ཁྱོད་ལ་དགའ་བའི་ཧཱ་མུ་ཡིས།


མཆན་བུ་རྫོགས།

མཆན་སྒོ་བརྒྱབ་ཟིན།