ཆུ་སྐྱུར།

Chuker

རྩོམ་པ་པོ། ཆུ་སྐྱེས་སྒྲོལ་མ།

རྒྱ་ལམ་འགྲུལ་པས་བལྟས་ན།།
ཆུ་ལོ་ཉི་མ་དྲོ་བ།།
ཆུ་ལོ་ང་རས་བྱས་ན།།
དགྲ་ལས་རླུང་པོ་ལྡང་བ།།

དེ་རིང་གྲོགས་པོ་ཞིག་གིས་མགྲོན་འབོད་གནང་བ་ལྟར་ཁོང་གི་ནང་ལ་ཕྱིན། ཡར་བཤད་མར་བཤད་མང་དག་བྱས་རྗེས། ང་རང་ནི་མེ་ཏོག་ལ་དགའ་པོ་ཡོད་རྐྱེན་ལྡུམ་རྭའི་ནང་ལ་ཕྱིན་པ་ཡིན། ཁོང་གི་མ་ལགས་ནས། མེ་ཏོག་འགའ་ཡི་མིང་ངོ་སྤྲོད་དང་ལྷན། ཁོ་མོ་རང་ཉིད་མེ་ཏོག་ལ་དགའ་པོ་ཡོད་ཚུལ་གསུངས། ངའི་མིག་གིས་བལྟ་ཕྱོགས་ཤིག་གིས། ལྡུམ་ཟུར་དེར་ལོ་མ་ཧ་ཅང་ཆེ་ལ་རྩ་བ་དམར་པོ་ཡིན་པའི་སྔོ་ལྡུམ་མང་དག་ཅིག་སྐྱེས་ཡོད་པ་མཐོང་བས། ཁོང་ལ་དེ་གང་ཡིན་སྐོར་བཀའ་འདྲི་ཞུས། ཁོང་ནས་དེ་ནི་ཤིང་ཏོག་རེད། ལོ་ཤས་སྔོན་བཏབས་པ་ཡིན་ཟེར། ཡུལ་སྲོལ་མི་འདྲ་བའི་དབང་གིས་སྔོ་ཚལ་རིགས་ཤིག་ཤིང་ཏོག་གི་ཁོངས་སུ་བརྩི་ཡི་འདུག དཔེར་ན། ཞོག་ཁོག་འབྲུ་རིགས་ལ་བརྩི་བ་དང་། ཆུ་སྐྱུར་ཤིང་ཏོག་གི་ཁོངས་སུ་བརྩི་ཡི་འདུག

ངས་དེའི་སྤྱོད་སྒོ་གང་ཡིན་དྲིས་པར། དེ་ནི་བྲོ་བ་སྐྱུར་མོ་ཡོད་པས་བྱེ་མ་ཀ་ར་དང་མཉམ་དུ་ཟ་བ་རེད་ཟེར། ངས་ཞིབ་པར་བལྟས་པས་དེ་ནི་བོད་དུ་སྐྱེ་ཡི་ཡོད་པའི་ཆུ་སྐྱུར་ཟེར་བ་དང་ཧ་ཅང་འདྲ་ཞེས་བཤད་ནས་ལྷེབ་ཙམ་བཟས་པ་ཡིན། དངོས་གནས་དེ་ཆུ་སྐྱུར་རེད་འདུག འདི་ནི་ངས་ལོ་ངོ་ཉི་ཤུ་ལྷག་ལ་མིག་གིས་མ་རིག་པའི་དངོས་པོ་ཞིག་དང་རྣ་ལམ་ལ་མ་གོ་བའི་ཐ་སྙད་ཞིག་ཀྱང་རེད།

ངའི་རོགས་པ་ཞིག་གིས། དེ་ནི་ཆུ་ལོ་རེད་ཟེར་བྱུང་བས་ངས་ནི་ཆུ་ལོ་དང་ཆུ་སྐྱུར་གཉིས་དོན་གཅིག་ཡིན་མིན་ཐེ་ཚོམ་གྱི་དྲྭ་བར་ཚུད། ངས་ཞིབ་པར་བསམ་དུས། ང་ནི་ཆུ་ལོ་དང་ཆུ་སྐྱུར་གྱི་ཐ་སྙད་ལ་རྨོངས་པའི་བུད་མེད་ཞིག་ཡིན་པ་གཞི་ནས་རྟོགས། ང་རང་བོད་ལ་སྡོད་སྐབས་ཆུ་སྐྱུར་ཐེངས་འགའ་ཟ་མྱོང་བ་མ་ཚད། བྲག་གསེབ་ལ་སྐྱེ་ཡི་ཡོད་པ་ཁོ་ན་ཤེས། འོན་ཀྱང་། དེ་རིང་སྤང་སྟེང་ལ་ཆུ་ལོ་སྐྱེས་ཡོད་པ་མཐོང་དུས་དེ་བས་ཧང་སངས། རླུང་བུ་ལྡང་ས། གནས་བསིལ་པོ། བྱེ་མ་དང་རྡོ་ཧྲུག་ཡོད་ས་སོགས་ལ་ཆུ་སྐྱུར་སྐྱེས་ཤིང་། ནམ་དུས་ཚ་སྐབས་སྐོམ་སེལ་ལའང་ཕན་པ་ཆེ།

དེ་ཡི་སྡོང་པོ་རྗེན་པར་ཟ་རུང་བས་ང་རང་གི་བྱིས་དུས་ལ་མཚོན་ན་རྔན་པ་ཡག་པོ་ཞིག་རེད། མ་ཟད། ཆུ་སྐྱུར་གཏུབས་ནས་ཤེལ་དམ་ནང་བྱེ་མ་ཀ་ར་དང་མཉམ་དུ་བསྲེས་ནས་ཉིན་ཤས་བསྙལ་བཞག་ན་མངར་སྐྱུར་གྱི་བྲོ་བ་དེ་ཞིམ་པོ་ཞིག་ཡོད། སྔ་མོའི་དུས་སུ། སྦྲུམ་ལྡན་བུད་མེད་ཚོས་སྐྱུར་དད་ལངས་སྐབས། ཆུ་སྐྱུར་ཟ་རྒྱུར་དགའ་པོ་བྱེད་པ་རེད་ཟེར། ཆུ་སྐྱུར་གྱི་ལོ་མ་ནི་དུག་རེད་ཟེར། དེ་ཆུ་ནང་བསྐོལ་རྗེས་ཆུ་དེ་ཞིང་དང་། ཚལ་ཞིང་། མེ་ཏོག་ལྡུམ་རྭ་སོགས་ཀྱི་ནང་གཏོར་ན་རྩྭ་ངན་མི་སྐྱེ་བ་དང་འབུ་མི་རྒྱག་པར་ཕན་ཟེར།

ཚིག་མཛོད་ཆེན་མོ་ལས། ༼ནུས་པས་རྨ་གསོ་བ་དང་། ཚོད་མས་བད་ཀན་སེལ་ཞིང་། ཟས་དང་ག་འབྱེད་པར་བྱེད། ལོ་མས་ཐ་མའི་ཚབ་བྱེད༽ ཅེས་འགྲེལ་འདུག དེ་ནས་གོང་ཞུས་ཞིང་ནང་གི་རྩྭ་ངན་གསོད་པའི་ནུས་པ་ཡོད་སྐོར་བཤད་པ་དང་ཐ་མག་གི་ཚབ་ཏུ་བེད་སྤྱོད་བྱེད་པའི་འགྲེལ་བ་གཉིས་གཤིབ་བསྡུར་བྱེད་དུས། དེ་ནི་ཉལ་ཐག་གི་ནུས་པ་ཡོད་པ་ཞིག་ཀྱང་ཡིན་སྲིད་པར་སྙམ། མདོར་ན། དེ་ནི་ངའི་དྲན་ཡུན་ནས་བརྗེད་པ་ཉེ་བའི་ཐ་སྙད་ཅིག་རེད།

གཞན་ཡང་། ལྕུམ་དང་ཆུ་སྐྱུར་གཉིས་ཀྱི་ལོ་མ་དང་སྐྱེ་སྟངས་སོངས་ཧ་ཅང་འདྲ་ཡང་། ལྕུམ་གྱི་རིགས་ནི་རྩ་བ་དང་ལོ་མ། གཞུང་རྟ། དཀྱིལ་སྡོང་བཅས་ཆུ་སྐྱུར་ལས་བོངས་ཚོད་ཆེ་བ་ཞིག་ཡིན་པ་དང་། དེར་ཡང་སྐྱེ་ཡུལ་གྱི་དབང་སོགས་ལས། ལོ་མ་དང་གཞུང་རྒ་ཧ་ཅང་ཆེ་བའི་རིགས་དེར་ཕོ་ལྕུམ། ལོ་མ་སྒོར་ཆུང་ཅན་ལ་མོ་ལྕུམ། དེ་གཉིས་འདྲ་འདྲེས་ཀྱི་རྣམ་པ་ཅན་ལ་ར་ལྕུམ་མམ་ལུག་ལྕུམ་ཞེས་དབྱེ་བའང་འདུག ས་ཆ་ལ་ལར། ལྕུམ་ནག་དང་ལྕུམ་དཀར་ཞེས་རིགས་གཉིས་སུ་ངོས་འཛིན་པའང་ཡོད་པ་རེད་འདུག དེ་ནི་བཟའ་བའི་སྐབས། མངར་སྐྱུར་གྱི་བྲོ་བའི་ཁྱད་པར་ཡོད་པས་དབྱེ་བ་ཕྱེ་སྟངས་ཤིག་ཡིན་པ་འདྲ། དུས་རབས་བཅུ་བདུན་པའི་ནང་འཁྲུངས་པའི་བོད་ཀྱི་སྨན་པ་མཁས་པ་དེའུ་དམར་དགེ་བཤེས་་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་༼ཤེལ་གོང་༽དང་དེའི་འགྲེལ་བ་༼ཤེལ་ཕྲེང་༽གཉིས་སུ་བཀོད་ཅིང་འགྲེལ་བཤད་གནང་བ་ལྟར་ན། ༼ ལྕུམ་ནི་རྫ་བྲག་དག་ལས་སྐྱེ།། ཆེ་འབྲིང་ཆུང་གསུམ་ཡོད་པ་ཡིན།། ལོ་མས་ས་གཞི་མནན་པ་འདྲ།། སྡོང་པོ་ཁོག་སྟོང་དམར་སྨུག་རིང་།། མེ་ཏོག་དམར་པོ་སྤུངས་པར་སྐྱེ།། འབྲས་བུ་ཟུར་གསུམ་རབ་ཏུ་མང་།། རོ་ནི་སྐ་རྩུབ་བད་ཀན་སེལ།།༽ ཞེས་བསྟན་འདུག ༼འཁྲུངས་དཔེ་གསལ་བའི་མེ་ལོང་༽སོགས་སྨན་རྫས ངོས་འཛིན་ལ་མཁོ་ཆེ་བའི་དེབ་གཞན་དག་ན། སྐྱེ་དངོས་འདི་རིགས་དེང་རབས་ཚན་རིག་གི་བརྟག་དོན་དང་མཐུན་པར། རྩ་བ་དང་ལོ་མའི་དབྱིབས་སོགས་གསལ་ཞིང་ཕྲ་བ་བཀོད་ཡོད་སྐད།

ས་བབ་མཐོ་དམའ་དང་། བྲག་ངོས་དང་སྤང་ཐང་སོགས་སྐྱེས་ཡུལ་མི་འདྲ་བ་དང་། ཉི་འོད་དང་རླུང་གི་རྒྱུ་བ་རྒྱུན་ལྡན་ཡིན་མིན་ཅི་རིགས་པའི་གནས་སུ་སྐྱེ་ཡི་ཡོད་པའི་ཆ་ནས། ལོ་མའི་ཁ་དོག་དང་དབྱིབས། ལོ་མའི་ངོས་རྩུབ་འཇམ། གཞུང་རྟ་ཆེ་ཆུང་སོགས་ལ་ཁྱད་པར་མིམའདྲ་བ་མང་བ་ནང་བཞིན། དེ་དག་གི་ཕན་ནུས་ཀྱང་གཅིག་ཏུ་མ་ངེས་པར་ཡོད་པ་དང་། སྨན་པ་མཁས་པ་རྣམས་ཀྱིས་ཉིན་དང་སྲིབ་སོགས་སྐྱེ་སའི་གནས་ཀྱི་དབང་གིས་བྲོབའང་ལོགས་ཀར་ཡོད་པར་ངོས་བཟུང་སྟེ། སྨན་དུ་སྦྱོར་སྐབས་དམ་དོན་བྱེད་པ་ཡིན་འདུག བོད་ཡུལ་འགར། སྣམ་བུ་སོགས་ལ་ཚོས་རྒྱག་པར་བེད་སྤྱོད་བྱེད་པ་དང་། ལྷག་པར་དུ་ཤིང་ཚོན་གཏོང་སྐབས་སུ་བེད་སྤྱོད་ཆེ་བ་ཞིག་ཀྱང་ཡིན་པར་བཤད།

ཀློག་པ་པོ་ལགས། ང་དང་གྲོགས་མོས་ཆུ་སྐྱུར་དང་། ཙམ་པ་ཀ ཧ་ལོ་མེ་ཏོག་བཅས་ཀྱི་སྐོར་ལ་བགྲོ་གླེང་ངམ་བསམ་ཚུལ་ཐུང་ངུ་རེ་དང་། དེ་དང་དེའི་སྐོར་གྱི་ཤེས་བྱ་སྤེལ་རེས་འགའ་བྱས་རྗེས། མཐར་ལྕུམ་དང་ཆུ་ལོ་གཅིག་ཡིན་མིན་དོགས་གཞིེར་ལྷུང་བས། ངས་ཡར་མྱུལ་མར་མྱུལ་གྱིས་འདི་སྐོར་གྱིམའགྲེལ་བཤད་བཙལ་ཞིང་། སྨན་པ་ཁག་ཅིག་ལ་བཀའ་འདྲི་བརྒྱུད་ནས་ལྕུམ་ཟེར་བ་འདི་ཅི་ཡིན་མིན་བཙལ་མཐར། ལྕུམ་དང་ཆུ་སྐྱུར་གཅིག་མིན་པའི་ངེས་པ་རྙེད་ཙམ་བྱུང་། མདོར་ན། ལྕུམ། ཆུ་ལོ། ཆུ་ཆུ། ཆུ་སྐྱུར་སོགས་གང་འབོད་རུང་ངའི་རྣ་བར་ཧ་ཅང་སྙན་ལ། སྐྱིད་པའི་བྱིས་དུས་ཀྱི་འཚོ་བར་དྲན་གསོ་རེ་བྱེད། འདི་ནི་ངས་རང་རེ་གངས་ཅན་ལྗོངས་ཀྱི་སྐྱེ་དངོས་ཤིག་ལ་ཡིག་ངག་གཉིས་ཀྱི་འགྲེལ་བཤད་ཅི་ཡོད་རགས་བསྡུས་ཞུས་པ་ཙམ་ཡིན།


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*