ཟླ་ཚེས་དམིགས་བསལ་བ་ཞིག་ལ་གྲོགས་པོ་དམིགས་བསལ་བ་ཞིག་དྲན་པ།

Tashi Rabten

ཐེའུ་རང་།

ལོ་ལྔའི་སྔོན་གྱི་དེ་རིང་ཞོགས་པར། ང་དང་ང་ཡི་གྲོགས་པོ་ཁོང་དེ་པ་ཚང་གིས་གློ་རྡེག་ལ་བཙན་ཁྲིད་བྱས། མགོ་རས་ནག་གིས་གཅུད་། ལག་པར་ལྕགས་སྒྲོག་བརྒྱབས། ཁང་པ་དོག་མོ་ཞིག་ཏུ་ཁྲིད་། ཁོ་པ་ངའི་ཁ་གཏད་ཀྱི་ཁང་པ་དེར་བཀགས། སྒོ་ཡར་ཕྱེ་མར་ཕྱེ་ལ་ངས་ཁོ་པ་རིག་ཐུབ། ངས་ཁོ་པར་བལྟ་དུས་ཁོས་ཀྱང་ཏག་ཏག་ཁ་གཏད་ཀྱི་ང་ལ་བལྟས་ནས་ཡོད་། ཁོས་ང་རང་གསལ་བོར་རིག་གི་མེད་པ་འདྲ། རྫི་མ་ཡར་བརྫེས་ནས་ཧ་ཅང་གཟབ་ནན་གྱིས་ལྟ། སྐབས་དེའི་ཁོའི་རྣམ་འགྱུར་དང་བཟོ་ལྟ་ད་ལྟ་ད་རུང་ཡང་ཇི་བཞིན་དུ་དྲན་གསོས་ཀྱི་འདུག ངས་བཙོན་ནས་ཁོ་ལ་བྲིས་པའི་འཕྲིན་ཡིག་ཏུའང་དེ་དུས་ཀྱི་རྣམ་འགྱུར་དང་ཚོར་བ་བྲིས་ཡོད་། དེ་དུས་ང་ནང་ན་ཡོད་། དྲན་པ་མཐུག་པོ་ཞུ་མི་ཚར་བ་ཡོད་། དེ་རིང་སླར་ཡང་། ངས་མི་ལོ་ལྔའི་ཡར་སྔོན་གྱི་དེ་རིང་གི་ཡོད་ཚད་དྲན་འོང་། དེ་རིང་། ང་སྒོ་ན་ཡོད་། དྲན་པ་འཁྱག་པོ་དྲོས་མི་ཐུབ་པ་ཡོད་།

ང་རང་ཁང་པ་དེ་རུ་ཉིན་མཚན་གསུམ་ལ་བཀགས། ཉིན་མཚན་གསུམ་པོར་ངེད་གཉིས་ཁང་པ་གཉིས་ནས་ངོ་ངོ་ཁ་བྱས་ཏེ་བསྡད་། ཉིན་མཚན་གསུམ་པོར་ང་ལྕགས་སྒྲོབ་བརྒྱབས་བརྒྱབས་ལ་ཨོང་སྟེགས་ཤིག་ལ་ཙོག་སྟེ་བསྡད་། ཉིན་མོར་ཟས་ནི་ཐབས་སྡུག་པོ་རེད་། མཚན་མོར་གཉིད་ཀྱང་གཏན་ནས་ཡོང་ཐབས་མེད་། གྲོགས་པོ་ཁོང་ཡང་དེ་ལས་མ་འདས། ཉིན་མཚན་གསུམ་འགོར་རྗེས། ང་ཁང་པ་དེ་ནས་གནས་གཞན་ལ་འཁྲིད་། ང་འགྲོ་ཁར་ངས་ཁོ་པ་རིག་མ་བྱུང་། ངས་ང་སྡོད་སའི་ཁང་པ་དང་ཁ་གཏད་ཀྱི་ཁང་པ་དེར་ཕྱིར་མིག་ཡང་ཡང་ཤོར། ང་སྡོད་སའི་ཁང་པ་དེའི་ནང་ན། དེ་པ་ཚང་གིས་བསྔོགས་ནས་ཁྱེར་སོང་བའི་ངའི་དཔེ་ཆ་རིན་ཐང་ཅན་མང་པོ་ལྷག་ཡོད་པ་རེད་། ཁ་གཏད་ཀྱི་ཁང་པ་དེ་ན། ང་དང་མཉམ་པོར་འཁྲིད་སོང་བའི་ང་ཡི་གྲོགས་པོ་འདང་ཅན་དེ་ལུས་ཡོད་། ཕྱིས་སུ། ང་སི་ཁྲོན་ལ་འཁྲིད་ཅིང་། ཁོ་ལན་གྲུ་ནས་ལུས།

ཁོ་པ་ཕ་ཡུལ་བླ་བྲང་རྒན་གྱ་ནས་ཡིན། དངོས་མིང་ལ་འབྲུག་ལོར་འབོད་། ངས་ནམ་རྒྱུན་ཁོ་ལ་བླ་བྲང་རྒད་པོ་ཞེས་འབོད་པར་གོམས་ཡོད་། ཁོས་ཁོ་པ་ལ་ཞོགས་ལྗང་ཅེས་མིང་གཞན་ཞིག་བཏགས་ཡོད་། ངེད་གཉིས་སློབ་ཆེན་ནས་འཛིན་གྲྭ་གཅིག་ཡིན། དང་ཐོག་དྲ་ཐོག་སོགས་ནས་ལྟ་ཚུལ་ག་གེར་མོར་རྩོད་པ་འབུད་མྱོང་། གཞུག་ནས་ངེད་གཉིས་མལ་ཁང་གཅིག་ལ་འཁེལ། དེ་ནས་གཟོད་སོ་སོར་ཆ་ཡོད་འདྲིས་ཡོད་བྱུང་། ས་བྱི་ལོར། ངེད་གཉིས་སྔར་བས་ཀྱང་ཕན་ཚུན་བློ་ཉེ་བོར་གྱུར། ལས་ཀའམ་འདུན་མ་གང་རུང་གི་ངོས་ན། བློ་འཁེན། སྡུག་བརྒྱབས། འབད་པ་བྱས། དཔུང་ཡར་བུད་། སྐྱིད་རོགས་སྡུག་རོགས་འབའ་ཞིག་ཆགས། ང་རང་ཁོང་ལ་འདང་ཧ་ཅང་ཆེ། ཁོ་ནི་ན་གཞོན་རུས་པ་ཅན་ཞིག རྨི་ལམ་ཅན་ཞིག བརྩེ་དུང་ཅན་ཞིག ཤེས་རབ་ཅན་ཞིག

ང་རང་བཙོན་ལ་སྡོད་དུས། རྒྱུན་པར་ཁོ་པ་དྲན་མྱོང་། དྲན་པ་དང་ཚོར་བ་ཡི་གེར་བཀོད་མྱོང་། ཁོས་ང་ཡི་གྲོགས་མོ་ཞིག་བརྒྱུད་ནས་ང་ལ་དེབ་ཅིག་བསྐུར་ཡོད་། མི་ལོ་ཉེར་བདུན་ལྷག་ལ་བཙོན་ནས་བསྡད་མྱོང་བའི། མྱི་ནག་པ་མཱན་རྡི་ལ་ཡི་མི་ཚེའི་རང་རྣམ་གྱི་དེབ་དེས་ང་ལ་དཔའ་ཡ་དཔུང་རོགས་ཡ་མེད་པ་བྱས། དེབ་དེ་ང་ལ་དྲིན་ཆེ་པོ་ཡོད་ལ། གྲོགས་པོ་ཁོང་ནི་དེ་བས་ཀྱང་ངོ། དེ་རིང། སྤྱི་ཟླ་བཞི་པའི་ཚེས་དྲུག་རེད་། ཏག་ཏག་མི་ལོ་ལྔའི་སྔོན་གྱི་དེ་རིང་ང་དང་གྲོགས་པོ་ཁོང་དེ་པ་ཚང་གིས་བཟུང་ནས་འཁྲིད་པ་རེད་། དེ་རིང་གི་དུས་ཚོད་འདི་ངས་བརྗེད་མི་བཏུབ་པར་ཡིད་ལ་གསལ་བོར་བཟུང་ཡོད་། བརྗེད་མི་བཏུབ་པ་ནི། དགྲ་ཞེ་དང་སྙིང་འཁྱག་ཆེ་བས་མ་ཡིན་ལ། འགྱོད་སེམས་དང་ཕངས་སེམས་ཆེ་བས་ཀྱང་མ་ཡིན། ཟླ་ཚེས་འདིའི་ཉིན། བོད་བཙོན་ཞིག་གི་ལས་སྐལ་འཐོབ་པའི་རང་ཉིད་མྱི་ནག་པོ་ཞིག་ལ་ངོས་བཟུང་མ་མྱོང་བ་ནང་བཞིན། དེ་རིང་གི་ཟླ་ཚེས་འདི་ཡང་། ངས་ནམ་ཚ་ནག་པོ་ཞིག་ལ་ངོས་བཟུང་མ་མྱོང་། དེ་ལྟ་ནའང་། ནམ་ཚ་འདི་ངས་བརྗེད་མ་མྱོང་ལ་བརྗེད་ཐབས་ཀྱང་མེད་དོ་།

དེ་རིང་། ངས་མི་ལོ་ལྔའི་སྔོན་གྱི་ཟླ་ཚེས་འདི་དྲན་གྱི་ཡོད་ལ། ཟླ་ཚེས་འདིར་བྲེགས་སོང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་རང་གི་སྐྲ་ལོ་དྲན་གྱི་ཡོད་། དེ་ལས་ཀྱང་། རྣམ་རིག་དང་སྤོབས་པ་ས་འབར་རྡོ་འབར་གྱི་གྲོགས་པོ་ཁོང་དྲན་གྱི་ཡོད་། གྲོགས་པོ་ཁོ་ནི་ག་དུས་ཡང་གསོན་གསོན་ལ་ཡོད་པ་ཞིག་ཡིན། གྲོགས་ཁོ་ནི་གནད་འགག་གང་ལ་ཐུག་ན་ཡང་སྨྲ་བ་བསྡམ་རྒྱུར་མི་སྤྲོ་མཁན་ཞིག་ཡིན། གྲོགས་ཁོ་ནི་རང་དབང་ལ་ཞེ་ཐག་པ་ནས་སྨོན་ལམ་བརྒྱག་མཁན་ཞིག་ཡིན། གྲོགས་པོ་ཁོ་ནི་ག་དུས་ཡང་མུན་ནག་དང་སྐྱ་རེས་འཐབ་རེས་བཅའ་མཁན་ཞིག་ཡིན། ནམ་ཞིག གྲོགས་པོ་ཁོ་རེ་ཞིག་གམ་ཡུན་ཏུ་གྲགས་འགུལ་མེད་པ་བྱུང་ཚེ། དེ་ནི་མུན་ནག་གི་ཆོ་འཕྲུལ་འབའ་ཞིག་ཡིན་པ་ཐེ་ཚོམ་མི་དགོས་སོ།
ལྦེ། ང་ཡི་གྲོགས་པོ།
ལྦེ། གངས་ཀྱི་མཚན་མོའི་ཕྲུ་གུ

༢༠༡༥ལོའི་ཟླ་༤པའི་ཚེས་༦ཉིན།


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*