ཉི་གདུགས་གཅིག་གི་འོག་ཏུ། (དང་པོ)

Thubten Jinpa 1

བཅར་འདྲི་བྱེད་མཁན། ལིན་ཌ་ཧེའུ་མཎ། (Linda Heuman)
བཅར་འདྲི་བྱེད་ས། དགེ་བཤེས་ཐུབ་བསྟན་སྦྱིན་པ།
ཡིག་བསྒྱུར་བ། འབྲོང་བུ་ཟླ་བ་ཚེ་རིང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དྲི་བ།

༧གོང་ས་མཆོག་གིས་ “གལ་ཏེ་ཚན་རིག་གི་བརྟག་དཔྱད་ལ་བརྟེན་ནས་ནང་ཆོས་ཀྱི་འདོད་ཚུལ་ཁ་ཤས་བདེན་པ་མིན་པར་བསྒྲུབ་ཐུབ་ཚེ། ང་ཚོས་ངེས་པར་དུ་ཚན་རིག་གི་རྙེད་དོན་དེ་དག་ཁས་ལེན་དགོས་པ་དང་ནང་ཆོས་ཀྱི་འདོད་ཚུལ་དེ་དག་བསྐྱུར་དགོས་པ་རེད།” ཅེས་གསུངས་པ་དེ་སྐད་གྲགས་ཆེ་བའི་གསར་འགྱུར་རྒྱུད་ལམ་ཁག་གིས་ཁྱབ་ཆེན་པོའི་ངང་ལུང་འདྲེན་ཞུ་བཞིན་འདུག ང་ཚོས་འདི་ལ་གོ་བ་ཇི་ལྟར་ལེན་དགོས་པ་རེད་དམ།

དྲི་ལན།
༧གོང་ས་མཆོག་གིས་ནང་བའི་ལྟ་ཚུལ་ལ་དངོས་མྱོང་ལག་ལེན་གྱི་ཆ་ཡོད་པ་མཁྱེན་གྱི་ཡོད་པ་རེད། འདི་དག་ནི་ཆ་ཚང་བའི་སྒོ་ནས་ཚན་རིག་དང་མཉམ་དུ་བགྲོ་གླེང་གནང་ཐུབ་པའི་ཆ་དེ་རེད། དངོས་མྱོང་ལག་ལེན་གྱི་ལྟ་ཚུལ་འདི་དག་གི་ཁྲོད་ན་དེང་རབས་ཚན་རིག་གོ་རྟོགས་དང་ཚད་མཉམ་མིན་གཉིས་ཀ་ཡོད་རེད། གལ་ཏེ་ཚད་མ་མཉམ་ཚེ། ཚན་རིག་གི་གསར་རྙེད་ཀྱི་འོད་སྣང་ལ་བརྟེན་ནས་འགྱུར་བ་བཏང་ཆོག་པ་རེད། འོན་ཀྱང་། ནང་ཆོས་ཀྱི་ལྟ་ཚུལ་ལ་ལྟ་གྲུབ་དང་བཟང་སྤྱོད་ཀྱི་ཕྱོགས་གཞན་ཡང་ཡོད་པ་རེད། ༧གོང་ས་མཆོག་ལ་ཚན་རིག་གིས་ཆ་ཡོངས་སུ་རྫོགས་པའི་བདེན་པ་ཞིག་ཁས་ལེན་གྱིན་མེད་པའི་དགོངས་པ་ཞིག་མངའ་འདུག འདི་ནི་ཁྱེད་ཀྱི་ཚན་རིག་གི་ཁྱབ་རྒྱ་ལ་བཟུང་བའི་ལྟ་ཚུལ་ལ་རག་ལས་པ་རེད། གལ་ཏེ་ཁྱེད་ཀྱིས་ཤེས་སུ་རུང་ཞིང་བདེན་པ་ཡིན་པའི་བྱ་དངོས་ཐམས་ཅད་ཚན་རིག་གི་ཁྱབ་ཁོངས་སུ་འདུས་ཀྱི་རེད་བསམ་ན་འགལ་ཟླ་ཡོད་ཡོད་པ་རེད། འོན་ཀྱང་། ཁྱེད་ཀྱིས་ཚན་རིག་ནི་ལས་ཀ་བྱེད་པའི་ཐབས་ལམ་བྱེ་བྲག་པ་ཞིག་སྟེ་གཞུང་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་ནས་ཤེས་བྱ་ལ་འཇུག་པའི་ལམ་བྱེ་བྲག་པ་ཞིག་ཡིན་པ་ཤེས་ཚེ། བདེན་པའི་ཆ་ཤས་ཁ་ཤས་ཤིག་འདིའི་ཁོངས་སུ་གཏོགས་རྒྱུ་རེད་ལ་ཁ་ཤས་ཤིག་གཏོགས་རྒྱུ་མ་རེད། དཔེར་ན། བདེན་རྫུན་དང་ཡག་སྡུག་སོགས་ལ་ཚན་རིག་གི་གནས་བབ་ཡོད་པ་མ་རེད། ཚན་རིག་གིས་ང་ཚོར་གང་ཞིག་བདེན་པ་དང་གང་ཞིག་རྫུན་མ་ཡིན་པ་སྟོན་མི་ཐུབ། ཁྱོད་ཀྱིས་དངོས་ཐོག་བདེན་པའི་སྐོར་ཀྱི་སྡོམ་ཚིག་ཅིག་ནས་བཟང་སྤྱོད་སྐོར་གྱི་སྡོམ་ཚིག་ཅིག་ལེན་མི་ཐུབ། འདིའི་སྐོར་ལ་ཌེ་ཝེ་ཌི་ཧུའུམ་(David Hume) གྱི་དུས་ནས་ནུབ་ཕྱོགས་སུ་ཁས་ལེན་བྱས་ཡོད་པ་རེད། ཁོང་གིས་ཡོངས་གྲགས་ཀྱི་སྒོ་ནས་༼ཡིན་པ་ནས་ཡིན་སྲིད་པ་མི་ཡོང་།༽ ཅེས་གསུངས་ཡོད་པ་རེད། འདི་ལྟར་བསམ་ན་༧གོང་ས་མཆོག་གིས་ཀྱང་འདི་ལྟར་དགོངས་ཀྱིན་འདུག ཚན་རིག་གིས་དངོས་ཐོག་བདེན་པ་རྟོགས་པར་འབད་ཀྱིན་པ་རེད། འོན་ཀྱང་། ང་ཚོས་དངོས་ཐོག་བདེན་པ་ཇི་ལྟར་བེད་སྤྱོད་གཏོང་མིན་ནི་དྲི་བའི་རིགས་གཞན་ཞིག་རེད།

དྲི་བ།
གལ་ཏེ་ཚན་རིག་གིས་ནང་ཆོས་ཀྱི་རྩ་བའི་ལྟ་ཚུལ་མི་རྟག་པ་དང་སྐྱེ་བ་ཕྱི་མ་ལ་སོགས་པ་དགག་པའི་དཔང་རྟགས་རྙེད་སོང་ན་ཅི་ཞིག་འབྱུང་ངམ། དཔང་རྟགས་དེ་ཅི་འདྲ་ཞིག་ཡིན་སྲིད་དམ།

དྲི་ལན།

འདིས་ང་ལ་ ༢༠༡༣ ལོར་གོང་ས་མཆོག་ནེའུ་ཡོག་ཏུ་ཆིབས་བསྒྱུར་སྐབས་སུ་མི་ཞིག་གིས་དྲིས་པའི་དྲི་བ་དེ་དྲན་དུ་བཅུག་སོང་། མི་དེས་ “ཚན་རིག་གིས་ང་ཚོའི་སེམས་དང་ཚེ་སྲོག་གི་ངོ་བོའི་སྐོར་གྱི་གནས་ཚུལ་ཇེ་མང་དུ་སྟོན་གྱིན་འདུག་པས། སངས་རྒྱས་པའི་གནས་སྐབས་ལ་རྒྱབ་སྐྱོར་བྱེད་ཐུབ་པའི་གསར་རྙེད་ཅི་ཞིག་བྱེད་ཐུབ་བམ།” ཅེས་དྲིས་བྱུང་། དེའི་ལན་དུ་༧གོང་ས་མཆོག་གིས་་“ཚན་རིག་གིས་ཅི་ཞིག་མ་རྙེད་པ་དང་གང་ཞིག་རྙེད་ཀྱང་གནད་དོན་དེ་མིན་པ་གཉིས་ཀྱི་དབར་ལ་ཁྱད་པར་འབྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།” ཅེས་གསུངས་སོང་།

འདི་ནི་དབུ་མའི་ལྟ་བ་ནས་དྲངས་ཡོང་བའི་གཞུང་ལུགས་ཀྱི་ཁྱད་པར་གལ་ཆེན་ཞིག་རེད། ཚན་རིག་གིས་གནད་དོན་ཞིག་ཡིན་པའི་སྒྲུབ་བྱེད་མ་རྙེད་པ་དེས་ཚན་རིག་གིས་གནད་དོན་དེ་མེད་པར་སྒྲུབ་པ་རེད་ཅེས་པའི་དོན་སྟོན་མི་ཐུབ། བདེན་དཔང་མེད་པ་དེ་ནི་མེད་པར་སྒྲུབ་པའི་དཔང་རྟགས་མ་རེད། འོན་ཀྱང་། གལ་ཏེ་ནང་པའི་གཞུང་ལུགས་པ་དག་གིས་ནང་ཆོས་ཀྱི་ནུས་པ་དང་ཚད་མའི་རང་བཞིན་ལ་ཚན་རིག་གི་དཔང་རྟགས་དགོས་པར་དགོངས་ཚེ། ང་ཚོར་དཀའ་ངལ་འཕྲད་ཀྱི་རེད། ཅིའི་ཕྱིར་རང་ཉིད་ཀྱིས་ཉམས་སུ་ལེན་བཞིན་པ་དེར་རིན་ཐང་ལྡན་མིན་ཚན་རིག་གིས་ར་སྤྲོད་དགོས་པ་རེད་དམ། ངས་དོན་རྟོགས་ཀྱི་མི་འདུག འོན་ཀྱང་ནུབ་ཕྱོགས་པ་མང་པོར་མཁོ་བ་རེད།

འོན་ཀྱང་། ཕྱོགས་གཅིག་ནས་བསམ་ན་ཁྱེད་ཀྱིས་སྲོལ་རྒྱུན་འདིའི་ལོ་རྒྱུས་ཡོད་ཚད་ལ་རིན་ཐང་ཅི་ཡང་མེད་པ་ལྟར་དོགས་པ་སྐྱེས་བཞིན་པ་རེད། ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་ལ་རང་ཉིད་ཀྱིས་ཉམས་ལེན་བྱེད་བཞིན་པ་དེས་རང་ཉིད་ལ་ཕན་མིན་མི་གསུམ་པ་ཞིག་གི་ར་སྤྲོད་ཅིའི་ཕྱིར་བྱེད་དགོས་པ་རེད་དམ། ནང་སེམས་ཀྱི་ཉམས་ལེན་བྱེད་སྐབས་མཐར་གཏུགས་ན་རང་ཉིད་ནི་རང་ཉིད་ཀྱི་བདེན་དཔང་ཡག་ཤོས་དེ་རེད། ཉམས་ལེན་པ་ཚོས་ཉམས་ལེན་ལ་བརྟེན་ནས་རང་ཉིད་ཀྱི་གོ་རྟོགས་མཐོ་རུ་འགྲོ་བ་དང་། སེམས་པ་གུ་ཡངས་སུ་འགྲོ་བ། གཞན་དང་འདྲིས་བདེ་བ། རང་ཉིད་ལ་བདེ་སྣང་ཆེན་པོ་ཡོད་པ་བཅས་ལ་ཕན་ཐོགས་མིན་རང་ཉིད་ཀྱི་ཉམས་མྱོང་རྒྱུད་ནས་ཤེས་ཐུབ་ཀྱི་རེད། ངའི་བསམ་པར་པར་ཆས་སྤྱོད་པའི་ཚན་རིག་གི་བྱེད་ཐབས་ལ་བརྟེན་ནས་ཁྱེད་ཀྱིས་སྒོམ་རྒྱག་སྐབས་ཀླད་པའི་ནང་དུ་འགྱུར་བ་ཅི་ཞིག་འགྲོ་བ་ཕྱིར་སྟོན་པ་དེ་ལས་གོང་གི་ཕན་དུས་འདི་དག་ནི་རང་ཉིད་ཀྱི་ཀུན་སློང་གི་འབྱུང་ཁུངས་ཡིན་པའི་ཆ་ནས་རླབས་ཆེ་བར་འདོད། དེས་ཁྱོད་ལ་ཅིའི་ཕྱིར་ཕན་ཐོགས་པ་རེད་དམ།

ཚན་རིག་གི་ཞིབ་འཇུག་དང་སྒོམ་ཉམས་ལེན་གྱི་ཕན་ནུས་ཀྱི་དཔང་རྟགས་དེ་དག་ལ་སྤྱོད་ས་གཅིག་ཡོད་པ་ནི། ཆོས་ལུགས་རིས་མེད་ཀྱི་ལྟ་བའི་འོག་ནས་ཉམས་ལེན་འདི་དག་སྤྱི་ཚོགས་ལ་ཕན་ཐོགས་པའི་ཕྱིར་དུ་སྨན་བཅོས་ཀྱི་ཕྱོགས་སུ་ལག་བསྟར་བྱས་པ་དེ་རེད། དཔེར་ན། དྲན་ཤེས་ལ་བརྟེན་པའི་སྤྱོད་ལམ་བཅོས་ཐབས་འདི་དངངས་འཚབ་ཉུང་དུ་གཏོང་བའི་བཅོས་ཐབས་སུ་སྤྱོད་འགོ་ཚུགས་ཡོད་པ་དང་། སྙིང་རྗེའི་སྒོམ་ཉམས་ལེན་འདི་རང་ཉིད་ཀྱིས་རང་ཉིད་ལ་ལྟ་སྟངས་ཡག་པོ་མི་འཛིན་མཁན་དག་ལ་རྒྱ་ཁྱབ་ཀྱི་སྒོ་ནས་སྤྱོད་ཆོག་པ་རེད། གནས་སྟངས་འདི་འདྲའི་སྐབས་སུ་ཕན་ནུས་ཡོད་པ་སྟོན་པའི་ཚན་རིག་གི་དཔང་རྟགས་ཡོད་པ་ཡིན་ན་ཕན་ཐོགས་ཀྱི་རེད། རྒྱུ་མཚན་ནི། ཕྱོགས་གཅིག་ནས་བལྟས་ན་སྒོམ་གྱི་ཐབས་ལམ་འདི་དག་ནི་སྨན་སྦྱོར་བཀོལ་སྤྱོད་མིན་པའི་གསོ་དཔྱད་ཀྱི་བཅོས་ཐབས་ཡིན་པས་མིའི་རིགས་གང་འདྲ་ཞིག་ལ་འོས་འཚམས་ཡིན་མིན་གྱི་ཐག་གཅོད་པར་ཚད་འཛིན་ས་ཞིག་དགོས་པ་རེད། གང་ལྟར་ཀྱང་། ད་ལྟའི་དུས་འདིར་སྒོམ་ཉམས་ལེན་ལ་ཚན་རིག་གིས་བརྟག་དཔྱད་བྱེད་པ་འདི་ཧ་ཅང་གཉོམ་ལག་མ་རྒྱས་པའི་དུས་རེད། སྒོམ་ངེས་ཅན་ཞིག་ལ་བརྟེན་ནས་ནུས་པ་ངེས་ཅན་ཞིག་ཐོན་པ་གཏན་ནས་སྟོན་མི་ཐུབ་པའི་སྐབས་དང་པོ་དུས་ན་ཡོད་པ་རེད།

དྲི་བ།
ཁྱོད་ཀྱིས་སྒོམ་ཉམས་ལེན་ཆོས་ལུགས་རིས་མེད་དུ་བསྒྱུར་གྱིན་པ་འདིར་སྐྱོན་མཐོང་གི་འདུག་གམ།

དྲི་ལན།
འདིས་མི་ལ་ཕན་ཐོགས་ཞིང་འདི་ནི་ནང་ཆོས་རེད་ཅེས་མ་ལབ་བར་དུ་ང་ལ་སེམས་ཁྲེལ་མི་འདུག ང་ལ་སེམས་ཁྲེལ་ཡོད་ས་དེ་འདི་རེད། གལ་ཏེ་ནང་ཆོས་དེ་སྒོམ་ཉམས་ལེན་ཙམ་དུ་སྒྲུབ་པ་དང་། སྒོམ་ཉམས་ལེན་དེ་དྲན་ཤེས་ཙམ་དུ་སྒྲུབ་པ་ཡིན་ན། འདི་ན་སྐྱོན་ཞིག་ཡོད་པ་རེད། ནང་ཆོས་ཀྱི་ཆ་ཤས་ཤིག་བླངས་ཏེ་འཛམ་གླིང་སྤྱི་ལ་ཕན་ཕྱིར་ཚད་ལྡན་དུ་བཟོས་པ་ཡིན་ན་ང་ལ་སེམས་ཁྲེལ་མི་འདུག འོན་ཀྱང་། འདི་འདྲའི་བྱ་བའི་བྱེད་རིམ་གྱི་ཁྲོད་ནས་མི་ཚོས་ནང་ཆོས་ཀྱི་ཉམས་ལེན་ལས་ཉིང་བཅུད་ཁུ་བ་ལྟ་བུ་བླངས་པ་ལ་བརྟེན་ནས་ཁོ་ཚོ་ལ་རེག་པ་དེ་བཅུད་དང་ཤུལ་དུ་ལྷག་པ་ནི་ཕན་མེད་ཀྱི་ཆོ་ག་ཕྱག་ལེན་ཙམ་རེད་ཅེས་ཆེ་གཏམ་བརྗོད་འདོད་པ་འདི་རེད། དཀའ་ངལ་ཡོང་ས་དེ་འདི་རེད།

དྲི་བ།
ཁྱེད་ཀྱིས་ནང་ཆོས་དང་དེང་རབས་ཀྱི་འགལ་འདུ་དེ་བོད་པ་ལྟ་བུ་ནང་ཆོས་ཀྱི་རིག་གཞུང་ཁྲོད་ནས་འཚར་ལོངས་བྱུང་མཁན་ནང་པ་དང་ནུབ་ཕྱོགས་ཀྱི་ནང་པས་ཚོར་སྟངས་མི་འདྲ་བ་ཡོད་པར་གསུངས་སོང་། ཁྱད་པར་ག་རེ་རེད་དམ།

དྲི་ལན།
ཕ་མེས་ནས་བརྒྱུད་དེ་འོངས་བའི་ནང་སེམས་དང་འབྲེལ་བའི་སྲོལ་རྒྱུན་དེ་དག་ནི་ནུབ་ཕྱོགས་པའི་ནང་པ་ཞིག་དང་སྲོལ་རྒྱུན་གྱི་ནང་པ་ཞིག་གིས་དེང་རབས་ཀྱི་རང་བཞིན་ཚོར་སྟངས་མི་འདྲ་བ་ཡོང་སའི་འབྱུང་ཁུངས་རེད། སྲོལ་རྒྱུན་གྱི་ནང་པ་ཞིག་ལ་ནང་པའི་ལྟ་ཚུལ་གཞི་ལ་བཞག་པའི་གཞི་རྩའི་འཇིག་རྟེན་ལྟ་ཚུལ་ཞིག་ཡོད་པ་རེད། དེ་ནས་ང་ཚོས་ཞིབ་ཚགས་པོའི་སྒོ་ནས་ཁྱབ་ཆེ་བའི་ལྟ་ཚུལ་ལ་འབྲེལ་འདྲིས་བྱེད་དགོས་པ་དང་། ཁྱབ་ཆེ་བའི་ལྟ་ཚུལ་དེ་དག་ལས་མ་མཐའ་ཡང་ཕྱི་དངོས་པོ་དང་འབྲེལ་བ་ཡོད་ཅིང་དངོས་མཐོང་བདེན་དཔང་གིས་རྒྱབ་སྐྱོར་ཡོད་པའི་ཆ་ཤས་དེ་དག་ང་ཚོའི་ལྟ་ཚུལ་གྱི་ཆ་ཤས་སུ་བཟོ་དགོས་པ་རེད། སྲོལ་རྒྱུན་ལྟར་ན་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ནས་ནང་པས་འདི་འདྲ་གནང་ཡོད་པ་རེད། ནང་པའི་རིག་གཞུང་འཚོ་གནས་ཀྱི་ཆེད་དུ་འགྲོ་ཕྱོགས་འདི་ངེས་པར་དུ་རྒྱུན་གནས་བྱེད་དགོས། འོན་ཀྱང་། རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་གྱི་རྩ་བ་ནང་པའི་ལྟ་ཚུལ་ཡིན་དགོས།

ཕྱོགས་གཞན་པ་དེར། ནུབ་ཕྱོགས་ཀྱི་ནང་པའམ་ནང་པར་གྱུར་བའི་ནུབ་ཕྱོགས་པ་ཚོ་རང་འགུལ་གྱིས་ནང་པར་ཞུགས་པས་ཁོང་ཚོར་ནང་པ་འདེམས་དགོས་པའི་རྒྱུ་མཚན་ཡོད་པ་རེད། ཁོང་ཚོའི་རྒྱུ་མཚན་དེ་དག་ནི་དྲན་པ་དམིགས་བསལ་བ་ཞིག་ལ་དད་གུས་བྱེད་པའི་ཚོར་བ་འམ་ཡང་ན་སྲོལ་རྒྱུན་འདིའི་ལོ་རྒྱུས་ཀྱི་ཆ་ཤས་སུ་གྱུར་བའི་ལྷ་སྒྲུང་དང་འབྲེལ་བ་ཡོད་པ་ཞིག་མ་རེད། མང་པོ་ཞིག་རང་ཉིད་ཀྱི་འཚོལ་སྙེགས་ཀྱི་ཁྲོད་ནས་ནང་ཆོས་ལ་འཕྲད་པ་རེད། སྤྱིར་བཏང་གི་འདི་ནི་རང་ཉིད་ཅི་དགར་སྤྱོད་པའི་བྱེད་ཐབས་ཤིག་རེད། ཁོང་ཚོ་ཤེས་ཡོན་ཡོད་པའི་སྤྱི་ཚོགས་ཤིག་ནས་ཡོང་ཕྱིར་ཁོང་ཚོའི་ནང་སེམས་ཀྱི་རིག་གཞུང་གཙོ་བོ་ནི་ཚན་རིག་རེད། རིམ་གྱིས་ཁོང་ཚོས་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་དང་འགལ་བ་ཆེན་པོ་མེད་པའི་ནང་ཆོས་ཀྱི་ཆ་ཤས་འགའ་དང་དུ་བླངས། དེར་བརྟེན། ཁོང་ཚོས་སྲོལ་རྒྱུན་འདི་དང་དུ་ལེན་སྐབས་འདེམས་བསེས་མཁས་པོ་བྱེད་ཀྱི་རེད།

(མུ་འགོད་།)

(འགྱུར་འདིའི་དཔར་དབང་སྐར་ཁུང་དྲ་བར་ཡོད་།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*