ཉི་གདུགས་གཅིག་གི་འོག་ཏུ། (གཉིས་པ)

With Thupten Jinpa

བཅར་འདྲི་བྱེད་མཁན། ལིན་ཌ་ཧེའུ་མཎ། (Linda Heuman)
བཅར་འདྲི་བྱེད་ས། དགེ་བཤེས་ཐུབ་བསྟན་སྦྱིན་པ།
ཡིག་བསྒྱུར་བ། འབྲོང་བུ་ཟླ་བ་ཚེ་རིང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དྲི་བ།
སྲོལ་རྒྱུན་ནང་པ་དང་ནུབ་ཕྱོགས་ནང་པ་གཉིས་ཀྱི་ཚན་རིག་ལ་འབྲེལ་འདྲིས་བྱེད་སྟངས་མི་འདྲ་ས་གང་ཡོད་དམ།

དྲི་ལན།

ཁྱེད་ཀྱིས་ཚན་རིག་གི་ཤེས་བྱ་རང་ཉིད་ཀྱི་མི་ཚེ་ནང་ཇི་ལྟར་སྤྱོད་མིན་ནི་ཚན་རིག་ཁྱབ་རྒྱ་དང་ཁྱེད་ཀྱིས་ཚན་རིག་ལ་བཟུང་བའི་ལྟ་སྟངས་ལ་རེག་ལས་པ་རེད། གལ་ཏེ་ཁྱེད་ཀྱིས་ཤེས་སུ་རུང་བའི་བྱ་དངོས་ཐམས་ཅད་དང་བདེན་པར་གྲུབ་པའི་བྱ་དངོས་ཐམས་ཅད་ཚན་རིག་གྱི་ཁྱབ་ཁོངས་ཡིན་པར་འདོད་ན། ཁྱེད་ལ་རྒྱུ་མཚན་ལ་བརྟེན་པའི་བསམ་བློ་འཁྱེར་ཕྱོགས་ཡག་པོ་ཞིག་ཡོད་ཀྱི་རེད། འོན་ཀྱང་། གལ་ཏེ་ཁྱེད་ཀྱིས་ཚན་རིག་གི་ཁྱབ་རྒྱ་མཐའ་མཚམས་ཡོད་པ་ཞིག་རེད་འདོད་ན། ཁྱེད་ཀྱིས་བདེན་པར་འདོད་པའི་བྱ་དངོས་ཡོད་ཚད་སྡེ་ཚན་དེའི་ཁོངས་སུ་གཏོགས་ཀྱི་མ་རེད།

དེ་ན་ཚན་རིག་ནི་རང་ཉིད་ཀྱི་ཉམས་མྱོང་རྟོགས་པར་བྱེད་པའི་མ་ལག་ཆ་ཚང་ཞིག་མིན་པར་མ་ལག་དེའི་ཆ་ཤས་ཞིག་རེད་འདུག་ག དེ་རང་རེད། སྲོལ་རྒྱུན་ནང་པ་ཞིག་ལ་མཚོན་ན་སྤྱི་ཚོགས་བྱིངས་ཀྱིས་ཚན་རིག་ནི་བདེན་པ་རྟོགས་བྱེད་ཀྱི་ལམ་ཁ་ཁོ་ན་དེ་ཡིན་པར་རློམས་ཏེ། གལ་ཏེ་ཚན་རིག་གིས་མི་སྨྲ་ཚེ་དེ་ནི་བདེན་པ་མ་རེད་འདོད་པའི་ཁ་གཅིག་གྲགས་ཀྱི་འདོད་ཚུལ་འདི་ལྟ་བུ་ལས་ཚན་རིག་གི་ཁྱབ་རྒྱ་ལ་ཚད་བཀག་ཡོད་པའི་གོ་རྟོགས་འདི་ཡོད་ན་ཡག་གི་རེད། འདི་ནི་ཁྱབ་ཆེ་བའི་འདོད་ཚུལ་ཞིག་རེད། སྲོལ་རྒྱུན་ནང་པ་ཚོ་ཡང་འདིའི་རྗེས་སུ་འགྲོ་བའི་ཉེན་ཁ་ཡོད་པ་རེད། གལ་ཏེ་དེ་ལྟར་གྱུར་པ་ཡིན་ན། སྲོལ་རྒྱུན་གྱི་ཆ་མང་པོ་དཀའ་ངལ་ཅན་དུ་འགྱུར་གྱི་རེད།

ངས་གཞོན་སྐྱེས་སྲོལ་རྒྱུན་ནང་པ་དག་ལ་སེམས་ཁྲལ་བྱེད་ཀི་ཡོད། ཁོང་ཚོ་རང་ཉིད་ཀྱི་སྲོལ་རྒྱུན་ལ་དགའ་སྣང་སླེབས་ཀྱང་རང་ཉིད་ཀྱི་སྐད་ཡིག་གི་ཆུ་ཚད་མཐོན་པོ་སླེབས་མེད་པའི་སྟབས་ཀྱིས་ཁོང་ཚོས་དེང་རབས་ནུབ་ཕྱོགས་ཀྱི་ནང་པས་བྲིས་པའི་དེབ་ཀློག་གི་རེད། ངས་ཐེངས་མང་ཁོང་ཚོར་སྐད་གྲགས་ཆེ་བའི་དེབ་དེ་དག་ཏུ་བསྟན་པའི་ནང་ཆོས་ཀྱི་སྣང་བརྙན་དེ་སྲོལ་རྒྱུན་ནང་པས་ནང་ཆོས་ལ་བཟུང་བའི་ལྟ་ཚུལ་དང་གོ་འཛོལ་བྱུང་མི་ཉན་པར་གཟབ་གཟབ་བྱེད་དགོས་པའི་སྐུལ་མ་གཏོང་གི་ཡོད། དཔེར་ན། དེང་རབས་ནུབ་ཕྱོགས་ཀྱི་ནང་པ་མང་པོའི་ཉམས་ལེན་གྱི་ཁྲོད་ན་དད་པ་ལ་གོ་གནས་ཆུང་ཆུང་ལས་ཡོད་པ་མ་རེད། འདི་ལས་ཅི་འབྱུང་གི་རེད་ལབ་ན། གཞོན་སྐྱེས་ཚོས་དེབ་སྐད་གྲགས་ཅན་དེ་ཚོ་ཀློག་བཞིན་ཕྱིར་རང་སྐད་ཀྱི་ལམ་ནས་གོ་བ་བསྐྱར་དུ་ལེན་འགོ་འཛུགས་ཀྱི་རེད། དེ་ནས། རང་ཉིད་རང་ཉིད་ཀྱི་སྲོལ་རྒྱུན་ནང་པའི་བྱ་བ་རྩོམ་སྟངས་ལས་ལོགས་སུ་བཀར་འགྲོ་བའི་ཚོར་བ་སྟེར་བའི་ཕྱིར་ལྡོག་པའི་ནུས་པ་ཅིག་ཡོད་པ་རེད།

དྲི་བ།
༧གོང་ས་མཆོག་གིས་སྲོལ་རྒྱུན་བོད་ཀྱི་ནང་པའི་དགོན་སྡེ་ཁག་གི་ཤེས་ཡོན་གྱི་ནང་དུ་ཚན་རིག་ངོ་སྤྲོད་གནང་དགོས་པར་ལོ་མང་རིང་རྒྱབ་སྐྱོར་གནང་ཡོད་པ་རེད། ཅིའི་ཕྱིར།

དྲི་ལན།

༧གོང་ས་མཆོག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ལྟ་གྲུབ་དེང་རབས་རིག་གནས་དང་མཉམ་གནས་བྱེད་དགོས་པར་དགོངས་ཀྱི་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་སུ་བོད་ཕྲུག་མང་ཤོས་ཤིག་དབྱིན་ཇིའི་ལམ་ལུགས་རྗེས་སུ་བཟུང་བའི་རྒྱ་གར་གྱི་སློབ་གྲྭའི་ལམ་ལུགས་གཞིར་བཟུང་བའི་ཆོས་དང་མ་འབྲེལ་བའི་སློབ་གྲྭའི་ལམ་ལུགས་འགྲིམས་ཡོད་པ་རེད། དེ་བས། ཁོ་ཚོར་ཚན་རིག་གི་སློབ་སྦྱོང་ཐོབ་ཡོད། འོན་ཀྱང་། སྲོལ་རྒྱུན་དགོན་སྡེ་ཁག་གི་སློབ་སྦྱོང་ཁྲོད་ན་སྤྱིར་བཏང་ཚན་རིག་གི་སློབ་སྦྱོང་ཡོད་པ་མ་རེད། ༧གོང་ས་མཆོག་གིས་བོད་རིགས་སྤྱི་ལ་ཚན་རིག་གི་སློབ་སྦྱོང་རེག་པ་ཡིན་ན་ཁོང་ཚོས་འགན་བླངས་ཏེ་ཚན་རིག་དང་དུ་ལེན་གྱི་རེད། དཔེར་ན། ཁོང་ཚོས་ཚན་རིག་གི་རྒྱུ་ཆ་ཁག་བོད་ཡིག་ཏུ་འབྲི་བ་དང་ཚན་རིག་གི་བསམ་བློ་ཁག་ངོ་སྤྲོད་བྱེད་ཐུབ་པའི་བོད་ཡིག་ཡར་རྒྱས་སུ་གཏོང་བའི་ཐུགས་རེ་གནང་ཡོད་པ་རེད། དེ་བྱུང་ཡོད་པ་མ་རེད། རྒྱུ་མཚན་ནི་སྐྱ་བོའི་སློབ་གྲྭའི་ལམ་ལུགས་ནི་ཆོས་ལུགས་དང་མ་འབྲེལ་ཞིང་ཚན་རིག་ནི་དབྱིན་ཡིག་གི་ལམ་ནས་ཁྲིད་པ་རེད། བྱས་ཙང་། བོད་རིགས་སློབ་ཕྲུག་ཚོར་ཚན་རིག་གི་སློབ་སྦྱོང་སྤྲད་དེ་སློབ་གྲྭ་མཐར་ཕྱིན་པ་དང་། ཐ་ན་གཙུག་ལག་སློབ་གྲྭ་མཐར་ཕྱིན་པ་ཡིན་ན་ཡང་། ཁོང་ཚོ་སྲོལ་རྒྱུན་བོད་ཀྱི་བསམ་བློའི་འཁྱེར་ཕྱོགས་དང་མཐུན་པའི་སྒོ་ནས་ཚན་རིག་བོད་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་མཁན་དག་མ་རུ་འགྱུར་ཐུབ་གི་མ་རེད། རྒྱུ་མཚན་འདི་ལ་བརྟེན་ནས་༧གོང་ས་མཆོག་གིས་སྲོལ་རྒྱུན་བོད་ཀྱི་རིག་གཞུང་དེང་རབས་རིག་གནས་དང་མཉམ་གནས་བྱེད་པར་ཚན་རིག་དགོན་པའི་ཤེས་ཡོན་གྱི་ཁོངས་སུ་འཇུག་དགོས་པར་དགོངས་པ་རེད།

དྲི་བ།
རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་བོད་པ་དེ་རྣམས་དབྱིན་ཡིག་གི་ལམ་ནས་ཚན་རིག་ལ་མཁས་པར་གྱུར་ན་མ་འགྲིག་པ་རེད་དམ།

དྲི་ལན།
ཚན་རིག་ལ་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་དེ་ཚོར་ནང་ཆོས་ཀྱི་ཤེས་བྱ་ཉུང་ངུ་ཙམ་ལས་ཡོད་པ་མ་རེད། ཁོང་ཚོས་ནང་ཆོས་ཀྱི་འཇིག་རྟེན་ལྟ་ཚུལ་གཞི་ལ་བཞག་པའི་ཐོག་ནས་ཚན་རིག་དང་གླེང་མོལ་བྱེད་ཐུབ་ཀི་མ་རེད། ཚན་རིག་དང་ལྷན་དུ་གལ་ཆེ་བའི་བགྲོ་གླེང་རིམ་པ་གསར་པ་ཞིག་འབྱུང་དགོས་ཀྱི་འདུག ནང་པའི་དགེ་འདུན་པ་དག་ལ་ཚན་རིག་བསླབ་པ་ཡིན་ན་གཞི་ནས་བགྲོ་གླེང་འདི་འབྱུང་ཐུབ་ཀྱི་རེད།

དེས་ན་ཁྱེད་ཀྱིས་བོད་ཀྱི་ནང་ཆོས་དེ་ཚན་རིག་དང་ལྷན་དུ་བགྲོ་གླེང་གལ་ཆེན་ཞིག་ཏུ་འཛུལ་དགོས་པ་ལས་བོད་པ་ཚན་རིག་དང་ལྷན་དུ་བགྲོ་གླེང་དུ་ཞུགས་དགོས་པ་ཁོ་ན་མིན་པར་གསུང་གི་འདུག་ག

བོད་མི་མ་རེད། ནང་ཆོས་ཀྱི་འཇིག་རྟེན་ལྟ་ཚུལ་རེད། ནང་ཆོས་ཀྱི་ལྟ་ཚུལ་ནི་བོད་པའི་འཇིག་རྟེན་ལྟ་ཚུལ་གྱི་ནང་དོན་རང་རེད། བྱས་ཙང་། བོད་པའི་ཆེས་མཐོ་བའི་ལེགས་བྱང་ངམ་ནང་བསམ་བློའི་སྲོལ་རྒྱུན་གྱི་རྩ་བ་ནི་དོན་དངོས་སུ་ནང་པའི་ལྟ་བ་འཛིན་སྟངས་རེད། དེར་བརྟེན། ང་ཚོས་ནང་པའི་བསམ་བློ་འདི་དག་ཚན་རིག་དང་ལྷན་དུ་ཚད་མཐོ་བའི་སྒོ་ནས་བགྲོ་གླེང་བོད་སྐད་ཀྱི་ལམ་ནས་བྱེད་པའི་ལམ་ཁ་ཞིག་མ་རྙེད་པའི་བར་དུ་དེང་རབས་ལ་འཕྲད་པའི་རིམ་པ་འདི་ལེགས་པོ་ཞིག་ཡོང་གི་མ་རེད།

༧གོང་ས་མཆོག་གིས་དགེ་འདུན་པར་ཚན་རིག་ཁྲིད་དགོས་པར་སྐུལ་པའི་རྒྱུ་མཚན་གཅིག་ནི། གལ་ཏེ་ཁྱེད་ཀྱི་ནང་ཆོས་ཀྱི་ལྟ་བ་འཕེལ་རྒྱས་བྱུང་ཚུལ་གྱི་ལོ་རྒྱུས་ལ་བལྟས་པ་ཡིན་ན་ནང་ཆོས་ནི་སྐབས་དེའི་གྲགས་ཆེ་བའི་ལྟ་ཚུལ་དང་བགྲོ་གླེང་གནང་ཡོད་པ་རེད། དཔེར་ན། ནང་ཆོས་ཀྱི་ཚད་མ་རིག་པ་ནི་རྒྱ་གར་གྱི་ནང་པ་མིན་པའི་རིག་གཞུང་གཞན་དང་ལྷན་དུ་གཏིང་ཟབ་ཅིང་རྒྱུན་རིང་བའི་བགྲོ་གླེང་ཤུགས་ཆེར་གནང་བ་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་རེད། གཞན་ཡང་༧གོང་ས་མཆོག་གིས་མངོན་པ་མཛོད་དུ་ཚན་རིག་གི་ལྟ་གྲུབ་ཡིན་པའི་ཕྱིའི་འཇིག་རྟེན་གྱི་སྐོར་ལ་བགྲོ་གླེང་གང་མང་གནང་ཡོད་པར་གསུང་ཡོད། བྱས་ཙང་། ནང་པ་རྣམས་ཀྱིས་ནང་སེམས་ཡར་རྒྱས་གཏོང་རྒྱུ་ཁོ་ན་ཙམ་མིན་པར་ཕྱིའི་འཇིག་རྟེན་ངོས་འཛིན་བྱེད་པར་ཡར་དོ་སྣང་གནང་ཡོད་པ་རེད། དོན་དངོས་སུ། ནང་པའི་འདོད་སྟངས་ལྟར་ན་མི་སྒེར་གྱི་ཡར་རྒྱས་ལ་ཐོག་མར་བདེན་པའི་རང་བཞིན་ཡང་དག་ཅིག་རྟོགས་དགོས་པར་འདོད། མཐར་གཏུགས་ན་ཐབས་དང་ཤེས་རབ་གཉིས་གྲོལ་དགོས་པ་རེད། བྱས་ཙང་། ༧གོང་ས་མཆོག་གིས་ནང་པའི་དགོན་སྡེ་ཁག་ལ་སྲོལ་རྒྱུན་གྱི་ནང་པས་སྔོན་ཆད་གནང་མྱོང་བ་ལྟར་གནང་དགོས་པའི་སྐུལ་མ་གནང་གི་ཡོད་པ་རེད། ད་ལྟ་ཚན་རིག་དང་ཚད་མཐོ་བའི་བགྲོ་གླེང་མ་གནང་བ་ཡིན་ན་རང་གི་འཇིག་རྟེན་གྱི་ལྟ་ཚུལ་དུས་རབས་ཀྱི་རྗེས་མི་ཆོད་པ་དང་། ལྷག་པར་ཕྱིའི་དངོས་པོའི་ལྟ་གྲུབ་ཐད་ནས་རྗེས་མི་ཆོད།

མུ་འགོད།

(འགྱུར་འདིའི་དཔར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*