ཉི་གདུགས་གཅིག་གི་འོག་ཏུ། (མཐའ་མ)

Dalai Lam and Thubten Jinpa

བཅར་འདྲི་བྱེད་མཁན། ལིན་ཌ་ཧེའུ་མཎ། (Linda Heuman)
བཅར་འདྲི་བྱེད་ས། དགེ་བཤེས་ཐུབ་བསྟན་སྦྱིན་པ།
ཡིག་བསྒྱུར་བ། འབྲོང་བུ་ཟླ་བ་ཚེ་རིང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དྲི་བ།
༧གོང་ས་མཆོག་ཉེ་ཆར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་གནང་སྐབས་ཨེ་མོ་རི་དང་བོད་ཀྱི་ཚན་རིག་གི་ལས་འཆར་ལ་སྐད་གྲགས་ཆེ་བའི་གསར་འགྱུར་རྒྱུད་ལམ་ཁག་གིས་དོ་སྣང་ཤུགས་ཆེན་སྤྲད་འདུག ལས་འཆར་འདི་ཅི་ཞིག་རེད་དམ། འདི་ཅིའི་ཕྱིར་གལ་ཆེན་པོ་རེད་དམ།

དྲི་ལན།
ཨེ་མོ་རི་དང་བོད་ཀྱི་ཚན་རིག་གི་ལས་འཆར་ནི་ཚན་རིག་དགོན་སྡེའི་ཤེས་ཡོན་གྱི་མ་ལག་ཏུ་འཇུག་པར་དམིགས་པ་ཞིག་རེད། འདིའི་སྔོན་ལ་༼ཚན་རིག་ནང་ཆོས་དང་འཕྲད་པ།༽དང་༼དགེ་འདུན་པར་ཚན་རིག༽ཅེས་པའི་ལས་འཆར་གཞན་ཡང་ཡོད་པ་རེད། འོན་ཀྱང་། ཨེ་མོ་རིའི་ལས་འཆར་འདིས་དགེ་འདུན་པའི་ཆེད་དུ་གཏན་འབེབ་སློབ་ཚན་སྒྲིག་བཞིན་པས་དམིགས་བསལ་བ་ཞིག་རེད། ང་ཚོས་དགེ་འདུན་པར་མཐོ་སློབ་བམ་སློབ་འབྲིང་གི་འཛིན་གྲྭ་ཞིག་ལ་ཚིན་རིག་ཁྲིད་པ་བཞིན་ཁྲིད་ན་འགྲིག་གི་ཡོད་པ་མ་རེད། སྐབས་དོན་རྦད་དེ་ཁག་ཁག་རེད།

དྲི་བ།
གནས་སྐབས་འདི་འདྲ་ཞིག་ལ་དམིགས་བསལ་གྱི་དཀའ་ངལ་གང་དག་ཡོད་དམ།

དྲི་ལན།
ཁྱེད་ཀྱིས་གསར་རྙེད་ཁག་སྟབས་བདེ་བོའི་སྒོ་ནས་དངོས་བདེན་ཡིན་པར་བཤད་ན་འགྲིག་གི་མ་རེད། དེའི་ལྟ་གྲུབ་ཀྱི་བསྟན་དོན་དག་ཀྱང་བཤད་དགོས་པ་རེད། ༼རླབས་ཆེན་གྱི་བསམ་བློ༽ལྟ་བུའི་ཐབས་ལམ་བརྟེན་རྒྱུ་གལ་ཆེན་རེད། དགོན་སྡེ་ཁག་ཚན་རིག་བརྟག་དཔྱད་བསྟི་གནས་སུ་བསྒྱུར་ནས་ཚན་རིག་པ་བསྐྱེད་བསྲིངས་བྱེད་པའི་དམིགས་ཡུལ་ཡོད་པ་མ་རེད། ཁོང་ཚོ་ལ་དགོས་པ་ནི་ཚན་རིག་གི་གལ་ཆེ་བའི་གསར་རྙེད་དང་ལྟ་གྲུབ་རྣམས་གསལ་པོར་སྟོན་ཐུབ་པའི་ལས་རིམ་ཚད་ལྡན་ཞིག་དང་། དེ་དག་གི་ལྟ་གྲུབ་ཀྱི་བསྟན་དོན་དག་ངོས་འཛིན་བྱེད་པ། ཁོང་ཚོའི་གོ་བ་ལེན་སྟངས་ལ་ཤུགས་རྐྱེན་ཐེབས་པའི་ཐོག་མའི་ཆ་རྐྱེན་ཁག་ལ་དྲི་བ་འདོན་ཐུབ་པར་འགྱུར་བ་བཅས་རེད། བྱས་ཙང་། དགེ་འདུན་པས་ཚན་རིག་ཁོ་ན་སྦྱངས་བཞིན་པ་མ་རེད། ཁོང་ཚོས་ཚན་རིག་ནི་བསམ་བློའི་མ་ལག་ཅིག་གམ་ལྟ་གྲུབ་གྱི་འཛིན་སྟངས་ཞིག་ལྟར་སྦྱངས་བཞིན་པ་རེད། འོན་ཀྱང་། ལྟ་གྲུབ་དང་མི་མཚུངས་པར་ཚན་རིག་གི་ཁྱད་ཆོས་ཅིག་ནི་ཁྱེད་ཀྱི་བདེན་དངོས་སྦྱངས་བའི་རིམ་པ་འགའ་རེ་དོར་མི་ཐུབ་པ་དེ་རེད། ཁྱེད་ལ་རྨང་གཞི་མཁོ་བ་རེད།

དྲི་བ།
དགོན་སྡེ་ཁག་ཏུ་ཚན་རིག་གི་ངོ་སྤྲོད་བྱེད་དགོས་པའི་༧གོང་ས་མཆོག་གི་དགོངས་གཞི་འདི་ལ་དགག་བྱ་འདུག་གམ།

དྲི་ལན།
ཐོག་མར་བློ་མོས་མེད་པའི་རྣམ་པ་མངོན་པ་རེད། དགོན་སྡེ་ཁག་ནི་ལོ་ངོ་བརྒྱ་ཕྲག་འགའི་ལོ་རྒྱུས་དང་གྲུབ་འབྲས། སྙན་གྲགས་བཅས་ཡོད་པའི་སློབ་གཉེར་གྱི་བསྟི་གནས་ཞིག་ཡིན་པའི་ཆ་ནས་གནས་སྟངས་འདི་ལ་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། རྒྱུན་རིང་ལ་གནས་ཐུབ་པའི་ཚོགས་པ་མང་པོ་ཞིག་གི་ལྟ་བའི་གཙོ་བོ་ནི་སྔར་སྲོལ་ལ་དགའ་ཞེན་བྱེད་པ་འདི་རེད། དཔེར་ན། ཀེ་ཐོ་ལིག་ཡི་ཤེ་ཆོས་རྒྱུད་དང་རྒྱལ་པོའི་རིང་ལུགས་ལྟ་བུ་ལ་མཚོན་ན། ཁོང་ཚོའི་རྙིང་ཞེན་རིང་ལུགས་ཀྱིས་ཚོགས་པ་དེ་དག་རྒྱུན་རིང་ལ་གནས་ཐུབ་པར་གྱུར་བ་རེད།

གྲྭ་བ་རྒན་རབས་པ་མང་པོས་ཐོག་མར་༼ང་ཚོར་ཚན་རིག་མེད་པར་ལོ་མང་པོ་ཕྱིན་པ་རེད། ང་ཚོར་ད་ལྟ་ཚན་རིག་ཅིའི་ཕྱིར་མཁོ་བ་རེད་དམ། གལ་ཏེ་ང་ཚོའི་སྒྲོམ་གཞི་འདི་ཏག་ཏག་ཅིག་བསྡད་ཡོད་ན་འགྱུར་བ་ཅིའི་ཕྱིར་གཏོང་དགོས་པ་རེད་དམ།༽ཞེས་པའི་ཡ་ལན་གནང་བ་རེད། འདི་ནི་འགྲོ་བ་མིའི་བྱེད་སྟངས་ཤིག་རེད། དགོངས་འཆར་འདི་ནི་༧གོང་ས་མཆོག་གིས་གནང་གི་ཡོད་ན་ཡང་དགོན་སྡེ་ཁག་ནི་རང་དབང་ཅན་གྱི་ཚོགས་སྡེ་རེད། དགོན་སྡེ་ཁག་སོ་སོའི་མཁན་པོ་ནི་ཆེས་མཐོའི་དབང་འཛིན་པ་རེད། མཁན་པོ་མང་ཆེ་ཤོས་ནི་སྔོན་ཆད་རྒྱུགས་འབྲས་ལེགས་པའི་གྲྭ་བ་དཀྱུས་མ་རེད་ལ། ཁོང་ཚོ་རང་རང་གི་དགོན་པར་སེམས་པ་དཀར་ཞིང་དུངས་སེམས་ལྡན། སུ་ཞིག་ཀྱང་རང་ཉིད་ཀྱི་དགོན་སྡེ་ཉམས་རྒྱུད་དུ་འགྲོ་བར་རྐྱེན་བྱེད་སྲིད་པའི་ལས་གཞི་འདིའི་ཉེན་ཁ་བརྒྱུད་མ་འདོད།

འགའ་ཞིག་གིས་གསུང་བའི་སེམས་ཁྲལ་གནང་སའི་གཞི་གཅིག་ནི་འདི་རེད། ༼ཕ་ཡུལ་བོད་དུ། རིག་གཞུང་དང་ལོ་རྒྱུས་ཀྱི་ཚོགས་སྡེ་མང་པོ་ཞིག་གཏོར་བཤིག་ཏུ་བཏང་ཚར་བ་རེད། འདིར་རྒྱ་གར་དུ་ང་ཚོར་ཡོད་པ་ནི་རེ་བའི་འབྱུང་ཁུངས་ཁོ་ན་རེད། སྲོལ་རྒྱུན་གྱི་སློབ་གཉེར་བྱེད་ཐབས་འདིར་དུས་ཚོད་དང་ནུས་པ་མང་པོ་ཞིག་སྤྱོད་དགོས་པས། ང་ཚོས་ཅིའི་ཕྱིར་དུས་ཚོད་སྤྱོད་དགོས་ཤིང་སློབ་གཉེར་བའི་དམིགས་པ་ལ་ཡང་གནོད་པའི་བསླབ་གཞི་གསར་པ་ཞིག་གསར་སྣོན་བྱེད་དགོས་སམ། ༽ འདི་ནི་ལུགས་མཐུན་གྱི་སེམས་ཁྲལ་ཞིག་རེད། མོས་མཐུན་མི་གནང་བའི་རྒྱུ་མཚན་གཞན་ཞིག་ནི་དེང་རབས་ཀྱི་རྣམ་པར་ཞེད་སྣང་སྐྱེས་བས་རེད། རྒྱུ་མཚན་ནི་ཁོང་ཚོས་གྲྭ་བ་གཞོན་གཞོན་དང་ལྷག་པར་དུ་དགུང་ལོ་གཞོན་པའི་སྤྲུལ་སྐུ་འཛད་སྤྱོད་མཁན་གྱི་རིག་གཞུང་ལ་འབྲེལ་བ་བྱུང་རྗེས་དགོན་པ་ནས་ཐོན་འགྲོ་བ་གཟིགས་ཀྱིན་པ་རེད། དཔེར་ན་རྒྱ་གར་གྱི་ཧིན་རྡུའི་གློག་བརྙན་ཁག་ནི་མགོ་སྐོར་གཏོང་མཁན་རེད། སྒྲིག་ཁྲིམས་ལག་བསྟར་གནང་མཁན་ཚོས་གྲྭ་བ་གློག་བརྙན་ལ་བལྟ་རུ་འགྲོ་བ་འགོག་བཞིན་པ་རེད། ཚན་རིག་ནི་བསླུ་བྲིད་ཀྱི་རང་བཞིན་ལྡན་པའི་དེང་རབས་འཛམ་གླིང་གི་ཆ་ཤས་ཤིག་རེད། དེ་བས་ཅིའི་ཕྱིར་ནང་འདྲེན་བྱེད་དགོས་སམ།

དྲི་བ།
ཁས་ལེན་མེད་པའི་གནས་སྟངས་འདི་ནས་ཇི་ལྟར་ཐར་པ་རེད་དམ།

དྲི་ལན།
ཡུན་གྱིས་སེམས་དང་སྲོག་གི་བགྲོ་གླེང་ཁག་ལ་བརྟེན་ནས་ཚན་རིག་གི་བསམ་བློ་གཏོང་སྟངས་དང་ནང་པའི་བསམ་བློའི་བར་ན་ཤེས་རབ་དང་ལྟ་གྲུབ་ཀྱི་ཐད་ནས་ལྷད་མེད་ཀྱི་མཉམ་སྦྲེལ་བྱེད་ས་ཡོད་པར་མངོན་པ་རེད། ༼ཚན་རིག་ནང་ཆོས་དང་འཕྲད་པ།༽དང་༼དགེ་འདུན་པར་ཚན་རིག༽ཅེས་པའི་ལས་གཞི་འདི་གཉིས་ཀྱིས་དགེ་འདུན་པ་ཁག་ཅིག་ལ་ཟུར་སྦྱོང་ལས་གཞིའི་ངོ་བོའི་ཐོག་ནས་ཚན་རིག་སློབ་ཁྲིད་གནང་བ་དང་གྲུབ་འབྲས་ཀྱང་ཡག་པོ་ལོན་ཡོད་པ་རེད། ད་ལྟ་དགོན་པའི་འཛིན་སྐྱོང་བའི་ཁྲོད་དུ་མི་རབས་བརྗེ་འགྲོ་བཞིན་འདུག མཁན་པོ་རྣམས་ཀྱིས་ཚན་རིག་ཤེས་ཡོན་མཁོ་བའི་བསམ་བློ་འདི་དང་ལེན་བྱེད་བཞིན་པ་དང་ཁོང་ཚོས་དུས་ཡུལ་དང་བསྟུན་དགོས་བ་འདིར་དགའ་མོས་ཀྱང་བྱེད་ཀྱིན་འདུག ་

ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་དང་པོའི་ནང་༧གོང་ས་མཆོག་གི་རེ་སྐུལ་ལྟར་རྒྱ་གར་ནས་སེམས་དང་སྲོག་གི་བགྲོ་གླེང་ཞིག་ཚོགས་ཤིང་དགེ་འདུན་པ་སྟོང་ཕྲག་མང་པོ་སླེབས་པ་རེད། དབུ་འབྱེད་གསུང་བཤད་དུ་༧གོང་ས་མཆོག་གིས་དགོན་སྡེའི་ཤེས་ཡོན་ཁྲོད་ཀྱི་ཚན་རིག་རིག་གནས་ཀྱི་གནས་བབ་ལ་ངོས་འཛིན་ཡང་དག་ཅིག་མཁོ་བར་གསུང་། དགོན་སྡེའི་དམིགས་ཡུལ་གཙོ་བོ་ནི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་བསྲིངས་རྒྱུ་དང་། ཚན་རིག་ངོ་སྤྲོད་བྱེད་པ་འདི་ནི་དེ་བརྗེ་བོ་རྒྱག་རྒྱུའི་ཆེད་མིན་པར་དེ་ཡར་རྒྱས་སུ་གཏོང་ཆེད་རེད། གྲྭ་བ་རྣམས་འདི་ལ་བརྟེན་ནས་རྣམ་གཡེང་དུ་འགྲོ་བའམ་དུས་ཚོད་དང་ནུས་པ་གཏོང་ཕྱོགས་ཀྱི་ཐད་ནས་ཀྱང་རང་གི་སྦྱངས་བྱའི་ཁྲོད་ནས་ཚན་རིག་སློབ་སྦྱོང་ལ་གལ་ཆེན་གཙིགས་ཆེན་དུ་བརྩི་མི་རུང་། དེ་བས། ༧གོང་ས་མཆོག་གིས་འདི་ནི་ཐབས་མཁས་པོའི་སྒོ་ནས་བསྒྲུབ་དགོས་པར་གཟིགས་ཀྱིན་པ་རེད།

ཁྱེད་ཀྱིས་ནང་ཆོས་དང་ཚན་རིག་གཉིས་མཐུན་པའི་སྐོར་ལ་དཔེ་ཡག་པོ་ཞིག་བཞག་སོང་། འོན་ཀྱང་ངས་ཁྱོད་ཀྱིས་ཧྤ་རན་སིའི་ལྟ་གྲུབ་སྨྲ་བ་བྷི་བྷོལ་(Michel Bitbol)གྱིས་༼ཚན་རིག་དང་ནང་ཆོས་གཉིས་སུ་གང་ཞིག་ཤེས་བྱ་དང་གང་ཞིག་མ་རིག་པར་བརྩི་དགོས་པའི་དབྱེ་བའི་རྩ་བ་གོ་ལྡོག་འདུག༽ཅེས་གསུང་པ་འདིར་ཅི་ཞིག་བསམ་བཞིན་ཡོད་ན་བསམ། ནང་པས་མ་རིག་པ་ནི་ཆོས་རྣམས་(སྐད་ཅིག་ལ་འགྱུར་འགྲོ་བ་ལས་ལྡོག་ཏེ)རྟག་ཅིང་བརྟན་པ། རང་བཞིན་གྱི་ངོ་བ་ཡོད་པ། གཞན་དང་གཟིགས་པ་པོ་ལ་མ་བརྟེན་པར་རང་དབང་དུ་གྲུབ་པར་འདོད་པ་དེ་མ་རེད་དམ། འོན་ཀྱང་། བྷི་བྷོལ་གྱིས་བསམ་བློ་འདི་དག་ནི་༼ཚན་རིག་གི་ཉིན་རེའི་བརྟག་དཔྱད་ཁྲོད་དུ་འདོན་གྱིན་པའི་སྔོན་སོང་གི་ཚོད་དཔག་ཏག་ཏག་རང་རེད།༽ཅེས་གསུངས་འདུག

ངས་ནང་པས་འཁྲུལ་བར་མཐོང་བའི་ཆོས་རྣམས་ཚན་རིག་པས་ཚོད་དཔག་གི་གཞི་ལ་བཞག་ནས་ལས་ཀ་བྱེད་ཀྱིན་པར་འདོད་པའི་བྷི་བྷོལ་གྱི་བསམ་ཚུལ་དེ་ལ་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་། ཚན་རིག་གི་ཁོངས་སུ་ཡང་དངོས་ཡོད་གནས་ཚུལ་ལ་བསྟུན་མཁས་ཀྱི་འདོད་བློ་ཡོད་པའི་ཚན་རིག་པ་ཡོད་པ་རེད། ཁོང་ཚོས་འདི་དག་ནི་རང་ཉིད་ཀྱིས་ཡར་རྒྱས་སུ་བཏང་བའི་རྟོག་བཟོ་ཡིན་པ་ཤེས་ཀྱིན་ཡོད། རྟོག་བཟོ་འདི་དག་གིས་སྔོན་དཔག་དང་བརྟག་དཔྱད་བྱེད་པར་ཕན་པ་དང་དེ་ལ་བརྟེན་ནས་སྔོན་ཆད་བྱས་མྱོང་མེད་པའི་ལས་ཀ་བྱེད་ཐུབ་པར་འགྱུར་གྱི་ཡོད། བྱས་ཙང་། རྟོག་བཟོ་ཡིས་༼དངོས་སུ་གང་ཡོད་པ་༽ཡོད་པ་དེ་མཚོན་མི་ཐུབ་པར་ཁོང་ཚོའི་ཤེས་རྟོག་ལ་ཞིབ་བརྡར་ཐོན་པར་ཕན་པའི་བཀོད་སྤྱོད་འཕེར་བའི་མ་དཔེ་རུ་འདོད་པའི་ཚན་རིག་པ་ཡང་ཡོད།

ཚན་རིག་པའི་འདོད་ཚུལ་ལྟར་ན་ཡང་ང་ཚོས་བདེན་པ་ཞེས་པ་འགྲེལ་ཚུལ་འདི་ཡང་རྙོག་འཛིང་ཅན་གྱི་དྲི་བ་ཞིག་རེད། ཚན་རིག་གི་ལྟ་གྲུབ་ཀྱི་ཁྲོད་དུ་ཚན་རིག་གི་བདེན་པའི་གནས་བབ་ལ་བགྲོ་གླེང་མང་པོ་ཡོང་གི་ཡོད། ཚན་རིག་པ་མང་ཤོས་ཤིག་གིས་༼བདེན་པ་ནི་ང་ཚོས་ལྟ་ཚུལ་ལ་འབྲེལ་མེད་ཀྱིས་བདེན་པ་ཡིན།༽པའི་ཡོངས་ཁྱབ་རིང་ལུགས་པའམ་ངེས་ཅན་རིང་ལུགས་པའི་ལྟ་ཚུལ་ཞིག་འཛིན། འོན་ཀྱང་། ཚན་རིག་གི་ལོ་རྒྱུས་ཀྱིས་མི་རབས་ཤིག་ལ་བདེན་པར་བརྩིས་པ་ཞིག་རྗེས་སུ་འགྱུར་བ་བཏང་བ་དངོས་སུ་བསྟན་ཡོད་པའི་སྟབས་ཀྱིས་ལྟ་ཚུལ་མི་འདྲ་བ་འཛིན་མཁན་ཡང་ཡོད། ཚན་རིག་པ་ཁོང་ཚོས་གང་ཞིག་བདེན་པ་ཡིན་པ་དེ་སྒྲོམ་གཞི་ལ་འབྲེལ་བ་མེད་པའམ་ལྟ་མཁན་ལ་འབྲེལ་པ་མེད་པར་བདེན་པ་ཡིན་པར་འདོད་པའི་འདོད་ཚུལ་དེར་རྒྱུ་མཚན་མེད་པར་བཤད་ཀྱི་རེད། སྒྲོམ་གཞི་བྱེ་བྲག་པ་ཅིག་གི་ནང་ནས་ཆོས་ཤིག་བདེན་པ་ཡིན་པར་སྨྲ་ཐུབ། རྒྱུ་མཚན་འདི་ལ་བརྟེན་ནས་ནང་ཆོས་སུ་བདེན་པ་ཡིན་མིན་ནི་སྐད་ཡིག་གི་རྒྱབ་ལྗོངས་དང་མཉམ་སྤྱོད་ཀྱི་མང་མོས་འདོད་ཚུལ་སོགས་ལ་དཔྱད་པའི་ཀུན་རྫོབ་བདེན་པའི་སྒྲོམ་གཞི་འདིའི་ནང་ནས་ཆ་འཇོག་བྱེད། དོན་དམ་བདེན་པའི་སྐབས་སུ་དུས་རྒྱུན་དུ་ལྡོག་ཕྱོགས་ནས་མཚོན་པར་བྱས་ཡོད་པའི་སྟོང་པ་ཉིད་ཡོད་པ་རེད། ཁྱེད་ཀྱིས་དེའི་ཡོན་ཏན་གཟུགས་ཅན་དང་ཁྱད་ཆོས་ཀྱི་སྐད་ཡིག་ལ་བརྟེན་ནས་བརྗོད་མི་ནུས།

དྲི་བ།
ཚན་རིག་དང་མི་མཐུན་པའམ་མི་འདྲ་བའི་ཆ་ནས་ནང་ཆོས་ཀྱི་འཇིག་རྟེན་ལྟ་ཚུལ་གྱིས་ནུབ་ཕྱོགས་ལ་རིན་ཐང་ལྡན་པའི་བྱ་དངོས་ཤིག་ལེགས་སྐྱེས་སུ་འབུལ་སྲིད་པ་རེད་དམ།

དྲི་ལན།
ངས་བྷི་བྷོལ་གྱིས་བཏོན་པའི་ནང་ཆོས་ཀྱི་མཐར་ཐུག་གི་འགྲན་ཟླའམ་ཡང་ན་ནང་ཆོས་ཀྱིས་མཐར་གཏུགས་ཤིང་རང་རྐྱ་འཕེལ་ལ་དུམ་བུར་བགོ་རུ་མེད་པའི་བདེན་པའི་གྲུབ་ཆ་གཟུགས་ཅན་དུ་འཛིན་པའི་སྐོར་ལ་དྲོགས་འདྲི་བཏོན་ཡོད་པ་འདིས་ཚན་རིག་གི་ལས་གཞི་ཆ་ཚང་བ་བརྟན་པོ་མེད་པར་བཟོ་ཐུབ་པར་བསམ་གྱིན་ཡོད། ཚན་རིག་གིས་མི་གཞན་གྱིས་སྔོན་ཆད་བསྒྲུབས་ཚར་བའི་གནས་ཚུལ་ཞིག་གི་སྟེང་དུ་རང་ཉིད་ཀྱིས་ཤེས་བྱ་སྣོན་ཆོག་པ་དང་། རང་ཉིད་ཀྱིས་མཐའ་མའི་གྲུབ་དོན་དེ་ཆ་ཚང་བར་ཤེས་དཀའ་ན་ཡང་རང་ཉིད་དུས་རྟག་ཏུ་མཐའ་མའི་གྲུབ་དོན་དེ་དག་ཐག་ཇེ་ཉེ་རུ་འགྲོ་བཞིན་པའི་ཚོད་དཔག་ཅིག་གི་སྟེང་ནས་ལས་ཀ་བྱེད་བཞིན་ཡོད། ནང་ཆོས་སྤྱི་དང་ལྷག་པར་དུ་དབུ་མའི་ལྟ་གྲུབ་ཀྱིས་བསམ་ཚུལ་འདིའི་ཁུངས་ཐུབ་རང་བཞིན་ལ་དོགས་འདྲི་བྱེད་ཀྱི་ཡོད། བྱས་ཙང་། གནད་དོན་འདིའི་ཐད་ནས་ནང་ཆོས་ཀྱིས་དངོས་སུ་ཚན་རིག་གི་ལས་གཞི་ཆ་ཚང་བར་ཁ་གཏད་གཅོག་སྲིད།

འོན་ཀྱང་། ཕྱོགས་གཞན་ཞིག་ནས་ཁྱེད་ཀྱིས་ཚན་རིག་ནི་དོན་དངོས་དང་མཐུན་པ་ཞིག་ལ་བལྟ་ཆོག་གི་རེད། ཁྱེད་ཀྱིས་འདི་ནི་ལག་ཆ་ཞིག་ཏུ་བལྟ་ཆོག་སྟེ། འགྲོ་བ་མི་ལ་འཛམ་གླིང་གི་སྐོར་ངོས་འཛིན་ཡག་པོ་ཐུབ་པ་དང་ང་ཚོ་དང་འཛམ་གླིང་བར་གྱི་འབྲེལ་བ་ངོས་འཛིན་ཡག་པོ་ཐུབ་པར་རོགས་རམ་བྱེད་པའི་ལག་ཆ་གཞན་ཞིག་ཏུ་བལྟ་ཆོག་གི་རེད། ཐབས་འདི་ལས་ཐོན་པའི་ཤེས་བྱ་ལ་བརྟེན་ནས་བྱ་དངོས་ཀྱིས་བྱ་བ་བྱེད་སྟངས་ཀྱང་རྟོགས་ཐུབ། དེ་ནས་ཁྱེད་ཀྱིས་ནང་པར་དཀའ་གནད་ཅན་དུ་མངོན་པའི་ཆོས་ཉིད་རིག་པའི་དམ་བཅའ་དེ་འདྲ་ལེན་དགོས་པ་མ་རེད། ནང་ཆོས་ཀྱིས་འདོན་ཐུབ་པའི་རྩོད་གཞི་གཞན་ཞིག་ནི་མིའི་རང་བཞིན་གྱི་སྐོར་ལ་ལྟ་ཚུལ་མི་འདྲ་བ་ཡོད་པ་དེ་རེད། དཔེར་ན། ཁྱེད་ཀྱིས་དམིགས་བཀར་གྱིས་ཐེག་ཆེན་དང་ཤར་ཨེ་ཤེ་ཡའི་ནང་ཆོས། བོད་རྒྱུད་ནང་བསྟན་གྱི་བཀའ་རྒྱུད་དང་རྙིང་མ་པར་བལྟས་པ་ཡིན་ན། སེམས་ཀྱི་རྩ་བའི་རང་བཞིན་ནི་གཙང་མ་ཙམ་མིན་པར་ཡག་པོ་ཡོད་ལ་སངས་རྒྱས་ཡོད་པའི་བདེན་འཛིན་ཞིག་ཡོད། ཁྱེད་ཀྱིས་ཤེས་ཀྱིན་མེད་པ་མ་གཏོགས་ཁྱེད་ཀྱི་ནང་དུ་དངོས་སུ་སངས་རྒྱས་ཤིག་ཡོད་པ་རེད། སྒོམ་ཉམས་ལེན་ལ་བརྟེན་ནས་དེ་སྒྲིབ་བྱེད་དག་མེད་པར་བཟོ་དགོས། འོན་ཀྱང་སངས་རྒྱས་ཤིག་ཐོག་མ་ཉིད་ནས་ཁྱེད་ཀྱི་ནང་དུ་ཡོད་ཡོད་པ་ཡིན་པས་གསར་དུ་གསོ་སྐྱོང་བྱེད་དགོས་པ་མ་རེད།

ནང་པའི་ཆོས་རྒྱུད་ཚང་མར་བདེན་འཛིན་དེ་འདྲ་མེད། དཔེར་ན། ནང་བསྟན་གྱི་དགེ་ལུགས་པར་བདེན་འཛིན་དེ་འདྲ་མེད། དགེ་ལུགས་པས་སེམས་ཀྱི་རྩ་བའི་རང་བཞིན་གཙང་བ་དེ་ངོས་ལེན་བྱེད། འོན་ཀྱང་གཙང་བའི་རང་བཞིན་དེ་དྲི་ཡིས་མ་གོས་པར་ངོས་འཛིན་པ་ལས་ཡག་པོ་དང་སྙིང་རྗེ་དང་ལྡན་པར་ངོས་མི་འཛིན། ཁོང་ཚོར་མཚོན་ན་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ས་བོན་གྱི་ངོ་བོར་གནས་ཡོད་པས་དེ་བསྐྱེད་བསྲིངས་བྱེད་དགོས། དེའི་སྟབས་ཀྱིས་ཧ་ཅང་སྟབས་བདེ་པོའི་ངང་ནས་རང་ཉིད་ཀྱི་ནང་དུ་སྦས་ཡོད་པའི་སངས་རྒྱས་དེ་སྦས་བྱེད་ཀྱི་ཆགས་རིམ་དག་མེད་པར་བཟོ་བ་དེ་མ་རེད། སེམས་ཀྱི་རྩ་བའི་རང་བཞིན་ནི་བཏང་སྙོམས་ཏེ་ཡག་སྡུག་གང་ཡང་མིན་པས་ཁྱེད་ཀྱིས་འབད་པས་ས་བོན་དེ་བསྐྱེད་བསྲིངས་བྱེད་དགོས། འོན་ཀྱང་། ཚན་རིག་གིས་སེམས་ལྡན་ངོས་འཛིན་སྟངས་འཕེལ་འགྱུར་རྣམ་གཞག་ལ་ཐུག་ཡོད་པས་འགྲོ་བ་མིའི་རང་བཞིན་རྩ་བའི་ཡག་པོར་ངོས་འཛིན་པའི་ལྟ་སྟངས་འདི་ཚན་རིག་ལ་དཀའ་གནད་ཅན་དུ་འགྱུར་སྲིད། འཕེལ་འགྱུར་རིག་པ་ནི་མིའི་བྱ་སྤྱོད་དང་སེམས་ཀྱི་ཉམས་མྱོང་ཡོད་ཚད་སྟོན་པའི་མཐར་ཐུག་གི་འགྲེལ་བཤད་ཀྱི་སྒྲོམ་གཞི་རེད། འཕེལ་འགྱུར་རིག་པ་ལྟར་ན་ཁྱེད་ཀྱི་ནང་དུ་འོད་ཟེར་འཕྲོ་བའི་སངས་རྒྱས་ཤིག་ཡོད་པའི་འདོད་ཚུལ་འདིར་དོན་སྙིང་ཡོད་པ་མ་རེད།

དྲི་བ།
རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོ་རྩ་བའི་ཆ་ནས་གཞན་ཕན་གྱི་ལྟ་བ་ཅན་རེད་ཟེར་བ་ཡིན་ནམ། འདི་འཕེལ་འགྱུར་རིག་པའི་གོ་རྟོགས་ཏེ་ང་ཚོ་རང་ཉིད་ཀྱི་ཆེད་དུ་འཚོ་བཞིན་པའི་ལྟ་ཚུལ་འདི་དང་འགལ་བ་རེད་དམ།

དྲི་ལན།
རེད་ལགས། ད་ལྟ་ཚན་རིག་གི་ཁྲོད་ན་རང་གཅེས་འཛིན་གྱི་མ་དཔེ་ནི་ཅུང་ཙམ་སྒྲོ་འདོགས་ཡིན་པར་ངོས་འཛིན་ཡོང་གི་ཡོད། གང་ལྟར་ཀྱང་། རང་ཉིད་ཀྱི་ནང་དུ་སངས་རྒྱས་ཡོད་པའི་ལྟ་ཚུལ་ལྟ་བུ་ཚན་རིག་གི་ཚོད་དཔག་དང་འགལ་ཟླར་ལངས་ཀྱི་རེད། མཐའ་མར། ངའི་བསམ་ཚུལ་ལ་འགོག་རྐྱེན་འཕྲད་སའི་གཞི་གཅིག་ནི་རྣམ་ཤེས་ཀྱི་རང་བཞིན་རེད། ལྟ་གྲུབ་སྨྲ་བ་འགས་ཚན་རིག་གིས་ནམ་ཡང་རྣམ་ཤེས་ཀྱི་སྐོར་ལ་འགྲེལ་བཤད་ཆ་ཚང་བ་ཞིག་རྒྱག་མི་ནུས་པས་དེ་ལ་༼དཀའ་ངལ་མཁྲེགས་པོ༽ཞེས་བརྗོད། ང་ཚོས་ཤེས་པའི་ཚན་རིག་ལ་འགྱུར་བ་མ་ཐེབས་བར་དུ། ངས་ཚན་རིག་གིས་ནམ་ཡང་རྣམ་ཤེས་ཅི་ཡིན་གྱི་སྐོར་ལ་འགྲེལ་བ་ཡང་དག་ཅིག་རྒྱག་ཐུབ་པར་མི་འདོད། ཚན་རིག་གི་དཔེ་མཚོན་ཆ་ཚང་བ་གང་ཟག་གསུམ་པའི་ལྟ་ཚུལ་གྱི་སྒང་ནས་ཡོང་གི་ཡོད། དེར་བརྟེན། དཔེ་མཚོན་དེའི་འོག་ནས་གང་ཟག་དང་པོར་བྱུང་བའི་རྣམ་ཤེས་ཀྱི་ཁྱད་ཆོས་རྣམས་ཇི་ལྟར་ངོས་འཛིན་ཐུབ་བམ། ཁྱེད་རང་ཇེ་ཉེ་ནས་ཇེ་ཉེར་བཅར་ཐུབ། འོན་ཀྱང་། ཁྱེད་རང་ཡུལ་ཅན་གྱི་མྱོང་བའི་ཁྱད་ཆོས་དཔྱིས་ཕྱིན་པའི་སྒོ་ནས་འགྲེལ་བཤད་བྱེད་ཐུབ་སའི་གནས་ཤིག་ལ་ཇི་ལྟར་སླེབས་ཐུབ་བམ། ཁྱེད་ཀྱིས་སྐད་ཡིག་རིགས་ཅི་ཞིག་སྤྱོད་རྒྱུ་ཡིན་ནམ། ཚན་རིག་གིས་གང་ཟག་དང་པོར་བྱུང་བའི་རྣམ་ཤེས་ཀྱི་ཁྱད་ཆོས་ཚན་རིག་གི་འགྲེལ་ཚུལ་ཞིག་རྒྱུད་ནས་བསྟན་ཡོད། འོན་ཀྱང་ཚན་རིག་གི་སྐད་ཡིག་ནི་གང་ཟག་གསུམ་པ་གཙོ་བོར་བྱས་པ་ཞིག་རེད། ཚན་རིག་གི་མ་དཔེ་ཚང་མ་དོན་དངོས་ཕྱི་ནས་ནང་དུ་བལྟ་བ་གཞི་ལ་བཞག་འདུག འདི་ནི་ཡུལ་གཙོ་བོར་བྱས་པའི་སྐད་ཡིག་ཅིག་རེད་ལ་ཡུལ་གཙོ་བོར་བྱས་པའི་འགྲེལ་བཤད་ཀྱང་རེད། ད་དུང་། རྣམ་ཤེས་ལ་རང་ཉིད་ཤེས་རྟོགས་ཐུབ་པའི་ནུས་པ་ཡོད་པ་རེད། འདི་གང་ཟག་གསུམ་པའི་འགྲེལ་ཚུལ་གྱིས་ནམ་ཡང་འགྲེལ་བཤད་རྒྱུག་མི་ཐུབ། འདི་ལྟར་བསམ་ན། ཚན་རིག་པས་གནད་དོན་འདི་སྐབས་སུ་རང་ཉིད་ཀྱི་དངོས་གཙོ་སྨྲ་བའི་ལངས་ཕྱོགས་ལ་དངོས་ཡོད་ཀྱི་བདེན་དཔང་མེད་པ་ཤེས་ཀྱིན་ཡོད། འོན་ཀྱང་དུས་མཚུངས་སུ་མང་ཆེ་བས་འདི་ནི་སྒྲིག་སྲོལ་གྱི་ཚོད་དཔག་ཅིག་ཡིན་པར་ངོས་འཛིན་བྱེད། ཁོང་ཚོས་ཡར་རྒྱས་སུ་གཏོང་བར་ཚོད་དཔག་འདི་བྱེད་དགོས། དབང་རྩ་ཚན་རིག་གི་ད་ལྟའི་ལས་ཀ་ཡོད་ཚད་རྣམ་ཤེས་ནི་མཐར་གཏུགས་ན་ཀླད་པ་ཡིན་པའི་ཚོད་དཔག་འདི་ལ་གཞི་བཞག་པ་ཞིག་རེད། དེར་བརྟེན། ངས་ལམ་ཁ་འདི་ནས་གྱེས་དགོས་སའི་གནས་ཤིག་ཡོད་པར་བསམ། ཕྱོགས་གཞན་ཞིག་ནས་བལྟས་ན། གལ་ཏེ་ཁྱེད་ལ་ངས་སྔོན་དུ་བཤད་པ་ལྟར་ཚན་རིག་གི་གོ་རྟོགས་ལ་ཚད་བཀག་གི་ཁྱབ་རྒྱ་ཞིག་ཡོད་པར་བསམ་ན། འདི་རུ་སྐྱོན་ཡོད་པ་མ་རེད། ཁྱེད་ཀྱིས་རྣམ་ཤེས་ནི་ཚན་རིག་གི་བརྟག་དཔྱད་ཀྱི་མངའ་ཁོངས་ལས་ལོགས་སུ་ཐོན་པའི་དངོས་པོའི་གྲས་ཤིག་རེད་བསམ་ན། དེར་འགལ་ཟླ་ཡོད་པ་མ་རེད།

མཇུག་རྫོགས།

(བཅར་འདྲི་འདིའི་འགྱུར་གྱི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*