ཡིད་སེམས་དབང་མེད་གཡོ་བའི་རིག་གནས།

གཉན།

(སེན་མོ་ལས་འཕྲོས་པ་ཞིག)

རྩོམ་པ་པོ་གཉན།

དེ་རིང་ཕྱི་དྲོར། ངས་ཡུན་རིང་ལ་བསྐྱུར་བཞག་ཡོད་པའི་རྐང་པ་དང་ལག་པའི་སེན་མོ་དག་རེ་རེ་བཞིན་དྲས། དེ་ནི་གཅིག་ཏུ་ན་བསམ་བཞིན་དུ་དྲས་པ་ཞིག་དང་། གཞན་དུ་ཅི་བྱ་གཏོལ་མེད་དུ་ལུས་པའི་བཙོན་པའི་འཚོ་བ་འདི་ལ་ལས་ཀ་མ་ཡོད་པར་དྲས་པ་ཞིག་ཀྱང་ཡིན་ཐལ། ངས་སེན་མོ་དྲས་པའང་མི་གཞན་ཚོ་དང་འདྲ་བར། ལྕགས་ཀྱི་སེན་འདྲ་སྟབས་བདེ་ཞིག་གིས་རྐང་ལག་གི་མཐེབ་ཆེན་ནས་བཟུང་། མཛུབ་མོ་རེ་རེའི་སེན་མོ་དག་ཤ་མཚམས་དང་ཁྲིགས་སེར་འཕྲོད་པར་བྱས་ནས། སེམས་ཆུང་ངང་རེ་རེ་བཞིན་དྲས་བའམ་དྲས་ཚར་བའི་ཡུན་ལ། དྲས་ནས་སླར་ཡང་སེན་མགོ་རྩུབ་རགས་དག་རེ་རེ་བཞིན་ཞིབ་ཏུ་བརྡོར་ནས་འཇམ་པོ་ཅན་ལ་འགྱུར་བའི་བར་དུ། བསམ་བློ་མང་པོ་གཏོང་ཁོམ་ཡོད་ལ། གང་ལྟར་ཡང་། ལས་ཀ་དེའི་མཇུག་ཡོངས་སུ་རྫོགས་རྗེས། གང་ས་གང་ལ་འཐོར་ཡོད་པའི་རྩུབ་རགས་ཀྱི་སེན་མོ་དེ་དག་ལ་ནི་སེན་སྙིགས་ཞེས་མིང་གདགས་དགོས་པ་ཨེ་ཡིན་ནམ་ངས་མི་ཤེས་སོ།

མདོར་ན། ང་བསྡད་ཡོད་པའི་ཁོར་ཡུག་ནི་མི་ནག་བཙོན་པ་མང་པོ་ཡོད་ས་ཞིག་ཡིན་པས། དགུ་དགུ་བཅུ་བཅུའི་ཀུན་སྤྱོད་ལྟ་བའི་ཚད་ཤིང་ཡོད་རེ་སྐན། ནག་པོ་མཉམ་འདུས་ཀྱི་གྲིབ་མ་དཔུང་ཚོགས་དཔུང་ཚོགས་སུ་ཡོད་པའི་ལྕགས་མཁར་འདིའི་ནང་དུ། སེམས་ཁྲལ་དང་དོ་ཁུར་ཡེ་ནས་མི་དགོས་པའི་སེན་སྙིགས་དག་ནི། ངའི་སེན་སྙིགས་དག་ནི། ཁ་མལ་འདི་ནས་བསྐྱུར་ན་ཆོག་ལ་ཁ་མལ་འདི་ནས་གཏོར་ནའང་ཆོག ཡང་མིན་ན་གད་སྙིགས་ཀྱི་ནང་དུ་འཕེན་ཡང་རུང་ངོ།

བསམ་བློ་བཏང་ན། ཁྱིམ་ནས་སེན་མོ་འདྲ་མཁན་ཞིག་ཡིན་ན་ནི་སེན་སྙིགས་རྣམས་གཙང་སྦྲ་ཁོ་ནའི་ཆེད་དུ་མེད་པར་བཟོ་ཐབས་ཤིག་དྲན་སྲིད་པ་དང་། སྒོ་ནས་སེན་མོ་འདྲ་མཁན་ཞིག་ཡིན་ན་ནི་ཕལ་ཆེར་སེམས་ཁུར་ཆེན་པོ་མི་གཟོ་བར་སྐྱུར་ཤས་ཆེ་ཡི་སྙམ་ལགས། དེ་ཙམ་ལ་སེམས་ཁུར་མི་གཟོ་བས་ཀྱང་བརྒྱ་ལ་གནོད་ནི་མ་གནོད་དོ་སྙམ་པའི་གོམས་གཤིས་དེའང་ལོ་ངོ་སྟོང་ཕྲག་རིང་དུ་དར་ནས་ཡོང་ཡོད་ངེས་རེད་པས། སེན་སྙིགས་འདི་དག་ལ་མི་དགོས་ས་ནས་འདང་ལྷག་མ་བརྒྱབས་པས་ཅི་ལ་ཕན་སྙམ། སྙམ་མཁན་ནི་ཁོ་པ་ཚོ་རེད། ཁོ་པ་ཚོའི་རིག་གནས་བག་ཆགས་ཀྱང་རེད།

དེ་རིང་ང་ནི་གཞན་ཞིག་ཡིན། ངའི་སེན་སྙིགས་འདི་དག་ཀྱང་སེན་སྙིགས་གཞན་ཞིག་ཡིན། འོ་ན། ངས་རང་གི་སེན་སྙིགས་ཡིད་དུ་མི་འོང་པ་འདི་དག་ག་རེ་བྱ་རྒྱུ་ཡིན་ནམ། ཨར་འདམ་གྱི་ཐོག་ཏུ་ངེས་མེད་ལ་འཐོར་ཡོད་པའི་སེན་སྙིགས་འདི་དག་ཅི་མི་སྙམ་པར་བསྐྱུར་ནས་འགྲོ་རྒྱུ་ཡིན་ནམ། ཅི་ཡིན་ནམ། སུས་ཀྱང་རིག་ནི་མི་རིག་པས་དེ་ནས་འཇོག་རྒྱུ་ཡིན་ནམ། མིན་མིན། ངས་དྲན་བྱུང་། ཚེ་འདས་ཨ་མ་དྲིན་མོ་ཆེས་ང་ལ་གནང་བའི་གོམས་གཤིས་དེ་དྲན་བྱུང་། རྩུབ་རགས་ཀྱི་སེན་སྙིགས་ཆག་འཕྲོ་དག་ཐང་ལ་གཏོར་གང་ནས་རུང་། འདི་དག་ཐང་ལ་གཏོར་ན་བྱ་བྱེའུ་ཚོས་རྒུམ་འགྲོ་བ་དང་། དེ་ནས་བྱ་བྱེའུ་དག་གི་མིད་པའི་ནང་ལ་ཐོགས་འགྲོ དེ་ནས་དེ་ཚོའི་ཚེ་སྲོག་ལ་གནོད་པ་སྐྱེལ་འགྲོ་སྐད། རྐང་ལག་གི་མཛུབ་མོ་རེ་རེའི་སེན་སྙིགས་དག་རེ་རེ་བཞིན་བཙལ་ནས་གྲངས་ཀ་དང་བཅས་མ་ལུས་པར་ས་འོག་ཏུ་བསྡུ་དགོས། ས་འོག་ཏུ་བསྡུས་ན་ནི་བྱ་བྱེའུ་དག་གིས་རྒུམ་སེར་མི་འགྲོ་བས་བྱ་བྱེའུ་དག་གི་གཅེས་པའི་ཚེ་སྲོག་ལ་མི་གཤེ་བ་ལོས་ཡིན་སྙམ། དེ་ལྟ་ནའང་། བཙོན་ཁང་དུ་ས་འོག་ཏུ་བསྡུ་ས་ཞིག་གང་ན་ཡོད། ངའི་མིག་སྔུར་ཡོད་ཚད་ནི་སྙིང་རྗེ་མེད་པའི་ཨར་འདམ་གྱིས་ཡོངས་སུ་ཁེངས་ཚར་བས། སེན་སྙིགས་འདི་དག་སྔ་མའི་གོམས་སྲོལ་བག་ཆགས་ཇི་བཞིན་ས་འོག་ཏུ་བསྡུ་ས་ཞིག་ཡེ་ནས་མེད། ངས་རང་གི་སེན་སྙིགས་དག་གཅིག་ཀྱང་མ་ལུས་པར་གཙང་ཤོག་གི་ཁུག་ཏུ་བཅུག་ནས། གད་སྙིགས་ཀྱི་སྒམ་ནང་དུ་འཕངས་བཞག ཡིན་ན་ཡང་། བག་ཆགས་ཤིག་གིས་སེན་སྙིགས་དེ་དག་ས་འོག་ཏུ་བསྡུ་ཐུབ་པའི་བསོར་ཞིག་མེད་ཡ་སྙམ། ཡིན་ནའང་། གོམས་སྲོལ་ཞིག་གིས་སེན་སྙིགས་དེ་དག་ས་འོག་ཏུ་འདེད་ཐུབ་པའི་སེམས་མགུ་མགུ་ཞིག་མེད་ཡ་བསམ།

ངའི་གནའ་མྱི་དེ་ཚོས་གསུངས་ནོ་འཆུག་རྒྱུ་མེད་གི རང་ཡུལ་གད་པ་ཡིན་རུང་མ་བརྗེད་ཅེས་པའི་ལེགས་བཤད་རླབས་པོ་ཆེ་དེ། དེ་རིང་འདི་ན་ངའི་སྙིང་གི་ནང་ལ་ཟུག་འདུག་པ་མིན་ནམ། ད་ེལ་གླེགས་བམ་གླེགས་བམ་བྱས་ནས་མ་ཡོད་ན་ཡང་། ཆེས་གོ་སླ་བ་དང་ཆེས་འཛིན་སླ་བའི་སྐད་ཆ་ནི་རྡོ་རྗེ་བྲག་ལྟ་བུའི་གནས་ལུགས་རྡོག་རྡོག་འགྱུར་དུ་མེད་པ་ཞིག་རེད། ཨཱ་ཨཱ། དོན་དངོས་སུ་རང་ཡུལ་ནི་གད་པ་སྐྱ་བོ་ཞིག་གང་ནས་ཡིན་ཏེ། ཁེངས་སྐྱུང་ཐལ་ཆེ་བའི་གད་པ་སྐྱ་བོ་དེ་ཡིན་རྒྱུ་ནི་དཔུང་རྡང་སྦྲེལ་བའི་གངས་རིའི་མུ་ཁྱུད་རིང་མོ་ཞིག་རེད། དེ་ནི་དེ་འདྲའི་ཚེ་རིང་རྒྱུའི་བག་ཆགས་དང་གོམས་གཤིས་ཀྱི་རིག་གནས་ཤིགརེད། རིག་གནས་ནི་ཤོག་བུ་དང་སྣ་ཚ་འགྲོས་འགྲོས་གཤིབ་གཤིབ་ལ་ཡོད་པ་ཞིག་ཡེ་ནས་མ་རེད། རིག་གནས་ནི་འཆད་རྩོད་རྩོམ་གསུམ་གྱི་རྣམ་པ་རྫིག་རྫིག་ཏུ་ཡོད་པ་ཞིག་ཀྱང་མ་རེད།་རིག་གནས་ནི་གཟུགས་མེད་ཀྱི་བག་ཆགས་འགོག་ཏུ་མེད་པ་ཞིག་སྟེ། ཡིད་སེམས་དབང་མེད་དུ་གཡོ་བར་བྱེད་པའི་དུས་བཞིའི་དྲི་བཞོན་དང་འདྲ་བར་ལྕགས་ར་དགུ་བརྩེགས་ཀྱི་མུན་པའི་བཙོན་ཁང་དུའང་ལྕེབས་ནས་ལྡང་ནས་འོང་བ་ཞིག་རེད་དོ།

རིག་གནས་ཀྱི་སྙིང་སྟོབས་དེ་ཡོད་པས་ང་ད་དུང་སུས་ཀྱང་གཅེར་བུ་ལ་ཕུད་ཐུབ་མེད་ཚོད་རེད། རིག་གནས་ཀྱི་བག་ཆགས་དེ་རྒྱུད་ལ་ཡོད་སྐད། ང་ད་དུང་སུས་ཀྱང་ཁེར་རྐྱང་ལ་གཏོང་ཐུབ་མེད་ངེས་རེད། ས་མཐའི་ཁྲི་མུན་གྱི་ཉིན་མཚན་རེ་རེར་ང་ལ་དོན་ངོ་མའི་སེམས་གསོ་གཏོང་མཁན་ལ་མཐར་གཏུགས་ན་རང་ཡུལ་གྱི་གད་པ་སྐྱ་བོ་དེ་ལས་གཞན་པ་གང་ཡང་ཡོད་མ་ཐལ། ཕ་ཡུལ་གྱི་གད་པ་སྐྱ་བོ་དེས། ངའི་སྒལ་བའི་ནང་ལ་སྒལ་ཚིགས་ཤིག་དྲངས་ཡོད་པ་དང་། ཕ་ཡུལ་གྱི་གད་པ་སྐྱ་བོ་དེས། ངའི་སྐེ་ཡི་ཤ་སྣག་ནང་ལ་མཇིང་པ་ཟེར་བ་ཞིག་དགྱེ་རྒྱུ་ཡོད་པ་བྱས་འདུག ཨོ་རེད། ངས་རང་གི་སེན་སྙིགས་འདི་དག་ལ་བདག་རྒྱག་དོན་ནི་ང་ལ་བདག་པོ་ཞིག་ཡོད་པས་རེད། ངའི་སེན་སྙིགས་དག་ནི་བཙོན་གྱི་ལྕགས་མཁར་འདིའི་ནང་ན་ཕར་འཕུར་ཚུར་འཕུར་བྱ་བའི་བྱེའུ་དག་གི་གཅེས་པའི་ཚེ་སྲོག་ལ་མི་གཤེ་བ་ཐག་ཆོད་ཡིན་ནའང་། གྱང་ཁ་ར་ཁ་འདི་དག་ན་ལྕགས་ཀྱི་ཚེར་མ་བོངས་ཚོ་བོངས་ཚོ་བྱས་ནས་བརྩེངས་འདུག་པ་དེ་དག་མཐོང་ཐེངས་རེ་རེར། གླེན་ཤས་ཀྱི་བྱེའུ་ཆུང་དག་དེ་དག་གི་ཐོག་ལ་བབས་ཨེ་འགྲོ་བམས་ནས་ང་ལ་ཕངས་སེམས་འགོག་མེད་སྐྱེའོ།


མཆན་བུ་རྫོགས།

མཆན་སྒོ་བརྒྱབ་ཟིན།