དབུ་མའི་ལམ་གྱི་འབྱུང་ཁུངས།(དང་པོ)

རྩོམ་པ་པོ། བ་རན་སི་མེ་ཐི།(Warren W. Smith)
བསྒྱུར་མཁན། ཆོས་རྒྱལ་སྐྱབས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༸གོང་ས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་ནི་༡༩༨༨་ལོར་སི་ཌ་སི་སྦག་ཏུ་ཡོབ་གྲོས་ཚོགས་སུ་གསལ་བསྒྲགས་བསྐྱངས་བ་རེད། འོན་ཀྱང་། སྲིད་ཇུས་དེའི་འབྱུང་ཁུངས་ནི་འདས་བའི་བོད་རྒྱའི་འབྲེལ་ལམ་གྱི་ལོ་རྒྱུས་སུ་གསལ། ༡༩༨༠་གྱ་གྲངས་ནས་བོད་ཀྱི་སྐུ་ཚབ་ཚོགས་པས་རྒྱ་ནག་དང་མཉམ་དུ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཏུ་རང་སྲིད་རང་སྐྱོང་སྐོར་གྲོས་མོལ་བྱེད་ཀྱི་ཡོད་པ་གསལ་བོ་རྟོགས་ཡོད་ཀྱང་། ༡༩༨༨་ལོར་གསར་བསྒྲགས་བསྐྱངས་བའི་དབུ་མའི་ལམ་གྱི་སྲིད་ཇུས་དེས་བོད་དོན་ནི་བོད་རང་བཙན་གྱི་གནད་དོན་ཡིན་སྙམ་མཁན་གྱི་བོད་མི་ཚོའི་ཁྲོད་དུ་དངངས་སྐྲག་སྐྱེ་བཅུག་ཡོད། སྤྱིར་ཕྱི་མི་བོད་དོན་རྒྱབ་སྐྱོར་བ་ཚོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་གདོང་དུ་དངོས་ཐོག་བདེན་འཚོལ་ཏུ་མཐོང་བའི་སྲིད་ཇུས་དེར་དང་ལེན་བྱས་ཡོད། ༡༩༨༩་ལོར་༸གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་བརྗོད་ཚིག་གི་ནང་དུའང་ཞི་མཐུན་གྱི་རང་བཞིན་ལྡན་པའི་སྲིད་ཇུས་དེའི་སྐོར་ལུང་འདྲེན་བྱས་པས་ལྡོག་ཕྱོགས་ནས་ལངས་མཁན་ཚོར་སྲིད་ཇུས་དེའི་ཡོན་ཏན་ཤེས་སུ་བཅུག་ཡོད། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་ནུས་པས་རྒྱལ་སྤྱིའི་ཐོག་ཏུ་༸གོང་ས་མཆོག་ལ་ཆེ་མཐོང་དང་བོད་དོན་ལ་དོ་སྣང་ཤུགས་ཆེར་གནང་བ་དེས་གནས་སྐབས་རིང་བོད་མི་ཚོས་ཚོར་བའི་ན་ཟུག་དང་བློ་སྟོབས་ཉམས་རྒུད་ཀྱི་གནས་ཚུལ་བསྒྲིབས་ཡོད། སི་ཌ་སི་སྦག་གི་གྲོས་འཆར་དང་དབུ་མའི་ལམ་གྱིས་བོད་མིའི་ཁྲོད་དུ་བཟོས་པའི་འགལ་ཟླ་ནི། སྲིད་ཇུས་དེས་རྒྱ་ནག་དང་མཉམ་དུ་ཞི་འགྲིག་གི་འབྲས་བུ་ཅུང་ཙམ་ཡང་མ་ཐོན་པ་དང་མཉམ་དུ་ཇེ་ཆེར་ཆགས་ཡོད། ད་ཆ་བོད་ཀྱི་སྤྱི་ཚོགས་ནི་བོད་རང་བཙན་འདོད་མཁན་དང་༸གོང་ས་མཆོག་གི་སྲིད་ཇུས་ཀྱི་རྗེས་སུ་འབྲངས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ཏུ་རང་སྐྱོང་རྩོད་མཁན་གྱི་ཤོག་ཁག་གཉིས་སུ་བགོས་ཡོད།

ང་རང་ཕྱི་མི་ཞིག་གི་ངོས་ནས་བལྟས་ན། གནད་དོན་འདི་ནི་བོད་མི་ཁོ་ནར་ལངས་ཕྱོགས་འཛིན་པའི་ཐོབ་ཐང་ཡོད་པའི་བགྲོ་གླེང་ཞིག་རེད་འདོད། འོན་ཀྱང་། ངས་ངོས་ནས་རྒྱ་ནག་གིས་བོད་ཀྱི་རིག་གཞུང་དང་བོད་མིའི་ངོ་བོ་ཉར་ཚགས་བྱེད་ཐུབ་པའི་ཚད་མཐོའི་རང་སྐྱོང་ཞིག་ནམ་ཡང་སྤྲོད་ཀྱི་མ་རེད་ཞེས་རྩོད་པ་བྱས་མྱོང་། འདི་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོས་འདུན་རེད། ད་ལྟ་རྒྱ་ནག་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དག་ནི་རྒྱ་ནག་དང་ལོགས་སུ་གྱེས་བའི་ཉེན་ཁ་ཅན་གྱི་བོད་པའི་ངོ་བོ་དག་རྩ་མེད་གཏོང་རྒྱུར་དམིགས་ཡོད། རྒྱ་ནག་གི་མགོ་ཁྲིད་ཚོས་བོད་མི་རིགས་ཀྱི་ངོ་བོ་དྲག་གནོན་བྱེད་པར། བོད་ཀྱི་རིག་གཞུང་གི་གཞི་རྩའི་གནད་དོན་ཁག་རྩ་མེད་དང་། ཡང་ན། རྒྱ་ནག་དང་མཉམ་བསྲེ་བྱེད་པའི་སེམས་ཐག་བཅད་ཡོད། མདོར་དྲིལ་ན། རྒྱ་ནག་གིས་བཙན་བྱོལ་བོད་མི་ཚོའི་མཉམ་དུ་གྲོས་མོལ་བྱེད་དགོས་དོན་མེད་སྙམ་གྱི་ཡོད། རྒྱུ་མཚན། རྒྱ་ནག་གི་ལག་ཏུ་སྔ་ས་ནས་བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་སྟེ། ཆབ་སྲིད་ཀྱི་དྲག་གནོན་དང་། དཔལ་འབྱོར་ཡར་རྒྱས། དབང་བསྒྱུར་དང་མཉམ་བསྲེ་བཅས་ཡོད་པས་རེད། རྒྱ་མི་མང་པོ་ཞིག་གིས་བོད་དོན་ནི་༸གོང་ས་ཏཱ་ལའི་བླ་མ་སྐུ་གཤེགས་པ་དང་མཉམ་དུ་ཡལ་འགྲོ་བ་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།

གལ་ཏེ། རྒྱ་ནག་གི་སྲིད་ཇུས་དག་ནི་བོད་ཀྱི་མངོན་འདོད་དང་རྒྱབ་འགལ་གྱིས་མངོན་སུམ་འཛེམས་མེད་ངང་མཉམ་བསྲེ་བྱེད་པའི་ལས་ལ་གཞོལ་གྱི་ཡོད་ན། བོད་མི་ནང་ཁུལ་གྱི་བགྲོ་གླེང་ལ་མཐར་ཐུག་གི་མཇུག་་འབྲས་ཆུང་ཆུང་ཞིག་ལས་མེད། རང་བཙན་འཐབ་རྩོད་པ་ཚོས་མ་མཐར་ཡང་ཁོང་ཚོས་ལངས་ཕྱོགས་ཀྱིས་དབུ་མའི་ལམ་གྱིས་རྩ་བ་ནས་དོར་བའི་ལོ་རྒྱུས་ཐོག་གི་བོད་ཀྱི་རང་བཙན་རྒྱལ་ཁབ་དང་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་ཀྱི་ཡོད། བོད་ཀྱི་དངོས་ཡོད་མ་འོངས་བར་འབྲེལ་བ་དེ་ཙམ་མེད་ཀྱང་། ཤོག་ཁག་གཉིས་དབར་གྱི་རྩོད་པ་དེ་སྡང་ཟུག་ཇེ་ཆེ་དང་། སྲིད་ཇུས་དེར་སྐྱོན་བརྗོད་བྱས་པར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་བཟོད་སྒོམ་མི་བྱེད་པའི་ཚད་ཇེ་མཐོར་སོང་ཡོད། ༸གོང་ས་ཏཱ་ལའི་བླ་མའི་དགུང་གྲངས་ཇེ་མཐོར་ཕྱིན་པ་དང་མཉམ་དུ་ཁོང་འཇིག་རྟེན་དང་ཁ་མ་བྲལ་བའི་སྔོན་ཏུ་སྲིད་ཇུས་ལམ་ལྷོངས་བྱུང་ན་སྙམ་པའི་འདོད་པ་ཇེ་ཆེར་སོང་ཡོད། ཁོང་གིས་ཆབ་སྲིད་ཀྱི་འགན་ཁུར་རྩིས་སྤྲོད་བྱས་ཡོད་པའི་གསལ་བསྒྲགས་བསྐྱངས་ཀྱང་། ཉེ་བའི་ཆར་དབུ་མའི་ལམ་ཁྱབ་བསྒྲགས་ཀྱི་དོན་དུ་ནུས་པ་ཤུགས་ཆེན་བཏོན་ཡོད། ཁོང་གི་མངའ་ཞབས་ཀྱི་མི་རྣམས་ཀྱིས་བཙན་བྱོལ་ནང་གི་བོད་མི་ཚོའི་ཁྲོད་དུ་སྲིད་ཇུས་དེར་རྒྱབ་གཏད་མི་བྱེད་པའི་ཐབས་ཤེས་ཡོད་རྒུ་བཏོན་ཡོད་ལ་སྐྱོན་བརྗོད་བྱེད་མཁན་རྣམས་མི་གྲལ་ནས་ཕུད་ཐབས་བྱས་ཡོད།

བཙན་བྱོལ་ཏུ་འབྱོར་བའམ་བཙན་བྱོལ་ནང་དུ་སྐྱེ་བའི་བོད་མི་མང་པོ་ཞིག་གིས་སྲིད་ཇུས་དེ་ནི་བོད་རང་བཙན་གྱི་ཁྲིམས་མཐུན་དམིགས་ཡུལ་དང་རྒྱབ་གཏད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། སི་ཌ་སི་སྦག་གི་གྲོས་འཆར་གྱིས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་སྲིད་ཇུས་དེ་གཞུང་འབྲེལ་བཟོས་པ་ཙམ་རེད། དབུ་མའི་ལམ་གྱི་བྱུང་རིམ་དང་འབྲེལ་བའི་དྲི་བར་༸གོང་ས་མཆོག་གིས་༡༩༧༣་ལོར་ཐེབས་པའི་སེམས་འགུལ་གྱི་སྐོར་བརྗོད་ཡོད། ཁོང་གིས་ལོ་ཚིགས་ཏེ་ཅིའི་ཕྱིར་བདམས་མིན་གྱི་སྐོར་ལ་གསལ་ཁ་བཏོན་མེད་ཀྱང་། ཚོད་དཔག་ལྟར་ན། ལོ་དེ་ནི་ཨ་རིའི་གཞུང་གིས་བོད་ཀྱི་རྒོལ་འཛིངས་བ་ཚོར་རོགས་རམ་བྱེད་མཚམས་བཞག་པ་དང་། རྒྱ་ནག་མཉམ་དུ་འབྲེལ་ལམ་བསྐྱར་མཐུད་བྱས་པའི་ལོ་རེད། ཡིན་ནའང་། དབུ་མའི་ལམ་གྱི་འབྱུང་ཁུངས་ནི་རྒྱ་ལོ་དོན་གྲུབ་ཀྱིས་༡༩༥༩་ལོར་ཨ་རི་དང་རྒྱལ་སྤྱིའི་རྒྱབ་སྐྱོར་མེད་པར་བརྟེན། བོད་ཀྱི་རང་བཙན་མངོན་འདོད་འདོར་རྒྱུ་ཡིན་ཞེས་མཉམ་འབྲེལ་རྒྱལ་ཚོགས་སུ་རེ་སྐུལ་བྱས་པའི་ལོ་དེ་ནས་བྱུང་བ་ཞིག་རེད། སྲིད་ཇུས་དེ་ནི་ཐ་ན་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་རྗེས་འབྲེལ་ཞིག་རེད་ཅེས་ཀྱང་བཤད་ཆོག དོན་ཚན་དེ་དག་གི་ནང་དུ་སྲོལ་རྒྱུན་གྱི་རང་སྐྱོང་སྐོར་ཡུན་གནས་ཐུབ་ཐབས་སྐོར་འཁོད་ཡོད། གཞི་རྩའི་མི་འདྲ་ས་ནི་བོད་ཀྱིས་གཞུང་འབྲེལ་ཐོག་རྒྱ་ནག་གི་བདག་དབང་ངོས་ལེན་བྱེད་དགོས་པ་དེ་རེད།

མཐར་གཏུགས་ན། དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་འབྱུང་ཁུངས་ནི་བོད་ཀྱིས་རྒྱ་ནག་མཉམ་དུ་བཙུགས་པའི་སྲོལ་རྒྱུན་འབྲེལ་ལམ་མམ། དངོས་ཡོད་ཐོག་རྒྱ་ནག་གི་སོག་པོའི་ཡོན་རྒྱལ་རབས་(༡༢༦༠ནས་༡༣༥༨)དང་མན་ཇུའི་ཆིན་རྒྱལ་རབས་(༡༦༤༢ནས་༡༩༢༠)་གཉིས་ཀྱི་སྐབས་སུ་བྱུང་བའི་འབྲེལ་ལམ་རེད། འབྲེལ་ལམ་དེར་བོད་པའི་ངོས་ནས་མཆོད་ཡོན་གྱི་འབྲེལ་ལམ་ཞེས་བརྗོད་ཀྱི་ཡོད། མཆོད་ཡོན་གྱི་འབྲེལ་བ་ནི་ས་སྐྱ་པཎྜི་ཏ་དང་ཁོང་གི་ཚ་བོ་འགྲོ་མགོན་ཆོས་རྒྱལ་འཕགས་པས་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཏུ་སོག་པོའི་བཙན་འཛུལ་འགོག་པའི་ཐབས་ལམ་ཞིག་ཏུ་གསར་གཏོད་བྱས་པ་ཞིག་རེད། ས་པཎ་གྱི་དམིགས་ཡུན་གཞན་ཞིག་ནི་སོག་པོའི་རོགས་རམ་ལ་བསྟེན་ནས་བོད་ཁུལ་ཏུ་ས་སྐྱའི་དབང་ཐང་དར་བར་བྱེད་པ་དང་། ཕྱི་རོལ་སོག་པོའི་ཡུལ་དུའང་བོད་བརྒྱུད་ནང་བསྟན་དར་ཁྱབ་བྱེད་པར་དམིགས་ཡོད། དེར་བརྟེན། བོད་བརྒྱུད་ནང་བསྟན་ལ་སོག་པོའི་ཡོན་བདག་རག་ཡོད་ལ། སོག་པོའི་རྒྱལ་པོ་ཚོར་བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱལ་ཞེས་པའི་ཆེ་བསྟོད་ཐོབ་ཡོད། ས་སྐྱ་པཎྜི་ཏའི་ཚ་བོ་འགྲོ་མགོན་ཆོས་རྒྱལ་འཕགས་པས་གོབ་ལེ་ཁན་དང་མཉམ་དུ་མཆོད་ཡོན་གྱི་འབྲེལ་བའི་ལམ་སྲོལ་བཏོད་པ་དང་གོབ་ལེ་ཁན་ནི་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་ཞེས་བསྒྲགས་ཡོད།

དེང་གི་དུས་སུ་བོད་པ་ཚོས་མཆོད་ཡོན་གྱི་འབྲེལ་བར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་རབས་བཤད་པ་ལས་ལྡོག་སྟེ། སོག་པོའི་གོང་མ་ཚོར་མཚོན་ན་འབྲེལ་ལམ་འདི་ནི་ཐུན་མོང་མ་ཡིན་པ་ཞིག་མ་རེད། སོག་པོས་རྒྱལ་པོ་ཚོས་དབང་དུ་བསྡུས་པའི་རྒྱལ་ཁབ་ཡོད་ཚད་ཀྱི་ཆོས་ལུགས་ཉམས་ལེན་པ་འདྲ་མིན་ལ་དགའ་མོས་བྱས་འདུག འདི་ནི་རྒྱལ་པོ་དེ་ཚོ་ཆོས་ལུགས་འདྲ་མིན་ལ་དོ་སྣང་ཡོད་པ་དང་། ཆོས་ལུགས་ཀྱི་རྫུ་འཕྲུལ་ལ་ཞེད་སྣང་སྐྱེ་བ་མིན་པ་ནི་བཤད་མ་དགོས་པ་ཞིག་རེད། ཁོང་ཚོས་ས་གནས་ས་ཐོག་གི་ཆོས་ལུགས་ཀྱི་དབང་ཐང་བེད་སྤྱོད་བཏང་ནས་རང་གི་མངའ་ཐང་ངོས་ལེན་བཙན་འགེལ་བྱས་ཡོད། མཆོན་ཡོན་གྱི་ལམ་ལུགས་འདིས་གཡོ་ཐབས་ཀྱི་སྒོ་ནས་འབངས་མི་སེར་འདོད་བློ་མ་ཁེངས་པ་དག་འབུར་འཇོམས་བྱེད་པ་དང་མཉམ་དུ། ཆོས་རྒྱུད་གཞན་པ་ཚོས་ནུས་པ་སྤུངས་ནས་ངོ་རྒོལ་བྱེད་པ་དེའང་འགོག་ཐུབ།

མཆོད་ཡོན་གྱི་ལམ་ལུགས་འདི་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས་རྒྱས་འགྲེལ་བྱས་ཡོད། ལམ་ལུགས་དེའི་ནང་དུ་ཆོས་སྲིད་གཉིས་ཀྱི་མངའ་ཐང་ཅན་གྱི་རྒྱལ་པོ་དང་བླ་མ་གཉིས་ཀྱི་འདྲ་མཉམ་ཡིན་པའི་ངོས་འཛིན་བྱས་ཡོད། འབྲེལ་ལམ་འདི་ནི་ཆོས་སྲིད་ཀྱི་གནས་རིམ་མི་འདྲ་བ་གཉིས་ཀྱི་འདྲ་མཉམ་སྐུ་ཚབ་རེད། སོག་པོ་ཚོས་ངོས་ནས་གོང་མ་དང་ཁྱད་དུ་འཕགས་པའི་འབངས་ལྟ་བུར་འགྲེལ་ཡོད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གཞུང་ལུགས་དེ་ནི་ཁོང་དང་གོབ་ལེ་ཁན་གཉིས་དབར་གྱི་ཐུན་མིན་གྱི་འབྲེལ་བར་བརྟེན་ཡོད། རྗེས་སུ་བོད་མི་ཚོས་མཆོད་ཡོན་ཀྱི་འབྲེལ་བ་ནི་ད་ལྟའི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་ལམ་ལྟ་བུ་ཞིག་ཏུ་འགྲེལ་བཤད་བྱེད་ཀྱི་ཡོད་ཀྱང་དོན་དངོས་དེ་འདྲ་མ་རེད། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་གོབ་ལེ་ཁན་སྐབས་ཀྱི་མཆོད་ཡོན་གྱི་འབྲེལ་བ་དེ་ནི་ཡང་དག་པ་ཞིག་ཡིན་ཡང་། མི་སྒེར་གྱི་འབྲེལ་བར་བརྟེན་ཡོད་པས། ཡང་དག་པའི་འབྲེལ་ལམ་དེ་ཡང་ཁོང་གཉིས་ཀྱི་དབར་ཁོ་ནར་གནས་པ་ཞིག་རེད། འགྲོ་མགོན་ཆོས་རྒྱལ་འཕགས་པས་གཏན་ལ་ཕབ་པའི་མཆོད་ཡོན་གྱི་འབྲེལ་བ་ནི་སོག་པོའི་ཆོས་དང་ཆབ་སྲིད་དགོས་མཁོ་ལེགས་པོ་རྟོགས་ཡོད་ཀྱང་། རེ་བ་བྱེད་པའི་བོད་པའི་ཆབ་སྲིད་ཀྱི་གནས་བབ་ལ་ཕན་མེད། མཆོད་ཡོན་འབྲེལ་ལམ་གྱི་སྐྱོན་ཆེ་ཤོས་ཤིག་ནི། ཕྱི་རོལ་གྱི་ཡོན་བདག་ལ་བསྟེན་ནས་དབང་ཤུགས་ཆེ་བའི་ཆབ་སྲིད་དབང་ཆ་བཙུགས་པ་རེད།

(མུ་འགོད)


མཆན་བུ་རྫོགས།

མཆན་སྒོ་བརྒྱབ་ཟིན།