པཎ་ཆེན་སྐུ་ཕྲེང་བཅུ་པའི་གཉེན་སྒྲིག་གི་གསང་བ་བརྟོལ་བ། 

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་ཟླ་ལིས་ཇེ་ལགས་ནི། རྒྱ་ནག་གོ་མིན་ཏང་གི་སྒོ་འབྱེད་དམག་དཔོན་ཏོང་ཆིན་ཝུ་ཡི་ཚྭ་མོ་ཡིན་པ་དང་། ཏོང་ཆིན་ཝུ་ལགས་ནི་སྔོན་གོ་མིན་ཏང་ཐོ་ཡོན་ཞིང་ཆེན་སྲིད་གཞུང་གི་གཙོ་འཛིན་དང་བདེ་འཇགས་དམག་མིའི་དམག་སྤྱི་གཅིག་ལྕོགས་དང་། ནུབ་བྱང་དམག་དོན་ཚན་ཁག་གི་འགོ་གཙོ་གཞོན་པ་བཅས་ཡིན། སྤྱི་ལོ་༡༩༤༩ལོའི་ཟླ་བ་༩པའི་ཚེ་༡༩ཉིན་རང་ཁོངས་དམག་མི་ཚོའི་དབུ་ཁྲིད་དེ་གོ་མིན་ཏང་ལ་གྱེན་ལོག་བྱས་པས་ན། ཕྱིས་སུ་སྤྱི་ལོ་༡༩༥༥་ལོའི་ཟླ་༩པར་བཅིངས་གྲོལ་དམག་གིས་སྒོ་འབྱེད་དམག་དཔོན་གྱི་མཚན་གནས་གསོལ་པ་རེད།

སྤྱི་ལོ་༡༩༥༨ལོར་ལིས་ཇེ་ལགས་པེ་ཅིང་དུ་སྐུ་འཁྲུངས་པ་དང་། འབྲིང་རིམ་སློབ་གྲྭ་ནས་མཐར་ཕྱིན་རྗེས། རང་བཞིན་གྱིས་མཛེས་ཉམས་དོད་པའི་ཁོང་ནི་སྤོ་བོ་ཏོང་ཆིན་ཝུ་ལགས་ཀྱི་དམག་སྒར་ཨང་༦༩པའི་སྨན་ཞབས་དམག་ནང་འཛུལ་པ་དང་། དེའི་རྗེས་ཁོང་ནི་དམག་ཁོངས་སྨན་པའི་མཐོ་སློབ་རུ་ཁག་བཞི་པའི་ནང་དམག་མིའི་སྨན་པའི་སྡེ་ཚན་དུ་རྒྱུགས་འཕྲོད་པ་རེད། ཁོང་ནི་དམག་སྨན་མཐོ་སློབ་ཀྱི་མཛེས་མ་གྲགས་ཤོས་ཤིག་ཡིན། དམག་མིའི་ཁྱིམ་ཚང་ནང་འཚར་ལོངས་བྱུང་བའི་མཛེས་མ་ཁོང་ནི་ཇི་ལྟར་རང་ཉིད་ལས་ལོ་ངོ་༢༠ཙམ་ཆེ་བའི་བོད་རིགས་བླ་ཆེན་ཞིག་དང་བརྕེ་དུང་གི་ལས་འབྲས་བྱུང་པ་ཡིན་ནམ། གཤམ་ལ་རྣམ་པ་ཚོར་ཡང་མཚན་གྱི་སྒྲུང་གཏམ་འདིའི་སྐོར་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

སྤྱི་ལོ་༡༩༧༨ལོའི་ཟླ་༣་པར། སྐབས་ལྔ་པའི་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་ལྷན་ཚོགས་མཇུག་བསྒྲིལ་པ་དང་། དབུས་གཞུང་གིས་དམིགས་བསལ་གོ་གནས་དང་གནས་རིམ་འཛིན་པའི་མི་སྣ་ཁག་ཅིག་ནས་ལྟ་ཞིབ་ཚོགས་པ་ཞིག་འཛུགས་པ་དང་། ཁོང་ཚོར་མེས་རྒྱལ་གྱི་འགྱུར་ལྡོག་ལ་གཟིགས་སྐོར་དང་སྤྲོ་འཆམ་བྱེད་དུ་བཅུག་པ་རེད། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་རུ་ཁག་དེའི་ནང་དགོང་ལོ་ཆུང་ཤོས་དེ་ཡིན། རུ་ཁག་དེའི་འགོ་གཙོ་གཞོན་པ་ནི་ཏོང་ཆིན་ཝུ་ལགས་ཡིན། དུས་ཡུན་ཟླ་བ་གཉིས་ཙམ་གྱི་ལྟ་ཞིབ་འགྲོགས་འབྲེལ་ནང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་ཏོང་ཆིན་ཝུ་ལགས་ཀྱི་སྐུ་སྲུང་དམག་དང་འགྲོགས་འབྲེལ་ཟབ་མོར་གྱུར། ཁོང་གིས་སྐུ་སྲུང་དམག་དེ་དང་རྒྱུན་དུ་སྙིང་གཏམ་བརྗོད་རེས་བྱས་པ་དང་། ཁོང་གིས་བུ་མོ་ཞིག་བཙལ་ཏེ་གཉེན་སྒྲིག་བྱེད་འདོད་ཡོད་པའི་སྐོར་བརྗོད། རིག་གསར་སྐབས་ལོ་ངོ་བཅུའི་རིང་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་བཙོན་ཁང་ནང་ལྷུང་པ་དང་། ཁོང་ལ་ལྟ་སྐྱོང་བྱེད་མཁན་མ་བྱུང་པ་དང་། སྐུ་སྲུང་དམག་དེ་ནི་སྙིང་རྗེ་ཅན་ཞིག་ཡིན་པས་ན། ཁོས་ལམ་སང་རིན་པོ་ཆེ་ལ་གཉེན་སྒྲིག་འདུག་རོགས་ཤིག་བཙལ་རྒྱུ་ཁས་ལེན་བྱས།


ལྟ་ཞིབ་ལས་འགུལ་ཚར་པའི་རྗེས། སྐུ་སྲུང་དམག་དེས་ཏོང་ཆེན་ཝུ་ལགས་ཀྱི་ཚྭ་མོ་ལིས་ཇེ་བཙལ་ཏེ་“ལིས་ཇེ་ཨ། ང་ཚོའི་རུ་ཁག་ནང་པཎ་ཆེན་ཞེས་འབོད་པའི་མི་ཞིག་ཡོད་། ཁྱེད་ཀྱིས་ཁོང་ལ་བུ་མོ་དམག་མི་ཞིག་ངོ་སྤྲོད་བྱེད་ན་འགྲིག་གམ”ཞེས་བཤད། སློབ་སྦྱོང་དེ་ཙམ་བྱས་མྱོང་མེད་པའི་སྐུ་སྲུང་དམག་དེ་ལ་མཚོན་ན་། པཎ་ཆེན་རིན་པོ་ཆེའི་སྐོར་ལ་ཤེས་རྒྱ་ཆུང་མོད། ལིས་ཇེ་ནི་ཆུང་དུས་ནས་པོ་པོའི་འཁྲིས་སུ་འཚར་ལོངས་བྱུང་པས། མཐོང་རྒྱ་ཐོས་རྒྱ་ཆེན་པོ་ཞིག་ཡིན་ལགས་ན། སྐབས་དེ་དུས་ཁོང་གིས་པཎ་ཆེན་རིན་པོ་ཆེ་དངོས་སུ་མཇལ་མྱོང་མེད་ནའང་། པཎ་ཆེན་རིན་པོ་ཆེའི་སྐོར་གོ་ཐོས་ཏན་ཏན་ལོས་ཡོད། དགོང་ལོ་༡༩་ལས་སོན་མེད་པའི་ལིས་ཇེ་ལགས་ལ་མཚོན་ན། བོད་ཀྱི་བླ་ཆེན་པཎ་ཆེན་རིན་པོ་ཆེ་ལ་དོ་སྣང་དང་ཤེས་འདོད་ཆེན་པོ་ཡོད་ཤག་རེད།


ལིས་ཇེ་ལགས་ནི་བག་ཕེབས་ཤིང་སྣང་བ་སྐྱིད་པའི་བུ་མོ་ཞིག་ཡིན་པ་མ་ཟད། སྙིང་རྗེ་ཅན་ཞིག་ཀྱང་ཡིན། གནས་ཚུལ་དེ་ཤེས་རྟོགས་བྱུང་བའི་རྗེས། ཁོང་གིས་ལམ་སང་འགན་དེ་ཁུར་འགོ་བརྩམས། པཎ་ཆེན་རིན་པོ་ཆེ་ལ་བུ་མོ་ངོ་སྤྲོད་བྱེད་པ་ལ། དང་ཐོག་ཁོང་དང་མཇལ་འཕྲད་ཞིག་མ་བྱེད་པ་གང་ཡོང་སྙམ་སྟེ། སྐུ་སྲུང་དམག་དེ་ལ་ཁོང་གིས་པཎ་ཆེན་རིན་པོ་ཆེ་དང་མཇལ་འཕྲད་ཐེངས་ཤིག་བྱེད་དགོས་པར་བཤད། རྒྱུ་མཚན་གང་ཡིན་མ་ཤེས་པར། སྐུ་སྲུང་དམག་དེས་གནས་ཚུལ་འདིའི་སྐོར་བརྡ་ལེན་གསལ་པོ་སྤྲོད་མ་ཐུབ་པ་དང་། པཎ་ཆེན་རིན་པོ་ཆེས་དངོས་སུ་བུ་མོ་དང་ཐུག་འཕྲད་དགོས་པར་དགོངས་པ་རེད། ལིས་ཇེ་ལགས་ཀྱིས་མཇལ་འཕྲད་དེ་ཉིད་ལམ་ལྷོང་ཡོང་པ་ལ། རང་གི་སྲུ་མོ་ལྔ་པ་དེ་མཉམ་དུ་ཁྲིད་པ་རེད། གནས་སྟངས་འདིའི་འདྲའི་འོག  པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་གོ་ནོར་ཐེབས་རྒྱུ་ལོས་ཡིན། ལིས་ཇེ་ལགས་ཀྱིས་ཀྱང་ནོར་བར་བདེན་འཛིན་བྱས་པ་དང་། ད་ལྟ་བསམ་བློ་ཞིག་བཏང་ན། འདི་དག་ཡོད་ཚད་ལས་མིན་ན་ཅི་ཡིན།




དགའ་བོ་སྒྲིག་མྱོང་མེད་པའི་པཎ་ཆེན་རིན་པོ་ཆེ་མཆོག་ལ་མཚོན་ན། དངོས་གཞིའི་ཐུག་འཕྲད་ཡིན་ཤག་བརྩིས་ནས། དང་པོ་ཉིད་ནས་ལིས་ཇེ་ལགས་ལ་རང་ཉིད་ཀྱི་གནས་ཚུལ་ངོ་མ་དེ་དྲང་མོར་གསུངས་པ་དང་། རང་ཉིད་ལ་ཅི་ཡང་མེད་ཚུལ་དང་། མོ་རང་ལ་ཅི་ཡང་སྤྲོད་རྒྱུ་མེད་པར་མ་ཚད། རང་ཉིད་ཀྱི་གནད་དོན་ད་དུང་ཡང་གཙང་མ་ཆགས་མེད་པ་དང་། དབུ་ལ་གཡོགས་པའི་“ཞྭ་ནག་གསུམ་པོ”དེ་ད་དུང་ཡང་ཕུད་ཐུབ་མེད་ལགས་ན། གལ་སྲིད་རྗེས་སུ་མཉམ་དུ་གཉེན་སྒྲིག་བྱུང་ཚེ། མོ་རང་གིས་དུས་ཀུན་དུ་ཁོང་དང་མཉམ་དུ་བཙོན་ཁང་ནང་འགྲོ་ཉེན་ཆེ་པར་སེམས་པས་གྲ་སྒྲིག་དགོས་ཚུལ་སོགས་གསུངས་པ་དང་། སྐད་ཆ་འདི་ཚོས་ལིས་ཇེ་ལ་བག་ཆགས་ཟབ་མོ་བཞག་པ་དང་། ད་བར་འདི་ལྟ་བུའི་ཐུག་འཕྲད་དང་པོ་ནས་རང་ཉིད་སྐོར་དྲང་མོ་དྲང་ཤག་གིས་འགྲེལ་བརྗོད་གནང་མཁན་ཡོད་པ་ཤེས་རྟོགས་མེད་ལ། རྒྱུ་མཚན་དེས་རྐྱེན་པས་ཁོང་གཉིས་བར་བརྩེ་དུང་གི་མྱུ་གུ་འཁྲུངས་འགོ་བརྩམས་པ་རེད།

ཡིན་ནའང་། གནས་ཚུལ་འདིའི་སྐོར་སྤྱི་ཚོགས་ནང་གླེང་སློང་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་ཏུ་ནང་པའི་སྤྱི་ཚོགས་ནས་གནས་ཚུལ་འདིའི་ཐད་མོས་མཐུན་གཏན་ནས་མ་བྱས། སྐབས་དེར་རིན་པོ་ཆེ་མཆོག་ནས་“བླ་མས་ཆུང་མ་བཞེས་པར་ཆོས་ཁྲིམས་དང་གཏན་ནས་འགལ་མེད་པ་དང་། དེ་ཡང་ཏཱ་ལའི་བླ་མའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས་ཆུང་མ་བཞེས་ཡོད་པ་དང་། ཏཱ་ལའི་བླ་མའི་གཅུང་པོ་མཆོག་གིས་ཀྱང་ཆུང་མ་བཞེས་ཡོད་པ་དང་། ཁོང་ཚོ་ཚང་མ་བླ་མ་ཡིན་པ་རེད། བྱས་ཙང་བླ་མས་ཀྱང་དུས་མཚམས་ཤིག་ལ་ཆུང་མ་བཞེས་ཆོག་པར་བསྟན”ཞེས་འདི་ལྟར་གསུངས།


ཁོང་གཉིས་ཀྱིས་དབུས་གཞུང་ལ་གཉེན་སྒྲིག་ཆོག་པའི་སྙན་ཞུ་ཕུལ་པ་དང་། སྤྱི་ལོ་༡༩༧༨ལོའི་ཟླ་༦་ཉིན། ཀྲུང་གོའི་ཀྲུང་དབྱངས་སྲིད་འཛིན་གཞོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་འཛིན་གཞོན་པ། ཀྲུང་དབྱངས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་དང་བཅིངས་གྲོལ་དམག་མིའི་སྤྱི་ཁྱབ་བཀོད་འདོམ་པ་གཅིག་ལྕོགས་དང་། རྒྱལ་ཡོངས་ཆབ་སྲིད་ལྷན་ཁང་གི་གཙོ་འཛིན་ཏིང་ཕིན་སྐུ་ངོ་མས་ཆོག་མཆན་སྤྲད་པ་དང་། པཎ་ཆེན་རིན་པོ་ཆེ་དང་ལིས་ཇེ་གཉིས་གཉེན་སྒྲིག་བྱེད་པར་མོས་མཐུན་གནང་པ་རེད། དེ་ནས་མི་རིགས་རིག་གཞུང་ཁང་དུ་གཟབ་རྒྱས་ཀྱིས་རྟེན་འབྲེལ་གྱི་གཉེན་སྒྲིག་མཛད་སྒོ་དེ་འཚོགས་པ་རེད་ལ། ལིས་ཤིན་ནན། ཙང་ཨེ་ཕིན། ཡང་དེ་ཙི། ངག་ཕོད་ངག་དབང་འཇིག་མེད་དང་ཙབ་ཕིར་ཚུབ་སོགས་རྟེན་འབྲེལ་གྱི་མཛད་སྒོའི་ཐོག་ཡོང་ཡོད། གཉེན་སྒྲིག་གི་རྗེས། ལིས་ཇེ་ནི་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཟླ་ཡིན་ལ། ཁོང་གི་དྲུང་ཡིག་ཀྱང་ཡིན།

སྤྱི་ལོ་༡༩༨༣་ལོའི་ཟླ་༦་པར། ཁོང་གཉིས་ལ་བུ་མོ་རིག་འཛིན་་དབང་མོ་བྱུང་པ་རེད། (བསྔགས་ཕྱོགས་ནས་བཤད་ན།འདི་ནི་རིག་པའི་ལྷ་མོ་ཞེས་གོ་བ་རེད།) པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཞབས་ཞུ་ཚོས་བོད་རིགས་ཀྱི་སྲོལ་རྒྱུན་འགྲོ་ལུགས་ལྟར་སྲས་མོ་རིག་འཛིན་དབང་མོ་ཞེས་འབོད་སྲོལ་ཡོད།

(རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། རྩོམ་འདི་གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 14 བཀོད་འདུག

14 Responses to པཎ་ཆེན་སྐུ་ཕྲེང་བཅུ་པའི་གཉེན་སྒྲིག་གི་གསང་བ་བརྟོལ་བ། 

  1. བཀུར་འོས་སྐར་ཁུང་རྩོམ་སྒྱུར་ཚན་ཆུང་ལགས། པཎ་ཆེན་རིན་པོ་ཆེ་ཡི་སྲས་མོའི་མཚན་ལ་བདེ་ཆེན་དབང་མོ་ཞུ་བ་མ་རེད། ཡབ་གཞིས་པཎ་རིག་འ​ཛིན་དབང་མོ་ཞུ་བ་རེད། མ་ཡིག་ནའང་དེ་ལྟར་གསལ་འདུག་པས་གང་མགྱོགས་དག་བཅོས་ཡོང་བར་ཞུ།

  2. བཀུར་འོས་ས་དཀར་བཀྲ་ཤིས་ལགས།

    སྐུ་ཉིད་ནས་ནོར་འཁྲུལ་བཏོན་པར་བཀའ་དྲིན་ཆེ། ང་ཚོས་ནོར་བཅོས་བྱས་ཡོད་།

    སྐར་ཁུང་རྩོམ་སྒྲིག་པས།
    http://www.karkhung.com
    karkhungeditor@gmail.com

  3. གཅན་སྣང་བ་ཚེ་རིང་བཀྲ་ཤིས་ ནས།

    བདེན་པ་རེད། རིག་འཛིན་དབང་མོ་རེད་་་་མ་ཡིག་ན་ཡང་དེ་འདྲ་འདུག་་་་་བདེ་ཆེན་དབང་མོ་ཨ་མ་ལགས་ཀྱི་མིང་རེད།

  4. རྭ་རྒྱ་བློ་དབང་ ནས།

    སྐར་ཁུངས་རྩོམ་སྒྲིག་ཁང་གི་རྒྱུས་ལོན་འདི་ལ་ཞིབ་ཚགས་ཡོད་ངེས་རེད་མོད། བདག་ལ་མཚོན་ན་པན་ཆེན་རིན་པོ་ཆེས་རིག་མ་བཞེས་སྟངས་སྐོར་ལ་འདི་ལས་གཞན་པའི་བཤད་ཚུལ་གཉིས་གོ་མྱོང་ཡོད་ལ། གཅིག་ནི་མཁས་པ་འཇམ་དཔལ་རྒྱ་མཚོས་མཛད་པའི་སློབ་དཔོན་པན་ཆེན་རིན་པོ་ཆེ་ཞེས་པའི་དེབ་ནང་ཡོད་པ་དང་། གཅིག་ནི་ཨ་ཀྱཱ་རིན་པོ་ཆེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་དྲི་བ་དྲིས་ལན་སྐབས་ཧ་ཅང་ཞིབ་ཚགས་ཤིག་གསུངས་སོང་། ངོ་མཚར་དགོས་པ་དང་། འདང་རྒྱག་དགོས་པ་ཆེས་མང་པོ་ཞིག་ནི་དེ་ན་འདུག རྣམ་པ་ཚོས་འདིའི་སྐོར་ཞིབ་རྒྱས་ཤིག་རྒྱུས་ལོན་བྱེད་བསམ་ན་ཨ་ཀྱཱ་ཚང་གི་གསུང་དེར་གཅིག་ཉན་རྒྱུ་གལ་ཆེན་དུ་མཐོང་ངོ་། །

  5. ལུང་རྟོགས་ ནས།

    གང་ལྟར་དངོས་སྒྲུང་དེ་སྙན་པོ་འདུག

  6. ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ་ ནས།

    འདིའི་ནང་གི་རྒྱལ་ལོ་དོན་གྲུབ་དེ་སྟག་མཚེར་རིན་པོ་ཆེ་ཡིན་གྱི་རེད། རྒྱུ་མཚན་ནི་སྟག་མཚེར་རིན་པོ་ཆེ་དང་མངའ་རིས་རིན་པོ་ཆེ་གཉིས་མ་གཏོགས་རྒྱལ་ལོ་དོན་གྲུབ་ཆུང་དུས་སུ་བླ་མའི་སྤྲུལ་སྐུར་ངོས་འཛིན་ཞུ་མྱོང་མེད།

  7. རྫ ་ཚེ་རིང་བཀྲ་ཤིས་ ནས།
  8. ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོར་ཞུ་རྒྱུར།

    ང་ཚོས་མ་རྩོམ་དུ་གང་བྲིས་ཡོད་པ་དེ་བསྒྱུར་ཡོད་། མ་རྩོམ་དུ་ནོར་བ་དེ་བསྒྱུར་མཁན་གྱི་ངོས་ནས་བཟོ་བཅོས་བཏང་ཆོག་གི་མ་རེད་། དེར་བརྟེན། མིང་ནོར་བ་དེ་རང་བསྒྱུར་ཡོད་།
    རྒྱལ་ལོ་དོན་གྲུབ་ཀྱི་སྐོར་དེ་མ་རྩོམ་གྱི་ཁོངས་སུ་གསལ་བ་ནི་གཤམ་གྱི་འདི་ཡིན།

    ” 但此事遇到舆论阻力。尤其是佛教界人士齐声反对。班禅大师申辩说:“喇嘛结婚并不违反教规。达赖喇嘛的哥哥嘉乐顿诛结了婚,达赖的弟弟也结了婚,他们都是活佛,可见一定程度是可以结婚的。”

    སྐར་ཁུང་རྩོམ་སྒྲིག་པས།
    http://www.karkhung.com
    karkhungeditor@gmail.com

  9. བློ་བཟང་དགེ་འདུན་ ནས།

    ངས་ཀྱང་ཨ་ཀྱཱ་རིན་པོ་ཆེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་དྲི་བ་དྲིས་ལན་སྐབས་ཧ་ཅང་ཞིབ་ཚགས་ཤིག་གསུངས་དེ་ཐོས་མྱོང་ཡོད་ལ་དེ་ཡང་ཡིད་ཆེས་བྱེད་འོས་པ་ཞིག་མིན་ནམ་སྙམ། ད་དུང་འདིའི་ནང་ངག་ཕོད་ངག་དབང་འཇིག་མེད་ཅེས་བྲིས་འདུག་ན་དེའི་མིང་ཡང་བརྟག་པའི་གནས་ཤིག་རེད། སྤྱིར་དག་ཆ་ལ་ཡང་ད་དུང་ཤུགས་སྣོན་བྱེད་དགོས་ས་རེད། མ་གཞི་ལས་དོན་འདི་འདྲ་བསྒྲུབས་པ་བཀའ་དྲིན་བླ་མེད་ཞུ་དགོས་པ་ཞིག་རེད།

  10. སེར་བྱེས་ངག་དབང་སྟོབས་ལྡན་ ནས།

    སྐར་ཁུངས་དྲྭ་བའི་ལས་མི་ཡོངས་ལ་ཐོག་མར་བྱ་བ་ལམ་འགྲོ་དང་བཀྲ་ཤིས་བདེ་ལེགས་ཞུ།

  11. འཛུམ་ཆུང་བཀྲ་ཤིས། (གཅན་འོད་འབར།) ནས།

    དངོས་ནས་ཡག་པོ་ཞིག་བསྒྱུར་ཡོད་ཀི། ལྷག་པར་དུ་ཞབས་མཆན་འཇོག་མཁན་ཚོས་ནོར་འཁྲུལ་ཐད་འདོན་བྱས་པ་དེ་ལ་རྩོམ་སྒྲིག་ཚོགས་ཆུང་གིས་ཀྱང་ལག་བསྟར་གྱིས་བཅོས་བསྒྱུར་བྱས་པ་དེ་ནི་རིག་གནས་བརྗེ་རེས་ཀྱི་ཐབས་ལམ་གལ་ཆེན་ཞིག་རེད།

  12. དངོས་སྒྲུང་སྙན་པོ་འདུག་འདི་འདྲི་ཡང་བསྒྱུར་པར་དགའ་བསུ་ཞུ་

  13. འདི་དྲའི་སྐོར་ལ་དོགས་སློང་མང་པོ་བྱེད་དགོས་ཀྱི་འདུག གསང་སྔགས་ཀྱི་རྟོགས་པ་མཐོན་པོར་སོན་མཁན་དག་གིས་ཁམས་ཕྱི་རོལ་ཏུ་མི་གཏོང་བར་རྩ་རླུང་སྟོབས་ཀྱིས་ཁུ་བ་ཡར་འདྲེན་པར་བཤད། གལ་སྲིད་ཁུ་བ་ཕྱིར་ཤོར་ན་སྡོམས་ལྡན་ཡིན་ན་སྡོམས་པ་མཉམ་འགྲོ་བར་གསུངས། དེས་ན་འདི་འདྲའི་སྐོར་ལ་དྲ་གྲོགས་ཚོས་འགྲེལ་བཤད་གང་འདྲ་བརྒྱག་རྩེས་ཡོད་དམ།

  14. ཀེ་ལ་ཤ་ ནས།

    སྐར་ཁུང་རྩོམ་སྒྲིག་པ་ལགས། གོང་དུ་འགའ་ཞིག་གིས་གསལ་བཤད་གནང་འདུག་པ་ལྟར་ཨཱཀྱ་རིན་པོ་ཆེས་ཨེ་རླུང་ཁང་དུ་གསུངས་པ་དེ་ང་ལ་ཡོད། མི་གཞན་ཞིག་གིས་ཁ་སང་ང་ལ་བཤད་པ་ལྟར་ན་པཎ་ཆེན་རིན་པོ་ཆེར་རྒྱ་གཞུང་གིས་གནོན་བཙིར་འོག་སྐུ་སྲོག་ལ་ཉེན་ཁ་ཆགས་སྐབས་སྐུ་ཟླ་བཞེས་དགོས་ཐུག་པ་རེད་ཟེར་གྱི་འདུག་པས་འདིའི་སྐོར་ལ་རྒྱུས་ལོན་ཡག་པོ་ཞིག་བྱུང་ཐུབ་ན་ཡག་པོ་ཡོང་ས་རེད།

Write a Reply or Comment

Your email address will not be published. Required fields are marked *

*