ལོས་ཞོ་ཏུང་གིས་བྲིས་པའི་བོད་ཀྱི་རི་མོ།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བསྟན་འཛིན་རིག་གྲོལ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ང་རང་ཁུ་སིམ་མེར་བསྡད་པ་ནི་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་མེ་རེས་བྷོན་འགྲེམ་སྟོན་ཁང་དུ་བཤམས་པའི་རྒྱ་ནག་གི་རི་མོ་སྒྱུ་རྩལ་བ་ལོས་ཞོ་ཏུང་གིས་འབྲི་བཞེངས་བྱས་པའི་བོད་ཀྱི་རི་མོ་དག་ལ་བཟུང་བའི་ཐོག་མའི་རྣམ་འགྱུར་ཙམ་ཡིན། ངས་ལོས་ཞོ་ཏུང་གི་བོད་ཀྱི་རི་མོ་དག་ལ་བཟུང་བའི་རྣམ་འགྱུར་འདི་ང་རང་ཉིད་ཨ་རིར་སྐྱབས་བཅོལ་དུ་སླེབས་པའི་དེང་རབས་བོད་ཀྱི་རི་མོའི་སྒྱུ་རྩལ་བ་ཞིག་ཡིན་མིན་དང་འབྲེལ་བ་གཏན་ནས་མེད། རི་མོའི་སྒྱུ་རྩལ་བ་ཞིག་གི་ངོས་ནས་བཤད་ན། ངས་རང་ཉིད་ཀྱི་འཆར་ཡན་དང་སྒྱུ་རྩལ་གྱིས་ཕྱུག་པའི་པིར་སྨྱུག་འདི་རྫན་(Zen)ཆོས་ལུགས་ཀྱི་རང་བྱུང་མཉམ་བཞག་གམ། ཡང་ན་སྒྱུ་འཕྲུལ་ལྟ་བུའི་རོལ་དབྱངས་སྙན་མོའི་སྟངས་སྟབས་དང་འདྲ་བར་འཇིགས་ཞུམ་སྤུ་ཙམ་མེད་པར་ཤེས་རབ་ཀྱི་ཐང་ཆེན་དུ་གཏོང་བར་འདོད།

བྲིས་ཐང་གི་དབྱིབས་དང་ངོས་འདྲ་མིན་སྤྱད་ནས་བྲིས་པའི་ལོས་ཞོ་ཏུང་གི་རི་མོ་དག་ཧ་ཅང་ཐག་ཉེ་ནས་བལྟས་ཚེ་རི་མོའི་མཚོན་དོན་སྒྱུ་རྩལ་ལ་ལོངས་སུ་སྤྱོད་དཀའ་ན་ཡང་། གལ་སྲིད་ཁྱེད་རང་སྡེབ་བྲིས་དེ་དག་ལས་གོམ་པ་ཁ་ཤས་ཕྱིར་བསྣུར་བྱས་ནས་བལྟས་ཚེ་གསོན་ཉམས་ལྡན་པའི་རི་མོ་ཡོངས་རྫོགས་ཁྲ་ཆེམ་མེར་མཐོང་ཐུབ། བོད་ཀྱི་རི་མོ་དེ་དག་རེ་རེ་བཞིན་ཞི་བདེ་ལྷིང་འཇགས་དང་རང་སྣང་སྟོང་བའི་བྲག་ཅའི་དབྱངས་ཀྱིས་ཁེངས་ནས་ཡོད་པར་བརྟེན། བལྟས་མ་ཐག་ནས་རི་མོའི་སྒྱུ་རྩལ་བ་གཤའ་མ་ཞིག་གིས་རང་བྱུང་འཚོལ་སྙེགས་དང་འཐབ་རྩོད་ཁྲོད་ནས་གསར་དུ་རྙེད་པའི་དྭངས་གཙང་གི་མཛེས་ལྗོངས་དེར་བཟུང་བའི་མཚར་སྣང་དང་འཆར་ཡན་དག་མིག་ལམ་དུ་ལམ་ལམ་ཤར་འོང་།

ལོས་ཞོ་ཏུང་གི་བོད་རི་མོ་ཚང་མར་ཧ་ཅང་རྒྱུས་ཡོད་དང་དེ་བཞིན་འཆར་སྣང་འདྲེས་མས་ཡོངས་སུ་ཁེངས་ནས་ཡོད་པ་མ་ཟད་རང་ཉིད་ཀྱི་རི་མོར་འགྲེལ་བཤད་བསྐྱོན་རྒྱུར་མི་དགའ་། ལོས་ཞོ་ཏུང་གི་གཤིས་ཀ་དེས་ལྷག་པར་ཁོས་རི་མོ་དག་ལ་མཚར་སྣང་དང་རྟོག་འཆར་སྣང་གི་གསོན་ཤུགས་རྒྱས་པར་བྱས་འདུག རི་མོ་འདི་དག་གི་མཚར་འཛིན་དང་འཆར་སྣང་ཡོད་ཚད་སྒྱུ་རྩལ་བ་ཁོང་དང་ལྟ་མཁན་ང་ཚོའི་བར་ན་ལྷོད་ཀྱི་བཞུར་བཞིན་ཡོད་པ་ལས། གཙོ་བོར་སྐབས་འདིར་ལོས་ཞོ་ཏུང་གི་ཞེང་ཚད་ཧ་ཅང་ཆེ་བའི་རི་མོ་གཉིས་ཏེ་མཚོ་བོད་ལྕགས་ལམ་(Qinghai-Tibet Railwayདང་བོད་མིའི་ཕུང་བོ་བྱ་གཏོར་(Sky Burial))བྱེད་པའི་སྒྱུ་རྩལ་བརྩམས་ཆོས་གཉིས་ནི་སྒྱུ་རྩལ་དང་མཚོན་དོན་ཆེས་ཟབ་ཤོས་ཀྱི་རི་མོ་གཉིས་རེད།

ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ཁྲོད་དུ་དབྱིན་སྐད་ནང་གི་བོད(Tibet)ཟེར་བའི་ཐ་སྙད་དེ་དུས་རབས་མང་བོར་ལྐོག་གྱུར་དང་ལྷ་སྒྲུང་། འཆར་ཡན་དང་མཚར་སྣང་། ཡང་ན་དེང་རབས་རིག་གནས་མ་དར་བའི་སྤྱི་ཚོགས་ཤིག་གི་མཚོན་དོན་དུ་གྱུར་བས། ད་ལྟའི་བོད་ཀྱི་དངོས་ཡོད་གནས་སྟངས་དེ་དག་ཀྱང་མཚམས་རེར་ལྷ་སྒྲུང་ལྟ་བུའི་འཆར་སྣང་རབ་རིབ་ཅིག་གིས་བཀབས་ནས་ཡོད། གནའ་བོའི་ཤམ་བྷ་ལའི་ཞིང་ཁམས་སུ་འབོད་པའི་མཐོ་སྒང་བོད་ཀྱི་ཡུལ་གྲུ་དེ་ད་ལྟའི་དུས་རབས་གསར་བའི་འགྱུར་ལྡོག་གི་རྦ་རླབས་ཁྲོད་ནས་འབུས་པའི་རྒྱ་ནག་གི་གཏིང་ནག་པའི་མི་འབོར་གནས་སྤོའི་སྲིད་ཇུས་འོག་ཏུ་ག་ལེར་ཤུལ་མེད་རྗེས་མེད་དུ་ཡལ་བཞིན་ཡོད། དེར་མ་ཟད། མི་སེར་སྤེལ་བའི་སྲིད་ཇུས་དེའི་གནོན་ཤུགས་འོག་ཏུ་བོད་མི་དག་གི་རྒྱུན་ལྡན་གྱི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་གཏོར་སྐྱོན་ཧ་ཅང་ཆེན་པོ་ཐེབས་བཞིན་ཡོད།

ད་ལྟའི་དུས་ཚོད་འདིར་བོད་ཀྱི་གཞོན་སྐྱེས་མི་རབས་གསར་བ་མང་ཆེ་བས་རྒྱ་སྐད་བཤད་བཞིན་པ་མ་ཟད། ཐ་ན་ལྷ་སའི་ཕྱོགས་ཀྱི་བོད་པ་དག་གིས་བོད་སྐད་ཀྱང་རྒྱ་སྐད་ཀྱི་སྒྲ་གདངས་བཀོལ་ནས་བཤད་བཞིན་ཡོད་པ་རེད། བརྒྱུད་རིམ་འདིའི་ཁྲོད་དུ་རིག་གཞུང་མི་འདྲ་བ་གཉིས་ཕན་ཚུན་གདོང་ཐུག་འབྱུང་བཞིན་ཡོད་ལ་གདོང་ཐུག་གི་ཁྲོད་ནས་རིམ་བཞིན་རིག་གཞུང་རང་སྟེང་གི་ཁྱད་ཆོས་མང་བོ་ཞིག་བརླགས་ཏེ་མཐར་ར་མ་ལུག་གི་རིག་གཞུང་ཕུང་གསུམ་པ་ཞིག་ཏུ་འགྱུར་བཞིན་ཡོད། དེར་བརྟེན། རི་མོ་སྒྱུ་རྩལ་བ་ལོས་ཞོ་ཏུང་གིས་བོད་ཀྱི་རི་མོ་བརྩམས་ཆོས་མང་བོ་བརྒྱུད་ནས་ཕྱི་མི་དག་གི་སྣང་ངོར་ལྷ་སྒྲུང་ལྟ་བུའི་འཆར་ཡན་རབ་རིབ་ཀྱིས་བསྒྲིབས་ནས་ཡོད་པའི་བོད་ཀྱི་དངོས་ཡོད་གནས་སྟངས་དག་དྲང་བདེན་ཀྱི་ལམ་ནས་ར་སྤྲོད་གསལ་བོ་བྱས་འདུག

ཞེང་ཚད་ལ་རྨིས་སུམ་ཅུ་ལྷག་ཟིན་པའི་ཞོ་ཏུང་གི་ཚབ་མཚོན་རི་མོ་ཁ་བྱང་ “མཚོ་བོད་ལྕགས་ལམ་” དུ་འབོད་པའི་རི་མོ་དེས་ལྟད་མོ་བ་དག་ལ་ད་ལྟའི་བོད་ཀྱི་སྣོད་བཅུད་གཉིས་ཀར་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ག་ཚོད་ཅིག་ཐེབས་བཞིན་ཡོད་པ་ར་སྤྲོད་གསལ་བོར་བྱས་འདུག རི་མོའི་ངོས་སུ་རྔམ་བརྗིད་ལྡན་པའི་ལྗང་མདོག་གི་རི་འདབས་སུ་བསྟར་དུ་བསྒྲིགས་པའི་བཟོ་གྲྭ་སྣ་ཚོགས་ཀྱིས་ནག་ལྷོག་ལྷོག་གི་དུ་བ་དྭངས་ལ་གཙང་བའི་བོད་མཐོ་སྒང་གི་ནམ་མཁར་བག་མེད་དུ་གཏོང་བཞིན་ཡོད་པ་མ་ཟད། སྐྱ་ཤད་ལེར་རི་གཞོང་དུ་འཐེན་པའི་རྒྱ་ནག་གི་མེ་འཁོར་ལྕགས་ལམ་གྱིས་བོད་ཀྱི་སྒང་གཤོང་ཡོད་ཚད་འཕྲེད་དུ་དུམ་བུར་གཤགས་ནས་བརྐྱངས་འདུག འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་རི་མོ་འདིས་ཐད་གར་སྒྱུ་རྩལ་བ་ལོས་ཞོ་ཏུང་གིས་རང་བྱུང་ཁོར་ཡུག་ལ་བཟུང་པའི་རྣམ་འགྱུར་དང་སེམས་ཁུར་མཚོན་ཐུབ། ལྕགས་ལམ་དང་མི་རིང་བའི་ས་རུ་དེང་རབས་ནུབ་ལུགས་ཀྱི་གྱོན་ཆས་བགོས་པའི་བོད་ཀྱི་འབྲོག་པ་ཕོ་གསར་གཉིས་རྟ་ཕོར་ཞོན་ནས་སྐྱ་ཐང་ཐང་གི་རྐང་ལམ་སྙེག་བཞིན་པ་ཞིག་བྲིས་འདུག་པ་དེས་ད་ལྟའི་བོད་སྤྱི་ཚོགས་ཁྲོད་ཀྱི་རིག་གཞུང་མཉམ་འདྲེས་ཀྱི་ཤུགས་རྐྱེན་དང་རིག་གཞུང་ཕུང་གསུམ་པའང་མཚོན་ཐུབ་འདུག་གོ།།

མེ་རེས་བྷོན་འགྲེམ་སྟོན་ཁང་གི་སྐུ་མགྲོན་སྣེ་ལེན་མདུན་སྟེགས་སུ་མཚོ་བོད་ལྕགས་ལམ་འཛུགས་བསྐྲུན་སྐོར་གྱི་པར་སྒྲོམ་ཞིག་བཞག་འདུག་ལ། པར་སྒྲོམ་དེའི་ནང་དུ་ལྕགས་ལམ་གསར་བསྐྲུན་གྱི་སྔ་ཕྱིའི་ལོ་རྒྱུས་ཆ་ཚང་བཀོད་འདུག རི་མོ་དེ་སྒྱུ་རྩལ་བ་ལོས་ཞོ་ཏུང་གིས་རྒྱ་མཚོའི་ངོས་ལས་རྨིས་ཉིས་སྟོང་བདུན་བརྒྱ་བརྒལ་བའི་མཚོ་བོད་མཐོ་སྒང་དུ་བཞེངས་བསྐྲུན་བྱས་འདུག ཁོང་གིས་རི་མོའི་རྒྱང་ཤིང་མཐོ་སྒང་ཐང་ཆེན་དུ་ལེགས་པར་བཏིངས་རྗེས་ཐོག་མའི་སྣུམ་ཚོན་རི་མོར་སྐྱ་ཐིག་འདེབས་ཚུལ་ནི་བོད་ཀྱི་དགེ་འདུན་པ་དག་གིས་ནང་བསྟན་དཀྱིལ་འཁོར་གྱི་བློས་བསླངས་བཞེངས་པ་དང་ཀུན་ནས་མཚུངས། སྐྱ་ཐིག་གི་ཆོ་ག་དག་ལེགས་པར་གྲུབ་རྗེས་ལོས་ཞོ་ཏུང་གིས་རང་ཉིད་ཀྱི་སྒྱུ་རྩལ་ཐོན་དངོས་རྩ་ཆེན་དེ་དག་དྲག་ཤུགས་ཆེ་བའི་བོད་མཐོ་སྒང་གི་རླུང་རླབས་དང་འོད་ཤུགས་ཆེ་བའི་མཐོ་སྒང་གི་ཉི་འོད་ལས་སྐྱོབ་ཆེད། རི་མོ་དེ་གང་མགྱོགས་རང་ཉིད་ཀྱིས་སྔོན་ནས་གྲ་སྒྲིག་བྱས་པའི་རས་གུར་ནང་དུ་ཁྱེར། དེའི་རྗེས་སྒྱུ་རྩལ་བ་ཁོང་འགྱུར་ལྡོག་ཆེ་བའི་མཐོ་སྒང་གནམ་གཤིས་ཀྱི་ཁ་གཏད་དུ་ལངས་ནས་རང་གི་སྒྱུ་རྩལ་བློས་བསླངས་ཀྱི་ངོས་གཅིག་ཡོངས་སུ་གྲུབ་པར་བྱས། དེར་བརྟེན་རི་མོ་བརྩམས་ཆོས་འདི་ལ་ལོས་ཞོ་ཏུང་གི་པིར་སྨྱུག་གི་འཁྱུག་རྩལ་དང་སྒྱུ་རྩལ་གྱི་འཆར་སྣང་ཡོངས་སུ་འཛོམས་པར་གྱུར།

ལོས་ཀྱི་རི་མོ་གཞན་དེ་ནི་ཟུར་ངོས་གསུམ་དང་ཞེང་དུ་རྨིས་བཅོ་བརྒྱད་ཅན་གྱི་བོད་མིའི་གཤིན་པོའི་ཕུང་བོ་བྱ་གཏོར་བྱེད་སྟངས་ཀྱི་རི་མོ་དེ་རེད། རི་མོ་དེ་བོད་བརྒྱུད་ནང་བསྟན་ལྟ་གྲུབ་གྱི་རྨང་གཞི་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་མི་རྟག་པ་ཡིན་པའི་གནས་ལུགས་དེའི་ཐོག་ཏུ་བཞེངས་འདུག ནང་བསྟན་ཆོས་ལུགས་ལྟར་ན་ཆོས་ཐམས་ཅད་མཐར་གཏུགས་ན་གཅིག་ལ་གཅིག་བརྟེན་གྱི་རང་བཞིན་ཡིན་པས་ཆོས་ཀྱི་ངོ་བོ་སྟོང་བ་ཉིད་ཡིན་ལ་དེ་བཞིན་ང་ཚོའི་འདུས་བཅས་ཀྱི་གཟུགས་ཕུང་འདི་ཡང་མི་རྟག་པའི་རང་བཞིན་ཁོ་ན་ཡིན། བོད་བརྒྱུད་ནང་བསྟན་ལས་འགྱུར་བ་དང་མི་རྟག་པ་གཉིས་ཆོས་ཐམས་ཅད་ཀྱི་རྩ་བའི་རང་བཞིན་ཡིན་པར་གསུངས་བ་བཞིན། ལོས་ཞོ་ཏུང་གི་རི་མོ་འདིའི་ཐོག་ཏུ་འདས་ཟིན་པའི་གཤིན་པོ་ཞིག་གི་ཤ་ཁྲག་འདུས་བཅས་ཀྱི་ཕུང་བོ་དེ་གནམ་དུ་འཕུར་ཞིང་ས་རུ་ལྡིང་བཞིན་པའི་བྱ་རྒོད་ཀྱི་ཚོགས་ལ་བགོ་བྱ་རྒྱག་བཞིན་པའི་རྣམ་པ་འཇིགས་སུ་རུང་བ་ཞིག་བྲིས་འདུག ཟུར་ཞིག་ཏུ་མཚོན་དོན་གྱི་རིན་ཐང་ཆེན་པོ་མེད་པའི་མི་འགའ་ཡང་བྲིས་འདུག་མོད་གང་ལྟར་དེ་དག་ནི་ཤ་ལ་དགའ་ཞིང་ཁྲག་ལ་རྔམ་པའི་བྱ་རྒོད་ཀྱི་ཚོགས་ལས་གལ་ཧ་ཅང་གིས་ཆུང་བར་བྲིས་འདུག གང་ཡིན་ཟེར་ན་རི་མོ་འདིར་བྱ་རྒོད་ཀྱིས་མི་རྣམས་ཀྱིས་འཇིགས་ཡེར་ཡེར་བྱེད་པའི་མཐར་ཐུག་གི་འཆི་བ་ཞེས་པ་དེ་མཚོན་འདུག་ཡོད་པས་སོ།།

ལོས་ཞོ་ཏུང་གི་རི་མོ་གཉིས་པ་དེ་གོང་གི་མཚོ་བོད་ལྕགས་ལམ་གྱི་རི་མོ་དང་མི་འདྲ་བར་སྒྱུ་རྩལ་བ་ཁོ་རང་ཉིད་ཀྱི་རང་བྱུང་མི་གཤིས་དང་ཧ་ཅང་ཐག་ཉེ་བའི་ཚོར་སྣང་ཞིག་ངང་གིས་སྟེར་བར་བྱེད། འགྲེམ་སྟོན་ཁང་གི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་ཀཱ་རན་སུ་མས་ཐུ་ལགས་ཀྱིས་རི་མོ་སྒྱུ་རྩལ་བ་ལོས་ལ་བཅར་འདྲི་བྱེད་སྐབས་ཀྱང་ལོས་ཞོ་ཏུང་གིས་སྒེར་ངོས་ནས་མཐར་ཐུག་གི་འཆི་བ་ཞེས་པའི་ལྡོག་མེད་ཀྱི་ལམ་ཁ་དེར་བཟུང་བའི་སེམས་ཀྱི་འཇིགས་སྣང་ཁག་གསལ་སྟོན་བྱས་སོང་། རི་མོ་འདི་དག་ལས་སྒྱུ་རྩལ་བ་ལོས་ཀྱིས་ནང་བསྟན་གཞུང་ལུགས་སྤྱད་ནས་འཆི་བ་ལ་ཕྱི་ཚུལ་ནས་ཁ་གཏད་གཅོག་བཞིན་པའི་ངང་ཚུལ་མཐོང་ཐུབ། རྒྱུ་མཚན་གང་ཡིན་ཟེར་ན་ལོས་ཀྱིས་བོད་ཀྱི་ཕུང་བོ་བྱ་གཏོར་གྱི་རི་མོ་འདི་ལས་བོད་མི་དག་གིས་འཆི་བ་ཞེས་པའི་མཐར་ཐུག་གི་རང་བཞིན་ལ་ངེས་ཤེས་རྙེད་ནས་འཆི་བདག་གི་འཇིགས་སྐྲག་ལས་བརྒལ་འདུག་པ་མཐོང་ཐུབ་ཡོད་པས་སོ།།

ཡང་ལྟ་གྲུབ་དེར་ཞིབ་ཚགས་པོར་བལྟས་རྗེས་ཕྱོགས་ཁ་ཤས་ནས་སྒྱུ་རྩལ་བ་ལོས་ཞོ་ཏུང་གིས་ནང་བསྟན་གཞུང་ལུགས་ནང་གི་འཆི་བ་ཞེས་པར་གོ་རྟོགས་གཏིང་ཟབ་ལོན་མེད་པ་དང་། ཡང་གོ་དོན་ཁ་ཤས་ལ་གོ་ལོག་རེ་ཡང་ཐེབས་ཡོད་པ་ཡང་ཤེས་ཐུབ། སྐུ་ཞབས་ཀཱ་རན་སུ་མས་ཐུ་ལགས་ཀྱི་བཅར་འདྲིའི་ཁྲོད་དུ་ལོས་ཞོ་ཏུང་གིས་འཆི་བར་འགྲེལ་བཤད་རྒྱག་རྒྱུར། མི་དང་མིའི་ཚེ་སྲོག་ནི་འདུས་བཅས་རང་བཞིན་གྱི་དངོས་པོ་ཞིག་ཡིན་ལ་དེ་ནི་ནམ་ཞིག་འཇིག་ཅིང་རུལ་ནས་མཐར་རང་བྱུང་ཁམས་ཆེན་མོའི་ཁ་ཟས་སུ་འགྱུར་འགྲོ་ཟེར། དེར་བརྟེན། ཁོས་ཚེ་སྲོག་ལ་ལྟ་ཚུལ་ནི་ཕྱི་ཚུལ་གྱི་དངོས་གཙོ་སྨྲ་བའི་གཞུང་ལུགས་ཀྱི་ཚེ་སྲོག་ཅ་དངོས་སམ་གཟུགས་ཅན་ཁོ་ནར་ལྟ་ཚུལ་ཙམ་རེད།

བོད་བརྒྱུད་ནང་བསྟན་གཞུང་ལུགས་ཀྱིས་སྐྱེ་བ་དང་འཆི་བ་གཉིས་ནི་སེམས་ཅན་ཀུན་གྱི་ལྷན་སྐྱེས་རང་བཞིན་དུ་ཁས་ལེན་བྱེད་ལ། དེ་བཞིན་ནང་བསྟན་གྱི་ལྟ་གྲུབ་གལ་ཆེན་གཞན་ཞིག་ནི་ཐོག་མ་མེད་པའི་རྣམ་ཤེས་ཁས་ལེན་བྱེད་པ་དེ་རེད། རྣམ་ཤེས་ནི་ནུས་པའི་རང་བཞིན་ཞིག་གམ་ཡང་ན་ཀུན་གཞིིའི་བག་ཆགས་ལྟ་བུ་ཞིག་ཡིན་ལ་དེ་སེམས་ཅན་རང་རང་གི་ལས་དང་རྒྱུ་འབྲས་ཀྱི་རྟེན་འབྱུང་ལ་བརྟེན་ནས་སྐྱེ་བ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མར་འཕོས་ཏེ་འགྲོ་བཞིན་ཡོད། སེམས་ཅན་རང་རང་གི་སྐྱེ་འཆི་གཉིས་ནི་ཕན་ཚུན་ལྟོས་གྲུབ་ཀྱི་རང་བཞིན་དུ་ཡོད་པས་གལ་སྲིད་ཁྱོད་ཀྱིས་སྐྱེ་འཆི་གཉིས་ཕན་ཚུན་འབྲེལ་མེད་དོན་གཞན་དུ་མཐོང་ཚེ་དེ་ནི་གཞི་རིམ་གྱི་ལྟ་བའི་ནོར་འཁྲུལ་ཉག་ཅིག་རེད། ནང་བསྟན་གཞུང་ལུགས་ཆེན་པོ་དག་ལས་སེམས་ཅན་དག་གི་ཉོན་མོངས་དུག་གསུམ་འཕེལ་བའི་རྩ་བའི་འབྱུང་ཁུངས་ནི་སྐྱེ་འཆི་གཉིས་དང་འབྲེལ་བའི་ཐོག་མེད་མ་རིག་པའི་དབང་གིས་ཡིན་པར་འདོད།

གལ་སྲིད་ཁྱེད་ཀྱིས་ཅིའི་ཕྱིར་བོད་ཀྱི་དགོན་པ་ཆེ་ཆུང་མང་ཆེ་བ་དུར་ཁྲོད་དང་ཡང་ན་ཕུང་བོ་བྱ་གཏོར་གཏོང་སའི་ཉེ་འགྲམ་དུ་བཞེངས་བསྐྲུན་བྱས་པ་རེད་ཅེས་བསམ་བློ་བཏང་མྱོང་ཚེ་གཞི་ནས་སྐྱེ་འཆི་གཉིས་ཀྱི་གལ་ཆེན་རང་བཞིན་ཡང་བདེ་བླག་ཏུ་རྟོགས་ཐུབ། བོད་ཀྱི་བཀའ་གདམས་པའི་དགེ་བཤེས་ཆེན་པོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཁོ་རང་གི་དགོན་པ་ཆེད་དུ་ཕུང་བོ་བྱ་གཏོར་གཏོང་སའི་དུར་ཁྲོད་ཅིག་ཏུ་བཞེངས་བསྐྲུན་གནང་བ་རེད། དེར་མ་ཟད་ནམ་རྒྱུན་ཁོང་གི་བཞུགས་ཁྲིའི་མདུན་དུ་མིའི་ཀེང་རུས་སྐམ་པོ་དག་བཀྲམས་ནས་འཇོག་སྲོལ་ཡོད། ཕུང་བོ་བྱ་གཏོར་གྱི་མཚོན་དོན་དངོས་ནི་ཕྱི་འདུས་བཅས་ཀྱི་ཕུང་བོ་ནི་དེ་འདྲའི་གལ་ཆེན་ཞིག་མིན་པས་དེ་ལས་ནང་སེམས་ཀྱི་ཞི་བདེ་ནི་སེམས་ཅན་ཐམས་ཅད་ཀྱི་འཚོ་བའི་སྙིང་བ་ཡིན་པ་རེད། དེར་བརྟེན། དེ་འདྲའི་མི་རྟག་པའི་གཟུགས་ཕུང་ཞིག་དོན་མེད་རུལ་དུ་འཇུག་པ་ལས་བཀྲེས་ལྟོགས་ཀྱིས་མནར་བའི་བྱ་རྒོད་ཚོགས་ལ་རང་ཉིད་ཀྱི་ཕུང་བོ་སྦྱིན་པར་བཏང་ནས་དགེ་བ་རླབས་ཆེན་གསོག་པ་སོགས་བྱེད་སྒོ་དེའི་ཁྲོད་དུ་གནད་དོན་མང་བོ་འདུས་ཡོད། ནང་བསྟན་གྱི་མཐར་ཐུག་གི་དམིགས་ཡུལ་ནི་ཐར་བ་དང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་དུ་གཤེགས་ནས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་དཀའ་ངལ་ལས་གཏན་དུ་ཐར་བར་བྱེད་རྒྱུ་དེ་རེད། ནང་བསྟན་ལྟ་གྲུབ་འདི་འདས་བོ་གང་གི་ཤུལ་ལུས་ནང་མི་དག་གི་བློ་ཕམ་དང་སེམས་སྡུག་ཆུང་དུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད།

ཕུང་བོ་བྱ་གཏོར་གཏོང་སའི་རྔམ་ལ་བརྗིད་པའི་བོད་མཐོ་སྒང་གི་རི་འདབས་སུ་སྒྱུ་རྩལ་བ་ཁོང་གིས་བོད་མི་ཐུན་མོང་གིས་ཞལ་འདོན་བྱེད་པའི་གཟུངས་སྔགས་མ་ཎིའི་ཡིག་དྲུག་ལེགས་པར་བརྐོས་འདུག ཡི་གེ་གཅིག་མ་གཏོགས་གཞན་ཚང་མ་སྡེབ་དག་པར་བྲིས་འདུག མ་ཎི་ཡིག་དྲུག་ནི་འཕགས་མཆོག་སྙིང་རྗེའི་རང་གཟུགས་ཐུགས་རྗེ་ཆེན་པོའི་མཚན་གྱི་གཟུངས་སྔགས་ཡིན། ཨོྃ་ཀྱིས་གཙང་བ་དང་ཡང་དག་པ་མཚོན་པས་གཟུངས་སྔགས་ཀུན་གྱི་འགོ་འདྲེན་ཡིན་ལ། མ་ཎི་ཞེས་པའི་དོན་ནི་རིན་པོ་ཆེ་སྟེ་ང་ཚོའི་གཉུག་མའི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ལ་ཟེར། པདྨ་ཞེས་པའི་དོན་ནི་ནམ་ཞིག་གཉུག་སེམས་རང་བཞིན་འོད་གསལ་བ་དེ་ཉིད་མེ་ཏོག་པད་མ་ཁ་འབུས་པ་བཞིན་མངོན་དུ་འགྱུར་བར་བྱེད་དགོས་པའི་དོན། ཧཱུྃཿ ཞེས་པ་ནི་ཐུགས་སྐུལ་བའི་གཟུངས་སྔགས་ཏེ་མཇུག་སྡུད་པར་བྱེད་པའི་དོན་ཡིན། ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་རྨང་གཞིར་བྱས་པའི་རི་མོ་དེས་བོད་སྲོལ་རྒྱུན་གྱི་ཆོས་ལུགས་བསམ་བློ་གཅིག་བོ་མཚོན་པ་ཙམ་མ་ཡིན་པར་ཆབ་སྲིད་ཐད་ཀྱི་རིན་ཐང་ཡང་མཉམ་དུ་ཁུར་ནས་སླེབས་ཡོད།

ཕྱོགས་གཞན་ཞིག་ནས་གཟུངས་སྔགས་ཡི་གེ་དྲུག་མ་འདིས་འདུས་བཅས་ཀྱི་རང་བཞིན་མི་རྟག་པ་མཚོན་ལ་དེ་བཞིན་རིན་པོ་ཆེས་སྐྱེ་འགྲོ་ཀུན་གྱི་རྒྱུད་ན་ཡོད་པའི་གཞི་བདེ་གཤེགས་སྙིང་བོའི་ས་བོན་མཚོན་ཡོད། དེར་བརྟེན། དཔེར་ན་འཁོར་བའི་འདམ་རྫབ་ཏུ་སྐྱེས་པའི་མེ་ཏོག་པད་མའི་ངོས་ཀྱི་ནག་ནོག་གི་དྲི་མ་མཐའ་དག་བསལ་བ་བཞིན། རང་རྒྱུད་སེམས་འོད་གསལ་བའི་རང་བཞིན་ལ་ཡང་རང་ངོས་ནས་ཤེས་རྟོགས་ཟབ་མོ་ཐོབ་རྗེས་གཞི་ནས་མཛེས་སྡུག་གིས་ཆེས་ཆེར་བཞད་པའི་མེ་ཏོག་པད་མ་བཞིན་ནམ་ཞིག་དགེ་བའི་ས་བོན་ཡོངས་སུ་སྨིན་ངེས་ཡིན་ནོ།།

(བསྟན་འཛིན་རིག་གྲོལ་ལགས་ནི། བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་བ་གྲགས་ཅན་དང་སྙན་ངག་པ། འཐབ་རྩོད་པ་བཅས་ཡིན།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 5 བཀོད་འདུག

5 Responses to ལོས་ཞོ་ཏུང་གིས་བྲིས་པའི་བོད་ཀྱི་རི་མོ།

  1. རྐ་འོད་ཟེར་ ནས།

    རྩོམ་ཡིག་འདིའི་མ་རྩོམ་གྱི་དུམ་མཚམས་འགའ་ཤས་མྱུར་ཀློག་བྱས་ནས་བསྒྱུར་རྩོམ་ལ་ཞུགས་པ་ན་ལོ་ཙ་བ་འདིའི་བྱང་རྩལ་ཚད་ངེས་ཅན་ཞིག་ལས་བརྒལ་འདུག་པ་ཕྲལ་མར་རྟོགས་ནུས་ལ་འདི་ལྟ་བུའི་སྐད་ཡིག་གཉིས་ཀྱི་མཁའ་དབྱིངས་སུ་ཅི་འདོད་དུ་འཕུར་ཐུབ་པའི་མི་བུ་དག་ལ་རང་དབང་གི་མཁའ་དབྱིངས་ཡངས་པོ་ཞིག་ཕྱེས་པ་ནི་སྐར་ཁུང་གི་ཡངས་ཤིང་རྒྱ་ཆེ་བའི་མཐོང་རྒྱ་དང་། སྐོམ་གདུང་གིས་གཟིར་བའི་བོད་ཡིག་ཀློག་པོ་དག་ལ་དྭངས་གཙང་གི་གཏེར་ཆུ་བསིལ་མོ་ཞིག་གི་གནང་སྦྱིན་བྱས་པ་བཞིན་ཅི་འདྲ་བསྔགས་རི་བའི་བྱ་གཞག་ཞིག་རེད་ཨང་། སྐར་ཁུང་ལགས་ཁྱེད་ཀྱི་མཛད་འཕྲིན་དབྱར་མཚོ་བཞིན་རྒྱས་པར་སྨོན།

  2. ཡེ་ཤེས་རྒྱ་མཚོ། (ཀླུ་སྨྱོན) ནས།

    རི་མོས་རོ་དང་རུས་པ་སྟོན། །
    རི་མོས་སྐྱེ་དང་འཆི་བ་སྟོན། །
    རི་མོར་དགའ་སྐྱོ་ཆགས་སྡང་སྟོན།
    རི་མོས་ཁྲག་དང་མཆི་མ་སྟོན། །

  3. ལྕགས་མོ་འཚོ། (གཡུ་ཞུན) ནས།

    རྩོམ་འདི་བཀླགས་ཟིན།ཡག་པོ་བསྒྱུར་འདུག་་སྐར་ཁུང་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་དྲ་རྒྱ་ཚད་ལྡན་དེའོ།

  4. སྦྲ་རིགས་ཐོགས་མེད་ ནས།

    རྩོམ་ཡིག་འདིའི་མ་རྩོམ་ཞིབ་ཚགས་པོ་ཞིག་བཀླགས་ཟིན་རྗེས། གཞི་ནས་ཁྱེད་ཀྱིས་དེང་རབས་བོད་ཀྱི་ཨིན་ཡིག་རྩོམ་པ་བོ་དག་གི་གནས་ཚད་ཀྱང་དགའ་དགོས་པ་ཞིག་ཏུ་སླེབས་ཡོད་པ་རྟོགས་ཐུབ། མ་མཐོང་རྒྱང་རིང་གི་སྒྱུ་རྩལ་བ་རིག་གྲོལ་ལགས་སུ་བཀྲ་ཤིས་བདེ་ལགས་ཞུ།

  5. ནམ་རྒྱུན་རྩོམ་ཡིག་རེ་རེ་བཞིན་ཀློག་གིན་ཡོད། སྐར་ཁུང་དྲྭ་དྲྭ་བདག་དང་བཅས་ཚེ་རིང་ལོ་བརྒྱ།

Write a Reply or Comment

Your email address will not be published. Required fields are marked *

*