ང་ཚོའི་ས་ཆ། ང་ཚོའི་མི་མང་།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

བཅར་འདྲི་ཞུ་ཡུལ། བསྟན་འཛིན་རིག་གྲོལ།
བཅར་འདྲི་ཞུ་མཁན། ཞ་རོན་ ཧོམ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཕ་མའི་རེ་འདོད་འགྲུབ་པར་འབད་བརྩོན་བྱེད་རྒྱུ་ནི་བཙན་བྱོལ་ནང་གི་བོད་མི་ཚོར་མཚོན་ན་ལས་གཞི་ཞིག་ཏུ་གྱུར་ཡོད། སྤྱི་ལོ་༢༠༡༡ ལོར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་སྒྱུ་རྩལ་པ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བོད་ནས་ས་སྤྱི་རྒྱ་༢༠༠༠༠་འགོག་སྲུང་འོག་གི་ས་མཚམས་བརྒྱུད་བལ་ཡུལ་དུ་དབོར་འདྲེན་གནང་ཡོད་ཅིང་། དེ་ནས་ཡང་བསྐྱར་བཙན་བྱོལ་བོད་མི་མང་ཆེ་ཤོས་ཀྱི་སྡོད་གནས་རྒྱ་གར་རྡ་རམ་ས་ལ་རུ་དབོར་འདྲེན་གནང་ཡོད་པ་རེད། སྤྱི་ཟླ་༡༠པའི་ནང་ཁོང་གིས་བོད་ཕྲུག་ཁྱིམ་སྡེ་རུ་བོད་ཀྱི་ས་ཡིས་བཟོས་པའི་སྟེགས་བུ་ཞིག་གསར་བསྐྲུན་གནང་ཡོད། ཉིན་གསུམ་གྱི་རིང་ལ་བོད་མི་ཚོ་ཁོང་ཚོའི་ཕ་ཡུལ་ནས་འཁྱེར་ཡོང་བའི་ས་ཕུང་དེའི་ཐོག་ཏུ་གོམ་པ་སྤོ་བར་བསླེབས་ཡོད་ཅིང་། ས་དེར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཀྱང་རབ་གནས་གནང་འདུག རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་འཛིན་སྐྱོང་འགན་འཛིན་པ་ཞ་རོན་ཧོམ་གྱིས་སྤྱི་ལོ་༢༠༡༢ལོའི་ཟླ་༦་པའི་ནང་བསྟན་འཛིན་རིག་གྲོལ་དང་ལྷན་དུ་གཤམ་གསལ་གྱི་གླེང་མོལ་འདི་གནང་ཡོད།

ཞ་རོན་ཧོམ།
ཁྱོད་ཀྱིས་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་བྱེད་པར་སྐད་བཏང་སོང་ཡང་ཁྱེད་ལ་གྲ་སྒྲིག་བྱེད་པར་དུས་ཚོད་རེག་མ་སོང་ཞེས་བརྗོད་དོན་ག་རེ་ཡིན་ནམ། འགྲོ་ལུགས་ལྟར་བོད་ཆས་ཤིག་གྱོན་པ་ལས་ལོགས་ཀར་ཁྱོད་ཀྱིས་ག་རེ་གྲ་སྒྲིག་གནང་དགོས་པ་རེད།
བསྟན་འཛིན་རིག་གྲོལ།
གསར་འགོད་པ་ཚོ་ཡོད་སྐབས། ཁོང་ཚོས་ག་རེ་འདྲི་མིན་ང་ཚོས་ཤེས་ཀྱི་ཡོད་པ་རེད། ༸གོང་ས་མཆོག་ལ་མཇལ་ཁ་ཞུ་བར་མི་འདྲ། སྐུ་མདུན་གྱི་བཀའ་གསུང་ལ་དངོས་གནས་དོ་སྣང་ཆ་ཚང་བར་བྱེད་པ་དང་དེར་སྤྲོ་བོ་ཡོང་བར་རང་ཉིད་ཀྱིས་སོ་སོའི་བསམ་བློའི་ནང་ནས་གྲ་སྒྲིག་བྱེད་དགོས། རིན་པོ་ཆེ་ཁོང་ནང་དུ་ཕེབས་འགོ་བརྩམས་མ་ཐག་ཡོད་ཚད་ཁུ་སིམ་སིམ་ཆགས་སོང་། དེ་ནི་མི་སྒེར་གྱི་ཉམས་མྱོང་ཡག་པོ་ཞིག་རེད། ཁོང་གིས་ཕྱག་མཛུབ་ཚུར་བརྐྱངས་སོང་། ཐོག་མར་ངས་ཁོང་གིས་ག་རེ་གནང་གི་ཡིན་མིན་ཧ་གོ་མ་སོང་། ཁོང་གིས་ང་ལ་སྐུ་རྩེད་གནང་གི་ཡོད་པ་རེད་དམ། དེའི་རྗེས། ཁོང་གིས་ས་ཕུང་དེའི་ཐོག་“བོད”་ཅེས་པའི་ཡིག་འབྲུ་དེ་བྲིས་གནང་སོང་། ངས་དེ་ནི་དངོས་གནས་དྲང་གནས་ཀྱི་ལྟ་ན་སྡུག་པ་ཞིག་རེད་བསམས་སོང་། ཁོང་གིས་ང་ལ་ཕ་བུ་ལྟ་བུའི་བཀའ་སློབ་གནང་སོང་སྟེ། ང་ཚོས་རྒྱ་མི་མི་སྒེར་ལ་མི་སྒེར་བཞིན་འབྲེལ་བ་གནང་དགོས་ཤིང་། བོད་དོན་གྱི་སྒང་ལ་ང་ཚོས་ག་རེ་སྒྲུབ་ཐུབ་པ་ཡིན་ན་སྒྲུབ་དགོས། སྒྱུ་རྩལ་གྱི་ལམ་དང་ཡང་ན་ཐབས་ལམ་གཞན་པ་དག་ཡིན་ཡང་འགྲིག་གི་རེད་ཅེས་དང་། ཁོང་གིས་ད་དུང་ང་ལ་“སེམས་ཤུགས་མ་ཆགས”་ཞེས་གསུངས་སོང་།

ཞ་རོན་ཧོམ།
༸གོང་ས་མཆོག་མཛད་སྒོའི་སྟེང་དུ་ཞབས་སོར་འཁོད་སོང་ངམ།
བསྟན་འཛིན་རིག་གྲོལ།
ཞབས་སོར་འཁོད་ཡོད་པ་མ་རེད། དེར་བརྟེན། ང་ཚོས་ས་ཡིས་བཀང་པའི་ཤིང་གཞོང་དེ་ཁོང་གི་སྤྱན་ལམ་དུ་ཕུལ་བ་ཡིན། ཁོང་གིས་དེའི་སྟེང་དུ་བོད་ཅེས་པའི་ཕྱག་བྲིས་མཛད་རྗེས་ངས་དེ་ཕྱིར་ལ་ཁྱེར་སྟེ་སའི་སྟེགས་བུའི་སྒང་ལ་བཞག་པ་ཡིན། མི་རྣམས་ཀྱིས་ས་ཕུང་དེ་དང་དེའི་ཐོག་གི་ཡིག་འབྲུ་དེར་མགོ་བོ་བཏུད་དེ་ཁོང་ཚོའི་བརྩི་བཀུར་བསྟན་སོང་ལ། ཁོང་ཚོས་དེ་ནི་བྱིན་རླབས་ཤིག་བཞིན་ལེན་འགོ་བརྩམས་སོང་།

ཞ་རོན་ཧོམ།
ས་དེ་ལྷུ་བསྒྲིགས་བྱས་ནས་ཕལ་ཆེར་ཟླ་བ་བརྒྱད་འགོར་འདུག ས་རྡོག་རེ་རེས་ག་རེ་བྱས་ཡོད་མེད་སྐོར་ཁྱོད་ལ་སྤྱི་ཡོངས་ནས་ཤེས་རྟོགས་ཨེ་ཡོད། ཁྱོད་ཀྱིས་མི་རྣམས་ལ་ཁྱོད་ཀྱི་དྲ་རྒྱའི་སྒང་ལ་འདྲ་པར་འཇོག་པའི་རེ་སྐུལ་ཞུ་ན་འགྲིག་གི་རེད།
བསྟན་འཛིན་རིག་གྲོལ།
དེ་ནི་བསམ་ཚུལ་ཡག་པོ་ཞིག་རེད། ངས་དེ་འདྲ་གནང་བར་འབད་བརྩོན་བྱེད་ཆོག སྐབས་དེར་ང་ཚོས་མི་རྣམས་ཀྱིས་ཁོང་ཚོར་ཚོར་བ་ག་རེ་བྱུང་བ་བཤད་སའི་སྒྲ་སྐྱེལ་ཁ་པར་ཞིག་བཞག་ཡོད། མི་ཁ་ཤས་ཀྱིས་ཁོང་ཚོའི་ཚོར་བ་ཡིག་ཐོག་ལ་བཀོད་སོང་། ངས་བོད་མི་སྟོང་ཕྲག་ཉུང་ཤས་ཤིག་གིས་དེ་འདྲ་གནང་སོང་བསམ་གྱི་འདུག ཕལ་ཆེར་མི་བརྒྱ་ཆ་དྲུག་ཅུ་ཡིས་བོད་ཡིག་ནང་ལ་བྲིས་སོང་། མི་བརྒྱ་ཆ་སུམ་ཅུ་ནས་བཞི་བཅུ་ཡིས་ཨིན་ཡིག་ནང་ལ་བྲིས་འདུག དེ་དག་ནི་དངོས་གནས་དང་བ་འདྲེན་པ་ཞིག་རེད། དཔེར་ན། “ང་ནི་ལོ་རིམ་གསུམ་པའི་སློབ་ཕྲུག་ཅིག་ཡིན། ངས་ས་ཕུང་འདིའི་སྟེང་དུ་རྗེས་ཕྱོགས་སློབ་སྦྱོང་ལ་དངོས་གནས་ཧུར་བརྩོན་བྱེད་པའི་དམ་བཅའ་འཇོག་གི་ཡིན།” ཡང་ན། “ང་ནི་དགེ་རྒན་ཞིག་ཡིན། སློབ་ཁྲིད་བྱེད་ཐུབ་པར་ངས་ཡོད་ཚད་བསྒྲུབ་ཀྱི་ཡིན།” ཞེས་བྲིས་འདུག འདི་དག་གིས་སེམས་ལ་སྐུལ་ལྕག་ཧ་ཅང་ཆེན་པོ་འཐེབས་སོང་། ངས་གཏམ་དཔེའི་ཚིགས་བཅད་ལྟ་བུ་དེ་དག་བཤེར་འབེབས་གནང་རྗེས་རྩོམ་དེབ་ཆུང་ཆུང་དེ་འདྲའི་ནང་ལ་འཇོག་གི་ཡིན། ཁོང་ཚོའི་འདྲ་པར་དྲ་རྒྱའི་སྟེང་དུ་འཇོག་པའི་བསམ་ཚུལ་དེར་ང་རང་དངོས་གནས་དགའ་བོ་འདུག དེའི་སྐོར་སེམས་ལ་དྲན་པ་ཙམ་གྱིས་ངའི་སེམས་པ་དེ་དག་གི་སྒང་ལ་ཤོར་འགྲོ་བཞིན་འདུག

ཞ་རོན་ཧོམ།
ང་རང་ཁྱོད་ཀྱི་ལས་རིགས་དག་ལ་དངོས་གནས་དགའ་པོ་ཡོད། ལེའུ་རེ་རེའི་འཁྲབ་སྟོན་ནི་སྐད་ཅིག་མའི་རང་བཞིན་རེད། ཡིན་ཡང་། ཁྱོད་ཀྱི་འཁྲབ་སྟོན་དུམ་བུ་འདི་མུ་མཐུད་གནས་ངེས་ཡིན་པ་འདྲ། སྒྱུ་རྩལ་པ་ནི་གསར་སྐྲུན་བྱེད་མཁན་གཙོ་བོ་ཡིན་པའི་ཚབ་ལ། ཁྱོད་ལ་ལས་རིགས་དེའི་ཆ་ཤས་རེ་རེར་འཛུལ་ཞུགས་བྱེད་མཁན་དང་མ་འོངས་བར་དམ་བཅའ་འཇོག་མཁན། ལས་རིགས་དེ་གསོན་པོར་གནས་བར་བྱེད་མཁན་གྱི་མི་དམངས་འདུག
བསྟན་འཛིན་རིག་གྲོལ།
ང་ལ་ཐོག་མར་བསམ་ཚུལ་དེ་བྱུང་སྐབས་ངས་ལས་འཆར་བྲིས་པ་ཡིན། ལས་འཆར་འབྲི་དུས་དེ་ནི་ངའི་བསམ་ཚུལ་ཡིན་པར་བསམས་ཡོད། རྗེས་ནས་ང་རང་ནི་ཡི་གེ་སྐྱེལ་མཁན་ཁོ་ན་ཞིག་ཡིན་པའི་ངེས་ཤེས་རྙེད་བྱུང་། ལས་གཞི་དེ་ང་ལས་ཆེ་བ་འདུག དེར་བརྟེན། ངས་ཡང་བསྐྱར་ལས་འཆར་དག བྲིས་པ་ཡིན། ངས་“ང་ཆེན་པོ”་བྲིས་ཡོད་ས་ཚང་མ་“ང་ཆུང་བར་”འགྱུར་བ་བཏང་པ་ཡིན་ལ། ད་དུང་ངའི་རང་གི་མིང་ཡང་ཡིག་ཆུང་ནང་བྲིས་པ་ཡིན། འདི་ནི་མི་ཚང་མའི་ལས་གཞི་རེད། ང་རང་མི་རྣམས་ཀྱིས་ལས་གཞི་དེ་ཇི་ལྟར་དོན་སྙིང་ལྡན་པ་ཞིག་ཏུ་བཟོས་པར་སྤྲོ་བས་ཁེངས་སོང་།

ཞ་རོན་ཧོམ།
མི་རྣམས་ཀྱིས་ཕྱིར་བསྟན་པའི་རྣམ་འགྱུར་ནི་ཐོབ་ཤོར་དང་དྲན་གདུང་། ཡུལ་གྱར་གྱི་འཚོ་བ་ཁོ་ན་མིན་པ་ནི་ངོ་མཚར་ཆེ་བ་ཞིག་རེད། ཁོང་ཚོ་ནི་རེ་བ་ཅན་རེད་འདུག་སྟེ། ང་ཚོས་ས་ཕུང་དེའི་སྟེང་ལ་ས་བོན་ཞིག་འདེབས་ཆོག ང་ཚོས་ས་དེ་ལུས་སྟེང་ལ་བྱུགས་ཆོག ང་ཚོས་འདི་རུ་མེད་པའི་མི་དེ་དག་གི་ཆེད་ལ་ས་རྡོག་ཅིག་གཉེར་ཆོག་ཅེས་རེ་བ་བསྟན་འདུག བོད་པའི་ཕ་ས་ཕྱིའི་རྣམ་པའི་ཐོག་ནས་དེར་མེད་ནའང་། ཡ་ལན་འདི་ཚོ་ནི་ད་ལྟ་དོན་སྙིང་ཅན་དུ་འགྱུར་གྱིན་པའི་ས་རྡོག་དུམ་བུ་དེ་ཡི་ཆ་ཤས་གལ་ཆེན་ཞིག་རེད།
བསྟན་འཛིན་རིག་གྲོལ།
ཐེངས་མང་པོར་ང་ཚོས་རྟོག་དཔྱོད་ལྡན་པའི་རེ་བ་ཚད་ལས་བརྒལ་བ་རྒྱག་བཞིན་ཡོད། མཚམས་རེར་ང་ཚོ་ནི་སེམས་ཚོར་དྲག་པོའི་སེམས་ཅན་འབའ་ཞིག་རེད། དེ་འདྲ་ཡིན་པའི་སྟབས་ཀྱིས་བྱ་དངོས་གང་ཞིག་རེག་ཚོར་གྱིས་ཤེས་ཐུབ་པ་ཡིན་དུས། དཔེར་ན། བོད་ནས་དབོར་འདྲེན་གནང་ཡོང་བའི་ས་འདི་འདྲ་ཆུང་ཆུང་ཞིག་ལའང་རིག་པའི་རྣམ་གཞག་ཅིག་ལས་ལྷག་པའི་ནུས་ཤུགས་ཆེན་པོ་ཡོད་པ་རེད། བོད་མི་ཚོ་ནི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ལྡན་པའི་མི་རིགས་ཤིག་རེད། ཁྱོད་ཀྱིས་མདུན་ཅོག་སྟེང་དུ་བརྗོད་གཞི་གང་རུང་ཞིག་བཞག་ཚེ། ཁྱོད་ལ་ཐ་དད་པའི་བསམ་ཚུལ་དང་བགྲོ་གླེང་འདྲ་མིན་ལྔ་ནས་དྲུག་རག་གི་རེད། དེར་བརྟེན། ངས་སྡིངས་ཆ་དེའི་མཐོ་ཚད་ཧྥེ་ཊི་དྲུག་ལ་བཏང་བ་ཡིན། མཐོ་ཚད་དེ་ལས་བརྒལ་མཁན་བོད་མི་ཉུང་ཤས་ཤིག་མ་གཏོགས་ཡོད་མ་རེད། དེ་ལྟར་གནང་ན་ཁོང་ཚོ་སྡིངས་ཆའི་ཕྱོགས་སུ་བཅར་སྐབས་གར་སྟེགས་ཀྱི་རྩེད་མོ་ཁོ་ན་མ་གཏོགས་ས་ཕུང་དེ་མཐོང་ཐུབ་ཀྱི་མེད། དེ་འདྲ་སོང་ཙང་། ཁོང་ཚོས་ས་དེ་མཐོང་སྐབས་བསླད་མེད་ཀྱི་སེམས་ཚོར་དྲག་པོ་ཞིག་གི་ཐོག་ནས་ཕྱིར་རྣམ་འགྱུར་བསྟན་ཡོད། ཁོང་ཚོ་ལ་སོ་སོའི་རྣམ་འགྱུར་སྐུང་བའི་དུས་ཚོད་ལྡང་ངེས་ཤིག་མེད། དམིགས་བསལ་གྱིས་བྱིས་པ་ཆུང་ཆུང་ཚོ་ནི་དངོས་གནས་ཡིད་རྟོན་རུང་བ་ཞིག་རེད། ངས་ཁོང་ཚོ་ཅི་ཡང་བརྗོད་ཀྱི་མ་རེད་བསམས་སོང་། ཡིན་ཡང་། ཁོང་ཚོས་དངོས་གནས་ཤིན་ཏུ་ངོ་མཚར་བ་འགའ་བཤད་སོང་། ལ་ལ་ཞིག་ལོ་བརྒྱད་དང་དགུ་ཙམ་རེད། བྱིས་པ་ལ་ལས་བཤད་ལེན་གླུ་གཞས(rap song)་ཀྱང་བཏང་སོང་། ཁོང་ཚོ་ནི་དངོས་གནས་དྲང་གནས་ཀྱི་ལྷད་མེད་པ། སེམས་ཚོར་དྲག་པོ་ཅན། ནུས་ཤུགས་ཆེན་པོ་ལྡན་མཁན་ཞིག་རེད། དོན་དངོས་སུ་བྱིས་པ་ཁ་ཤས་ཀྱིས་ས་ཟ་གི་འདུག ལ་ལས་ཁོང་ཚོའི་གདོང་ལ་ས་འཇོག་གི་འདུག ཡང་ཁ་ཤས་ཤིག་གིས་མགོ་ལ་འཇོག་གི་འདུག དེ་དག་ནི་ཧ་ཅང་འཕྲུག་ཉམས་དོད་པོ་ཞིག་རེད། སྣང་ཚུལ་དེ་འདྲ་དེ་སྔ་མང་པོ་འབྱུང་གིན་འདུག་སྟབས། ངས་གང་ལ་བལྟ་དགོས་པའང་ཤེས་མ་སོང་།

ཞ་རོན་ཧོམ།
ནུས་ཤུགས་ལྡན་པའི་རྣམ་འགྱུར་སློང་ཆེད་རེག་ཤེས་ཀྱིས་ཚོར་བ་སློང་བ་དེ་ཧ་ཅང་གལ་ཆེན་པོ་རེད། ཐེངས་ཤིག་ང་ཚོ་ཧོ་ལོ་རྡོ་མོར་གྱི་གནོད་འཚེ་ཕོག་ཡུལ་དག་གི་ཆེད་དུ་བཞེངས་པའི་དྲན་རྟེན་ཁང་དུ་ལྟ་སྐོར་ལ་སོང་བ་ཡིན། ཧོ་ལོ་རྡོ་མོར་ནི་སྤྱི་ལོ་༡༩༣༢་ནས ༡༩༣༣ བར་བྱུང་བའི་མིས་བཟོས་མུ་གེ་རེད། དེའི་ནང་དུ་མི་ས་ཡ་མང་པོ་མུག་ཤི་ཐེབས་ཤིང་མི་འབོར་ཧ་ཅང་མང་པོ་ཞིག་བཙན་གྱིས་བྱེ་ཐང་དུ་ཤི་བར་བཏང་བ་རེད། ཁོང་ཚོ་བྱེ་ཐང་དུ་བཏང་སྐབས་མི་མང་པོ་ཞིག་གིས་སྔོན་ཆད་ཁོང་ཚོ་སྡོད་སའི་ས་ཆ་ནས་ས་རྡོག་ཆུང་ཆུང་འཁྱེར་ནས་ཡོང་ཡོད་པ་རེད། དེའི་རྗེས། ས་རྡོག་དེ་ཚོ་མི་ཞིག་ནས་མི་གཞན་ཞིག་ལ་བརྒྱུད་སྤྲོད་གནང་ཤིང་། འགྲེམས་སྟོན་ཁང་བཞེངས་ཚར་དུས་ས་རྡོག་དེ་ཚོ་ཕྱོགས་བསྡུ་གནང་འདུག ད་ལྟ་ས་དེ་དེའུ་འབུར་ཞིག་གི་ནང་བཅུག་སྟེ་ལྕགས་ཀྱི་ཀ་ཟླུམ་ཞིག་གི་རྩེ་མོ་རུ་བཞག་འདུག་ཅིང་། ཀ་ཟླུམ་དེ་ཤལ་སྒོའི་ནང་དུ་འོད་སྣང་ཞིག་གི་འོག་ལ་བཞག་འདུག ཁྱོད་ཀྱིས་ལས་འཆར་དེ་སྒྲུབ་པའི་འདུན་པ་ཆེན་པོ་གཅིག་ནི་རང་གི་ཕ་ལོ་ལ་ཕྱིར་དངོས་པོ་ཞིག་སྤྲོད་པའི་ཆེད་དམ་བོད་ཀྱི་ས་རྡོག་པོ་ཞིག་ཁོང་ལ་ཕྱིར་སྤྲོད་པའི་ཆེད་ཡིན་པ་ངས་ཤེས་ཀྱི་ཡོད། ཡིན་ཡང་། ང་ཚོས་ད་ལྟ་ཁྱོད་ཀྱི་ལས་འཆར་དེ་ཇི་ལྟར་རེག་བྱའི་ཚོར་ཤུགས་ཆེན་པོ་ཞིག་ཡིན་པ་དང་དེར་ཁྱད་ཆོས་ངེས་ཅན་ཇི་ལྟར་ལྡན་མིན་སྐོར་གླེང་གི་ཡོད་རེད། བོད་དེ་སྐད་ཡིག་དང་རིག་གཞུང་གི་ཕྱོགས་ནས་བལྟས་ན་བརླགས་ཡོད་ནའང་། ཕྱོགས་གཞན་ཞིག་ནས་བལྟས་ན། བོད་ནི་ད་དུང་ཧ་ཅང་གསོན་པོར་གནས་ཡོད་སྟབས་ཁྱོད་ཀྱིས་ལས་གཞི་འང་གསོན་པོར་གནས་ཡོད་པའི་བོད་ཀྱི་སྐོར་ལ་རེད། བོད་ནི་ཁོང་ཚོའི་སེམས་ཁོང་དུ་གནས་ཡོད་ཅིང་། བོད་མི་ཚོའི་བླ་སྲོག་གི་ནང་ལ་རུམ་ནས་བསྡད་ཡོད་པ་རེད། ཁྱོད་ཀྱིས་དེ་འདྲ་བསམ་གྱི་འདུག་གམ།
བསྟན་འཛིན་རིག་གྲོལ།
བསམ་གྱི་འདུག བསམ་གྱི་འདུག བོད་ནང་གི་བོད་མི་མང་པོ་ཞིག་གིས་གཞིས་བྱེས་གཉིས་ཀ་ཕྱི་ལོག་གི་བཙན་ཤུགས་ཤིག་སྟེ་རྒྱ་གཞུང་གིས་རྡོག་རྩ་གཅིག་སྒྲིལ་གནང་ཡོད་པ་བརྗོད་ཀྱི་ཡོད་པ་རེད། ཡིན་ནའང་། ཐེངས་འདིའི་རྡོག་རྩ་གཅིག་སྒྲིལ་ནི་ལོ་རྒྱུས་ཀྱི་རྡོག་རྩ་གཅིག་སྒྲིལ་སྐོར་རེད། དེ་ནི་ཧ་ཅང་འགྲོགས་འདྲིས་ཟབ་པའི་མིང་སྲིང་གཉིས་ཀས་གལ་ཏེ་ང་ཚོ་ཆབས་ཅིག་ཏུ་འཛོམས་ན་ཅི་འདྲའི་སྐྱིད་པ་ལ་ཞེས་པའི་སྐོར་ལ་གླེང་གི་ཡོད་པ་དང་འདྲ། བོད་ནང་གི་བོད་མི་མང་པོ་ཞིག་གིས་ས་འདིའི་སྡིངས་ཆ་མཐོང་ཡོད།

ཞ་རོན་ཧོམ།
ཕྱི་ལོག་གམ་རྒྱ་ནག་ནང་ལོག་གི་ཧན་མི་རིགས་ཚོས་རྣམ་འགྱུར་གང་རུང་བསྟན་སོང་ངམ།
བསྟན་འཛིན་རིག་གྲོལ།
ངས་སྒྱུ་རྩལ་པ་གཉིས་ལས་གཞི་འདི་ཡིས་ཧ་ཅང་སེམས་འགུལ་ཐེབས་བཅུག་སྟེ་ཁོང་གཉིས་ཀའི་གྲོགས་པོ་དག་ལས་གཞི་དེར་བལྟ་བར་རེ་སྐུལ་གནང་འདོད་ཡོད་པ་མཐོང་སོང་། ཁོང་ཚོས་བོད་མི་ཚོས་ཇི་ལྟར་ཚོར་གྱི་ཡོད་མེད་སྔོན་ཚུད་ནས་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་། བོད་དེ་ཁོང་ཚོའི་མེས་རྒྱལ་དང་ཁ་འཕྲལ་དུ་འགྲོ་བར་བལྟ་བ་དང་ཁ་གསལ་གོ་བདེའི་ཞིག་གི་ལམ་ནས་འབྲེལ་ལམ་འཛུགས་པར་བྱེད་རྒྱུ་ནི་ཐ་དད་རེད། དེ་དང་ཆབས་ཅིག་ཏུ་མང་པོ་ཞིག་ལས་གཞི་དེ་གསར་འགྱུར་བརྒྱུད་ལམ་དུ་ཐོན་པར་དགའ་གི་མི་འདུག ཚགས་པར་ཐོག་ཏུ་མི་ཞིག་གིས་“རྒྱ་གར་གྱི་སྐྱེས་པ”་དེས་ས་འཁྱེར་ནས་ཞེས་དེ་སྔ་གཤེ་གཤེ་གཏོང་གི་འདུག ཁོང་ཚོས་ང་ནི་རྒྱ་གར་བ་ཞིག་རེད་བསམས་འདུག མང་པོ་ཞིག་གིས་ལས་གཞི་དེའི་བརྗོད་དོན་ཧ་གོ་མི་འདུག གལ་ཏེ་ཁྱོད་ལ་ས་དགོས་ན་ཁོང་ཚོས་སྤྲོད་ཆོག་ཟེར།

ཞ་རོན་ཧོམ།
ང་ཚོས་དེ་སྔ་བོད་ཀྱི་གཞོན་སྐྱེས་ཁ་ཤས་ཤིག་ལ་ནུས་ཤུགས་ལྡན་པའི་ཐབས་ལམ་མང་པོ་བརྒྱུད་དེ་ཕྱི་ལོག་གི་ཧན་རྒྱ་རིགས་ཚོ་ཚུད་པའི་རྒྱ་ནག་གི་གཞོན་སྐྱེས་ཚོར་འབྲེལ་མཐུད་གནང་རྒྱུ་ནི་ང་ཚོར་མཚོན་ན་གལ་ཆེན་ཇི་ལྟར་ཡིན་པའི་སྐོར་ལ་སྐད་ཆ་བཤད་པ་ཡིན། དྲིལ་བསྒྲགས་ཀྱི་དབང་གིས་ངས་ཕྱི་ལོག་གི་རྒྱ་མི་གཞོན་སྐྱེས་ཚོའི་ཁྲོད་ནས་ཁྱོད་ཀྱི་ལས་གཞི་ལ་འགོག་རྒོལ་ཐོག་མ་ཡོང་གི་ཡོད་པ་མཐོང་ཐུབ་ཀྱི་འདུག དཔེར་ན། ལ་ལས་ཁྱོད་ཀྱིས་ཁྱེད་རང་གི་ལས་གཞི་དེར་ཅིའི་ཕྱིར་“ང་ཚོའི་ཡུལ་དང་མི་དམངས་”ཞེས་བཏགས་པ་རེད་ཅེས་དྲི་བ་འདྲི་གིན་འདུག གལ་ཏེ་ཁྱོད་ལ་རྒྱ་ནག་གི་གཞོན་སྐྱེས་སློབ་མ་ཚོར་ཐད་ཀར་སྐད་ཆ་བཤད་ཐུབ་པའི་དབང་དུ་བཏང་ན་ཁྱོད་ཀྱིས་ག་རེ་བརྗོད་ཀྱི་ཡིན།
བསྟན་འཛིན་རིག་གྲོལ།
ཐོག་མར་གློག་བརྙན་འདི་མི་གླེང་བར་བྱ། ང་རང་རྒྱ་མི་གྲོགས་པོ་ཚོར་ག་དུས་ཐུག་པ་ཡིན་ན། ངས་ཁོང་ཚོར་ང་རང་ལ་ཡིད་ཆེས་མ་གནང་རོགས་ཞེས་བརྗོད་ཀྱི་ཡོད། ངས་ཁྱོད་རང་ཚོ་ལ་དངུལ་སྒོར་གྱི་ཕྱོགས་གཅིག་ཁོ་ན་སྟོན་གྱི་ཡོད། ཕྱོགས་གཞན་པ་དེ་ཁྱོད་ཚོའི་ལག་ན་ཡོད་པ་རེད། ངས་ང་རང་གི་སྐོར་གྱི་སྒྲུང་ཁོ་ན་བརྗོད་ཀྱི་ཡོད། ང་རང་གི་སྒྲུང་འདི་དངོས་སྒྲུང་ཡིན་པར་ང་རང་གདེང་ཚོད་ཡོད། ཡིན་ཡང་། ཁྱོད་ལ་ཁྱོད་རང་ཉིད་ཀྱི་བླང་དོར་འབྱེད་བྱེད་ཀྱི་ཤེས་རབ་ཡོད་པ་རེད། དེར་ངས་བརྩི་བཀུར་བྱེད་ཀྱི་ཡོད། དེར་བརྟེན། ཁྱོད་རང་ཉིད་ཀྱི་ཤེས་རབ་ལ་བརྩི་བཀུར་བྱས་ཏེ་ཞིབ་འཇུག་མང་པོ་གནང་རོགས། དེའི་རྗེས་ཐག་གཅོག་གནང་ཞེས་བརྗོད་ཀྱི་ཡོད། སྐབས་བབ་གློག་བརྙན་གྱི་སྐོར་ནས་བཤད་ན། དེ་ནི་ཐོག་མར་མི་སྒེར་གྱི་ལས་དོན་ཞིག་གི་ངོ་བོའི་ཐོག་ནས་འགོ་བཙུགས་པ་རེད། རྗེས་ནས་བོད་ཀྱི་སྐོར་ལ་འབྲེལ་བ་ཆགས་པ་རེད། ངས་ནམ་རྒྱུན་ང་རང་ལ་དེ་ནི་འགྲོ་བ་མིའི་ཐོབ་ཐང་མ་རེད་ཅེས་བརྗོད་ཀྱིན་ཡོད། ང་རང་ལ་མཚོན་ན་བོད་ནི་མཚམས་རེར་ལྐོག་ཟ་རུལ་སུང་གི་སྟོབས་ཤུགས་ལ་འགོག་རྒོལ་བྱེད་པའི་སྐོར་རེད། ང་རང་ཧ་ལམ་ཅི་ཡང་མེད་ཀྱང་མགོ་བོ་མི་སྒུར་བའི་རུ་ཁག་ཆུང་ཆུང་དེར་གཏོགས་པར་སྤོབས་པ་སྐྱེས་ཀྱི་ཡོད།

ཞ་རོན་ཧོམ། ང་ཚོས་ཁྱོད་དང་ཀྲང་ཧོང་ཐུའུ་གཉིས་མཉམ་འབྲེལ་སྒོས་སྤྱི་ལོ་༢༠༡༠ལོའི་ཟླ་༡༢་ནང་ལིག་ཞའོ་པོའོ་ཡི་སྐོར་ལ་ལས་གཞི་ཞིག་བརྩམས་པར་ཁྱོད་ལ་ཉམས་མྱོང་ག་རེ་རག་ཡོད་མེད་སྐོར་ལ་སྐད་ཆ་བཤད་པའི་གོ་སྐབས་གཏན་ནས་རག་མ་སོང་། ཧོང་ཐུའུ་ཡིས་ཁྱོད་ཀྱི་ལས་རིགས་ལ་གདེང་འཇོག་ཧ་ཅང་ཆེན་པོ་བྱེད་ཀྱིན་འདུག

བསྟན་འཛིན་རིག་གྲོལ། ཧོང་ཐུའུ་ནི་རླབས་ཆེན་གྱི་སྒྱུ་རྩལ་པ་ཞིག་རེད། མི་ཡང་ཧ་ཅང་བཟང་པོ་ཞིག་རེད། འདི་ནི་ང་རང་ངོ་མཚར་ཆེ་བའི་རྒྱ་ནག་གི་སྒྱུ་རྩལ་པ་ཞིག་དང་ལྷན་དུ་ལས་ཀ་བྱས་པ་ཐེངས་དང་པོ་ཡིན། ང་རང་ཁོང་དང་ཐུག་པར་ཧ་ཅང་སྤོབས་པ་སྐྱེས་བྱུང་། ང་རང་རྟག་པར་རྒྱ་ནག་གི་གཞོན་སྐྱེས་ཚོ་ཁོ་ན་མ་ཡིན་པར་རྒྱ་མི་ཚང་མར་ཐུག་འདོད་ཡོད། ང་རང་གིས་ཁོང་ཚོའི་ག་རེ་ཚོར་གྱི་ཡོད་མེད་དང་ག་རེ་བསམ་གྱི་ཡོད་མེད་སྦྱངས་ཏེ་ང་ཚོའི་སྒྲུང་ཁོང་ཚོར་བཤད་འདོད་ཡོད།

ཞ་རོན་ཧོམ། རེད། ང་ཚོ་ཕན་ཚུན་མཐོང་ཐོས་བྱེད་དུ་མི་འཇུག་པའི་དྲིལ་བསྒྲགས་ཀྱི་བརྩིགས་གྱང་དེ་བརྒལ་དགོས་ཀྱི་འདུག ཁྱོད་ཀྱི་ལས་གཞི་ཡིས་སེམས་ཚོར་དྲག་པོའི་བདེན་པ་དག་ཕན་ཚུན་བཤད་རེས་བྱེད་སའི་བར་སྟོང་ཞིག་གསར་སྐྲུན་བྱེད་ཀྱིན་འདུག བར་སྟོང་དེ་རུ་མི་རྣམས་ཀྱིས་ཕན་ཚུན་མཐོང་ཐུབ་ཀྱི་འདུག
བསྟན་འཛིན་རིག་གྲོལ། མི་ཚང་མས་རྒྱལ་ཁབ་འདི་དང་ཡང་ན་གཞན་གྱི་སྐོར་ལ་བཤད་ཀྱི་མི་འདུག ཁོང་ཚོའི་རང་ཉིད་ཀྱི་སྒྲུང་དག་བརྗོད་ཀྱིན་འདུག དེར་ཕན་ཚུན་འབྲེལ་ལམ་འཛུགས་པའི་ནུས་ཤུགས་ཆེན་པོ་ཡོད་པ་རེད།
ཞ་རོན་ཧོམ། འགོ་རྩོམ་སྐབས་ཁྱོད་ལ་རེ་འདོད་གང་དག་ཡོད། ཁྱོད་ཀྱིས་ག་རེ་ལ་སྦྱངས་པ་ཐོབ་སོང་།
བསྟན་འཛིན་རིག་གྲོལ། གལ་ཏེ་ང་རང་ལ་བསམ་ཚུལ་ཤུགས་ཆེན་པོ་ཞིག་ཡོད་པ་སྟེ། རྩོམ་ཡིག་འབྲི་བའམ་ཡིག་སྒྱུར་བྱེད་པ། ཡང་ན། གཞན་པ་ཞིག་ཡོད་དུས་ངས་བྱ་བ་གཞན་ཅི་ཡང་སྒྲུབ་ཐུབ་ཀྱི་མི་འདུག ང་ལ་དངོས་གནས་གོམས་གཤིས་ངན་པ་འདི་ཡོད། བསམ་ཚུལ་དེ་ངའི་ཕ་ལོའི་རེད། ངའི་པ་ཕ་དེའི་སྒང་ལ་རེ་འདོད་ཤུགས་ཆེན་པོ་ཞིག་ཡོད་རེད། ཡིན་ཡང་། དེ་ནི་ངའི་ཨ་ཕ་གཅིག་པུ་མ་རེད། ཁོང་གིས་“ང་མ་ཤི་སྔོན་ལ་བོད་ལ་འགྲོ་འདོད་འདུག” ཁོས་འདི་ལྟར་བརྗོད་ངེས་རེད། ཁོང་ལ་མི་སེར་གྱི་ཐོབ་ཐང་མེད་པར་བཀྲོངས་ཚར་བ་རེད། ཐོག་མར་ངས་ཁོང་བོད་མི་གཞན་དག་མང་པོ་བཞིན་འགྲོ་མ་ཐུབ་ན། ངས་ཁོང་ཚོར་བོད་ཀྱི་ས་འཁྱེར་ནས་ཡོང་སྲིད་པ་རེད། མི་རྣམས་ཀྱིས་ཕྱིར་ལ་ལན་ཇི་ལྟར་སློག་མིན་ངས་དངོས་གནས་ཤེས་ཀྱི་མེད། ལས་གཞི་དེ་མངོན་འགྱུར་ཡོང་བའི་ཆེད་དུ་ང་དེའི་སྟེང་ལ་འཚུད་སོང་། ངས་ལས་གཞི་དེར་དངོས་གནས་ཡིད་ཆེས་བྱེད་མཁན་གྱི་མི་རྣམས་དེའི་ནང་དུ་བདམས་པ་ཡིན། གང་ཡིན་ཞེ་ན། ལས་གཞི་འདིའི་རིགས་ལ་བསམ་བློ་ཧ་ཅང་ཡག་ཕྱོགས་ནས་གཏོང་མཁན་གྱི་མི་དགོས་ཀྱི་ཡོད་པ་རེད། མི་རྟོག་དཔྱོད་ཅན་ཡིན་དྲག་ན་ཁྱོད་རང་ལམ་ཐག་རིང་བོར་ཐོན་གྱི་མ་རེད། སྤྱི་ཡོངས་ཀྱི་ལས་གཞི་འདི་ཐོག་མའི་བསམ་ཚུལ་ནས་ལག་ལེན་བར་དུ་ལེགས་འགྲུབ་བྱུང་བར་ཁྱོན་བསྡོམས་ཟླ་བ་བཅུ་བདུན་ལྷག་འགོར་སོང་། སྟབས་ལེགས་ནས་ང་རང་ལ་སྒྲུབ་ཕྱོགས་ཀྱི་ནུས་པ་ཆེན་པོ་རག་སོང་།

ཞ་རོན་ཧོམ། སྒྱུ་རྩལ་གྱི་ལས་རིགས་དག་མཇུག་བསྒྲིལ་བར་ནམ་རྒྱུན་དུས་ཡུན་རིང་པོར་འགོར་གྱི་རེད། ལས་གཞིོ་འདི་ཁྱོད་ཀྱི་ལས་གཞི་གཞན་དག་དང་མི་འདྲ་འམ།
བསྟན་འཛིན་རིག་གྲོལ། དངོས་གནས་མི་འདྲ་རྒྱུ་མེད། ང་རང་ཉིད་ཀྱི་ལས་རིགས་ལ་དགའ་བོ་ཡོད། ཡིན་ཡང་། ང་སྒྱུ་རྩལ་པ་གཞན་པ་ནང་བཞིན་དེར་དགའ་བོ་མེད། དུས་རྒྱུན་བདུན་ཕྲག་གཅིག་གམ་ཡང་ན་སྒྱུ་རྩལ་གྱི་ལས་གཞི་ཞིག་མཇུག་སྒྲིལ་རྗེས་ངས་དེ་ཇི་ལྟར་སྔོན་ལས་ལེགས་པར་བསྒྲུབས་པར་མཐོང་གི་འདུག ས་ཕུང་དེ་འགྲེམ་སྟོན་མ་བྱས་གོང་གི་མཚན་མོ་དེར་མང་ཚོགས་དེར་ཡོང་མིན་ང་ལ་སེམས་ཁྲལ་སྐྱེས་སོང་། མི་རྣམས་ཀྱིས་བྱིས་པ་འདི་སྨྱོས་འདུག་པར་བསམ་སྲིད་དམ། བོད་མི་སྟོང་ཕྲག་ལས་གཞི་དེའི་ནང་འཚུད་དེ་སོ་སོའི་འདོད་མོས་བཞིན་གནང་དུས་ང་རང་ཞེད་སྣང་སྐྱེས་སོང་། ཉིན་གསུམ་པར་ཤུལ་དུ་ས་ཅི་ཡང་ལྷག་མེད་པར་ཚང་མ་འཁྱེར་ཚར་འདུག་་་་་་་ གསར་པ་ཞིག་གི་འགོ་ཚུགས་སོང་།

ཞ་རོན་ཧོམ། ང་ཚོས་དྲ་ལམ་གྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་དེ་ལག་ལེན་གྱི་གླེང་སྟེགས་ཤིག་ལ་བསྒྱུར་འདོད་ཡོད། མི་གཞན་དག་གླེང་སྟེགས་དེའི་ནང་དུ་ཞུགས་པའམ་ཁོང་ཚོས་ཀྱང་གླེང་སྟེགས་ལས་”ས་རྡོག་”རེ་འཁྱེར་བའི་སྐུལ་ལྕག་གཏོང་འདོད་ཡོད། ཁྱོད་ལ་རྒྱ་སྐད་བཤད་མཁན་དག་གམ་ཡང་ན་མི་གཞན་པ་དག་ལ་བཤད་འདོད་པ་དེ་འདྲ་ཡོད་དམ།
བསྟན་འཛིན་རིག་གྲོལ། ངས་ག་རེ་ལབ་དགོས་མིན་ཤེས་ཀྱི་མི་འདུག ཁྱོད་ཚོས་བཅར་འདྲི་འདིར་གཟིགས་པར་བཀའ་དྲིན་ཆེ་ཁོ་ན་ཞུ་འདོད་བྱུང་། ང་རང་ཧ་ཅང་དགའ་བོ་བྱུང་སོང་ལ་ཁྱོད་ཚོས་བཅར་འདྲི་བྱས་པར་གཟི་བརྗིད་དུ་ཚོར་གྱི་འདུག་ ངས་འདི་ནི་རྒྱ་ནག་གི་སྐོར་ལ་རྒྱུས་ལོན་མང་ཙམ་དང་རྒྱ་མི་གྲོགས་པོ་མང་པོ་ཞིག་བསྒྲིགས་པའི་གོམ་སྟབས་ཐོག་མ་ཡིན་པར་བསམ་གྱི་ཡོད། གལ་ཏེ་དེ་རུ་ཁོང་ཚོས་ཧ་མི་གོ་བ་དེ་འདྲ་ཡོད་ན་ངས་ཁོང་ཚོར་བརྙན་རིས་བསྟན་སྟེ་ང་ཚོ་གྲོགས་པོ་བྱེད་ཅེས་བརྗོད་ཆོག ཁྱོད་ཀྱིས་ང་རང་འདི་གར་སྐད་བཏང་པར་ཐུགས་རྗེ་ཆེ།

༼སྒྱུར་མཁན་གྱི་གསལ་བཤད། གོང་གསལ་གྱི་པར་འདི་དག་ནི་”ཕ་ཡུལ་དྲན་གསོ”་ཞེས་པའི་གློག་བརྙན་གྱི་ཟུར་ཞིག་རེད། པར་བ་བསྟན་འཛིན་ཚེ་བརྟན་མཆོག་ལེ་རེད། ༽

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ང་ཚོའི་ས་ཆ། ང་ཚོའི་མི་མང་།

  1. བཟོད་པ་ལྷ་རྩེ་ ནས།

    ཚང་མ་ཀློག་པ་ཡིན། སྐད་ཡིག་གཅིག་ཁོ་ན་ལས་མི་ཤེས་པ་བདག་དང་བདག་འདྲ་པོ་རྣམས་ལ་གཞན་གྱི་སྐད་ཡིག་ཐོག་ཡོད་པའི་ཆེད་རྩོམ་དང་། མི་སྣ་ངོ་སྤྲོད། ཆབ་སྲིད་སོགས་ཤེས་བྱ་མང་པོ་རང་སྐད་ཐོག་ནས་མྱོང་རྒྱུ་ཡོད་པ་བཟོ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ།

Write a Reply or Comment

Your email address will not be published. Required fields are marked *

*