གློག་མེད་པའི་རྒྱ་གར།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
བྷཱ་ཤཱ་ར་ ཕེ་ཨར་གྱིས་བརྩམས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

གཟའ་ཟླ་བའི་ཞོགས་པ་འགོ་ཚུགས་མ་ཐག་རྒྱ་གར་གྱིས་རང་གི་ལོ་རྒྱུས་ནང་གློག་ཆད་པའི་དུས་ཡུན་ཆེས་སྡུག་ཤོས་ཀྱི་དཀའ་སྡུག་མྱངས་ཡོད། སྤྱི་མཐུན་སྲིད་གཞུང་གི་གློག་རྫས་ཀྱི་ལྕགས་སྒྲོམ་དག་འཐོར་ཞིག་ཏུ་སོང་བ་དང་རྒྱ་གར་ཁྱོན་ཡོངས་ཀྱི་མི་འབོར་གྱི་ཕྱེད་ཀ་ལས་བརྒལ་བའི་མི་གྲངས་ཧ་ལམ་ས་ཡ་དྲུག་བརྒྱ་ལ་གློག་ཆད་ཡོད་པ་རེད། འགྲུལ་བཞུད་པ་སྟོང་ཕྲག་ཁ་ཤས་སྐྱེལ་ནས་འགྲོ་མཁན་གྱི་མེ་འཁོར་དག་གྲོང་ཁྱེར་གྱི་མཐའ་མཚམས་དག་སྟེ་མི་མེད་ལུང་སྟོང་གི་གྲོང་གསེབ་ཀྱི་ལྕགས་ལམ་དག་གི་སྟེང་དུ་འགག་བསྡད་ཡོད་ཅིང་། བྱེ་ཐང་གི་མངའ་སྡེ་དག་སྟེ། དཔེར་ན། རཱ་ཇི་སི་ཐན་གྱི་སྨན་ཁང་དག་གི་མྱུར་སྐྱོབ་སྡེ་ཚན་དག་ལའང་གློག་ཆད་ཡོད། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འགྲིམ་འགྲུལ་ཕྱོགས་སྟོན་གྱི་གློག་སྒྲོན་དག་ཤི་ཡོད་ལ། གནས་འདི་གའི་འཚང་ཁ་ཤིག་ཤིག་གི་གཞུང་ལམ་(1)ཐོག་ཏུ་ཉིན་རེར་མོ་ཊ་སྟོང་ཕྲག་ཁ་ཤས་འཕར་སྣོན་བྱེད་ཀྱི་ཡོད། བདུན་ཕྲག་གཉིས་ཀྱི་གོང་ལ་རྒྱ་དཀར་ནག་གི་ས་མཚམས་དང་ཉེ་བའི་རྒྱ་གར་བྱང་ཤར་གྱི་ཨ་སམ་(2)མངའ་སྡེའི་ནང་དུ་མི་རིགས་བྱེ་བྲག་པའི་དབར་ལ་དྲག་སྤྱོད་བྱུང་སྟེ་ཕལ་ཆེར་མི་དམངས་སྟོང་ཕྲག་བཞི་བཅུ་ལ་སྡོད་ཁྱིམ་མེད་པར་བཟོས་ཡོད་ཅིང་། མཚན་མོར་སྐྱབས་བཅོལ་བའི་སྡོད་སྒར་དག་གཞན་ལས་ལྷག་པའི་མུན་ནག་ཆགས་ཡོད། ཝེ་སི་ཊི་བྷན་གྷལ་ནང་གི་གཏེར་ཁའི་རླུང་ལམ་ནང་དུ་ཡང་གཏེར་ཁ་འདོན་མི་བརྒྱ་ཕྲག་འགྲུལ་སྐྱོད་བྱེད་མ་ཐུབ་པར་ལྷགས་ཡོད།

གློག་ཆད་པའི་གཞི་རྒྱ་དེ་གསར་པ་རེད། ཡིན་ནའང་། གློག་ཆད་པའི་བསམ་ཚུལ་དེ་གསར་པ་མ་རེད། བདུན་ཕྲག་རེ་རེར་གློག་ཉིན་གཅིག་དང་གཉིས་ལ་ཆད་པའམ་ཉིན་རེར་གློག་ཆུ་ཚོད་ཁ་ཤས་ལ་ཆད་འགྲོ་བ་དེ་རྒྱ་གར་གྱི་རྒྱུན་ལྡན་གྱི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་ཅིང་། སྣང་ཚུལ་དེར་མི་དམངས་ཀྱིས་དམིགས་བསལ་གྱི་ཐ་སྙད་ཅིག་བཏགས་ཡོད་པ་ནི་“རྡོག་ཁྲེས་སྐོར་སྐྱོད”་ཅེས་པ་འདི་རེད། གློག་ཆད་པའི་སྣང་ཚུལ་དེ་གྲོང་ཁྱེར་གྱི་ས་ཆ་ཞིག་ནས་གཞན་ཞིག་ལ་ཁྱབ་ནས་འགྲོ་དུས་རྡོག་ཁྲེས་སྐོར་སྐྱོད་འདི་འབྱུང་གི་ཡོད།

ཕྱི་ཟླ་ལྔ་པའི་ཟླ་མཇུག་གི་ཕྱི་དྲོ་ཞིག་ལ་ང་ལྡི་ལི་རུ་གཉེན་སྒྲིག་བྱས་པ་ཡིན། སྐབས་དེར་ངའི་འཇིགས་སྣང་ཆེ་ཤོས་ནི་གློག་ཆད་ས་རེད་བསམས་པ་དེ་ཡིན། ཡིན་ནའང་། སྟབས་ལེགས་པ་ཞིག་ལ་གློག་ཆད་མ་སོང་། ཚ་གྲངས་ཧྥ་རན་ཧེཊ་ཏུའུ་༡༡༥་དང་དྲོ་གྲང་སྙོམ་བྱེད་ཀྱི་འཕྲུལ་ཆས་གཉིས་ཀྱི་འོག་ནས་གཉེན་སྟོན་ཡག་པོ་བྱུང་སོང་། ཡིན་ནའང་། དེ་ནི་ཐོག་མ་ཙམ་རེད། གློག་གི་བར་ཆད་ལ་གདོང་ལེན་བྱེད་སྟངས་འདི་བཟའ་ཚང་ཞིག་ཇི་ལྟར་འཚོ་དགོས་པའི་སློབ་གཉེར་གྱི་ཆ་ཤས་ཤིག་ཏུ་གྱུར་སོང་།

ཆང་སའི་མཛད་སྒོ་ཚར་བའི་བདུན་ཕྲག་ཉུང་ཤས་ཤིག་གི་རྗེས་ནས་ང་དང་ཆུང་མ་གཉིས་ཀྱིས་རྡོ་སྣུམ་གྱི་གློག་ཤུགས་ལ་བརྟེན་པའི་སྐམ་གློག་འཕྲུལ་འཁོར་ཞིག་ཉོ་ཆ་རྒྱག་པའི་སྐོར་ལ་ལབ་གླེང་ཐེངས་ཁ་ཤས་བྱས་པ་ཡིན། འཕྲུལ་ཆས་དེ་ནི་ཤིན་ཏུ་ཆེ་བའི་གློག་མཁོ་སྤྲོད་བྱེད་སྤྱད་ཀྱི་གློག་རྫས་ཤིག་རེད། ང་ཚོས་གཅིག་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད། མཚན་གུང་ལ་གློག་ཁུ་སིམ་སིམ་ངང་ཆད་འགྲོ་ཡི་རེད། དབུས་ལྡི་ལི་རུ་ཡོད་པའི་ང་ཚོའི་ཁྱིམ་མཚེས་དག་གི་རྨི་ལམ་སྐམ་གློག་འཕྲུལ་ཆས་བརྒྱ་ཕྲག་དག་གི་འུར་སྒྲས་དཀྲོག་གིན་ཡོད། “ང་ཚོས་ངེས་བར་དུ་སྐམ་གློག་ཅིག་ཉོ་དགོས” ཚ་དྲོད་དང་བཞའ་ཚན་གྱིས་ང་ཚོའི་ལུས་ཕུང་སྦངས་སྐབས་ངེད་གཉིས་ཀྱིས་ཕན་ཚུན་ལ་དེ་ལྟར་ཉོ་བའི་ཁས་ལེན་བྱས།

ང་ཚོས་ཐེངས་ཁ་ཤས་ཤིག་ལ་ཚ་བར་བཟོད་བསྲན་བྱས་པ་ཡིན། དེ་ནས་མཚན་མོ་ཞིག་ལ་ངས་ཁྱིམ་མཚེས་ཁ་ཤས་ཤིག་གིས་མོ་ཊ་བཏང་ནས་རྒྱ་གར་གྱི་སྒོ་ཆེན་ཕྱོགས་སུ་ཚ་བ་ལ་ཉེན་གཡོལ་བྱེད་དུ་འགྲོ་བ་གོ་སོང་། “ངེད་གཉིས་ཀྱང་དེ་རུ་འགྲོ” ངས་དེ་ལྟར་བཤད། ང་ཚོའི་སྡོད་ཁང་ནས་ལེ་དབར་ཁ་ཤས་ཤིག་གི་སར་རྒྱ་གར་གྱི་རྒྱལ་སྒོ་ཡོད་པ་རེད། དེ་ནི་དབྱིན་ཇིས་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་དག་གི་དཀྱིལ་དུ་རྗེས་དྲན་ལ་བཞེངས་པ་ཞིག་རེད་ལ། བརྗིད་ཉམས་ལྡན་པའི་སྲིད་འཛིན་གྱི་ཕོ་བྲང་གི་ཁ་གཏད་དུ་ཡོད། སྤྱིར་བཏང་གིས་བཤད་ན། རྒྱ་གར་གྱི་རྒྱལ་སྒོ་ནི་ལྡི་ལི་ལ་གློག་ཆད་ཚེ་མི་རྣམས་སྐྱབས་བཅོལ་དུ་ཡོང་སའི་ས་ཆ་ཞིག་ཡིན། དེ་རུ་འཁྱགས་པ་བྱེ་རིལ་ཚོང་མཁན་ཚོས་མཚན་གུང་ལ་ཁེ་ཚོང་རྒྱག་གི་ཡོད།

མོ་ཊའི་ནང་དུ་དྲོ་གྲང་སྙོམ་བྱེད་ཀྱི་འཕྲུལ་ཆས་ཡོད་སྟབས་རི་མཐོན་པོའི་སྒང་ན་གནས་པའི་ང་སྐྱེས་སའི་ཀ་ཤི་མིར་ནང་བཞིན་བསིལ་པོ་འདུག་པའི་ཚོར་བ་སྐྱེས་སོང་། ང་ཚོས་རྒྱ་གར་གྱི་རྒྱལ་སྒོའི་མཐའ་སྐོར་ལ་སྐོར་བ་ཆེན་པོ་ཐེངས་ཁ་ཤས་ཤིག་བརྒྱབས་པ་ཡིན། གློག་ཆད་སོང་ན་ཉུང་མཐར་ཆུ་ཚོད་ཁ་ཤས་ལ་ཡོང་གི་མ་རེད། ང་ཚོས་ག་ལེར་འགྲོ་བའི་འབད་བརྩོན་བྱས་པ་ཡིན་མོད། གློག་ཕྱིར་སླེབས་པར་ད་དུང་ཆུ་ཚོད་གཅིག་དང་ཕྱེད་ཀ་དགོས་ཀྱི་འདུག ངའི་ཆུང་མས་“ད་ལྟ་ངེད་གཉིས་གང་ལ་འགྲོ”་ཟེར།

ལྡི་ལི་ཡི་ཇ་ཁང་དང་ཟ་ཁང་དག་མང་ཆེ་ཤོས་དགོང་མོའི་ཆུ་ཚོད་བཅུ་བའམ་བཅུ་གཅིག་སྒང་ལ་སྒོ་རྒྱག་གི་རེད། རྒྱས་སྤྲོས་ཆེ་བའི་མགྲོན་ཁང་དག་མཚན་གུང་བརྒལ་བའི་བར་དུ་སྒོ་ཕྱེ་ཡོད་པ་རེད། ཡིན་ཡང་། གློག་གི་བར་ཆད་ཟློག་ཆེད་དུ་དེར་འགྲོ་བར་འགྲོ་གྲོན་གཏོང་ཐུབ་པ་ཞིག་མ་རེད། སྐབས་འདིར་ངས་སྔོན་ཆད་ཀྱི་དོན་དག་རྙིང་བ་ཞིག་དྲན་པ་སོས་བྱུང་། དགུ་བཅུ་གོ་གྲངས་ཀྱི་ལོ་དཀྱིལ་ནས་ལོ་མཇུག་བར་དུ་ང་རང་དེ་སྔ་ཨ་ལེ་སྒར་གྱི་མཐོ་སློབ་ཏུ་ཡོད། ཨ་ལེ་སྒར་ནི་རྒྱ་གར་གྱི་མངའ་སྡེ་ཆེས་ཆེ་ཤོས་དེ། ཨོ་ཏར་མངའ་སྡེ་ནང་གི་གྲོང་རྡལ་ཆུང་ཆུང་ཞིག་ཡིན། ལྡི་ལི་ནས་དེར་འགྲོ་བར་ཆུ་ཚོད་གསུམ་མ་གཏོགས་འགོར་གྱི་མེད། ཡིན་ཡང་། རྒྱལ་སའི་འཛུགས་སྐྲུན་དག་དང་བསྡུར་ནས་བཤད་ན་གནམ་སའི་ཁྱད་པར་ཤོར་ཡོད། ང་རང་གྲོགས་པོ་གསུམ་དང་ལྷན་དུ་སློབ་གྲྭའི་ཉལ་ཁང་ཞིག་ཏུ་བསྡད་པ་ཡིན། ང་ཚོ་ཚང་མར་གཅིག་ཡོད་པ་ནི་རླུང་འཁོར་ཞིག་རེད། ང་ཚོའི་དངུལ་གྱི་འབྱུང་ཁུངས་ངོས་ནས་བརྗོད་ན། དྲོ་གྲང་སྙོམ་བྱེད་ཀྱི་འཕྲུལ་ཆས་ཤིག་ཉོ་བར་བསམ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

ང་ཚོས་ཁང་པའི་མཐིལ་དང་གྱང་ངོས་དག་ལ་ཆུ་ཟོ་བ་མང་པོ་ཞིག་གཏོར་གྱི་ཡོད། ང་ཚོའི་སློབ་ཆེན་གྱི་དཔེ་མཛོད་ཁང་ལ་གློག་གི་རྒྱབ་རྟེན་ཞིག་ཡོད། སློབ་མ་ཚོས་དེའི་ནང་གི་རླུང་འཁོར་འོག་ལ་འཛུལ་ཆེད་འཚང་ཁ་ཤིག་ཤིག་བྱེད་ཀྱི་ཡོད། གལ་ཏེ་འདུག་སྟེགས་མ་རེག་ཚེ་ང་ཚོས་རྐང་འཁོར་ལ་ཞོན་སྟེ་རྒྱུས་ཡོད་ཀྱི་མུན་ནག་གི་ལམ་ཁ་ཞིག་བརྒྱུད་ནས་ལེ་དབར་ཁ་ཤས་ཤིག་གི་སར་ཡོད་པའི་ཨ་ལེ་སྒར་མེ་འཁོར་ས་ཚིགས་ལ་འགྲོ་ཡི་ཡོད། དེ་ནི་རྒྱ་ཆེ་བའི་མི་སེར་སྤེལ་ཡུལ་གྱི་ཁང་པ་ཞིག་རེད། མེ་འཁོར་འབབ་སྟེགས་སྟེང་གི་གསོལ་ཇ་དེ་ནི་ཞིམ་པོ་འདུག ང་ཚོས་རྒྱང་ཐག་རིང་པོའི་གྲོང་གསེབ་དག་ལ་འགྲུལ་བཞུད་པ་སྐྱེལ་ནས་འགྲོ་མཁན་གྱི་མཚན་མོའི་མེ་འཁོར་དག་ལ་བལྟས་ཏེ་ཆུ་ཚོད་བསྐྱལ་བ་ཡིན།

“ངེད་གཉིས་མེ་འཁོར་འབབ་ཚིགས་ཤིག་ལ་འགྲོ” ངས་དེ་ལྟར་བཤད་པ་ཡིན།
“མེ་འཁོར་འབབ་ཚིགས་ཤིག” ངའི་ཆུང་མ་ཅུང་ཙམ་མགོ་རྨོངས་སུ་བཅུག་སོང་། དེ་རུ་གསོལ་ཇ་ཡག་པོ་ཡོད་པ་མ་ཟད། རླུང་འཁོར་དག་ཀྱང་རྟག་པར་འཁོར་གྱི་འདུག”
ང་ཚོའི་སྡོད་ས་ནས་དེའི་བར་དུ་ལེ་དབར་གཅིག་གཉིས་ཙམ་ལས་མེད། ངེད་གཉིས་ཀྱིས་མོ་ཊ་བཏང་སྟེ་དེར་སོང་བ་ཡིན། མེ་འཁོར་ས་ཚིགས་ཀྱི་ཇ་ཁང་ནང་དུ་རླུང་འཁོར་དག་ཏག་ཏག་འཁོར་གྱི་འདུག ངེད་གཉིས་ཀྱིས་བྱིས་པའི་དུས་སྐབས་ལ་གློག་ཆད་པའི་སྐོར་གྱི་སྒྲུང་དག་ཕན་ཚུན་ལ་བཤད་པ་ཡིན། ཁོ་མོ་ལྡི་ལི་ཡི་གྲོང་ཁྱེར་ཆུང་ཆུང་ཞིག་གི་ནང་ནས་འཚར་ལོངས་བྱུང་བ་རེད། དེ་ནི་མི་འབོར་ས་ཡ་ཉི་ཤུ་ཡོད་པའི་ད་ལྟའི་ལྡི་ལི་དང་བསྡུར་ན་ཁུ་སིམ་པོ་དང་ཆུང་ཆུང་ཡོད་རེད། ད་ལྟ་ལྡི་ལི་ལ་ཟླ་རེར་མི་གྲངས་སྟོང་ཕྲག་མང་པོ་ལས་ཀ་འཚོལ་དུ་ཡོང་གི་ཡོད་པ་རེད། “ང་ཚོ་སློབ་གྲྭར་ཡོད་སྐབས་རླུང་འཁོར་ཡོད། དབྱར་ཁའི་དུས་སྐབས་ལ་ང་ཚོར་གློག་མེད་པ་ཡིན་ན་ང་ཚོ་ཁང་ཀླད་ཐོག་གི་ཉལ་ཁྲིའི་སྒང་ལ་ཉལ་གྱི་ཡོད།” ཆུང་མས་ང་ལ་དེ་ལྟར་ཟེར། “ཡིན་ནའང་། དུས་སྐབས་དེར་མ་མཐར་ཡང་ཉི་མ་ནུབ་མ་ཐག་ཕྱི་ལོག་གི་མཁའ་དབུགས་བསིལ་པོ་ཡོད་རེད།” འདས་པའི་མི་ལོ་ཉི་ཤུའི་ནང་དཔལ་འབྱོར་གོང་འཕེལ་བྱུང་བ་དང་ལྷན་དུ་སྡོད་ཁང་དང་ལས་ཁུངས། མོ་ཊ་བཅས་ལ་དྲོ་གྲང་སྙོམ་བྱེད་ཀྱི་འཕྲུལ་ཆས་ཁྱབ་གདལ་ཧ་ཅང་ཆེན་པོ་བྱུང་ཡོད་པ་རེད། དེ་དག་གིས་ད་ལྟའི་དབྱར་ཁའི་ཚ་བ་སྔོན་མ་དང་བསྡུར་ན་ཇེ་ཆེར་བཏང་ཡོད་པ་འདྲ།

ངས་ང་རང་ཀ་ཤི་མིར་སྡོད་སྐབས་ཀྱི་ཆུང་དུས་ཀྱི་ལོ་ཟླ་ལ་བསམ་གཞིགས་བྱས་པ་ཡིན། གཟའ་འཁོར་གཅིག་ལ་ཉུང་མཐར་ཉིན་ཉུང་ཤས་ཤིག་ལ་ང་ཚོར་གློག་ཆད་འགྲོ་ཡི་རེད། “གློག་ཕྱིར་བསླེབས་སོང་།” འདི་ནི་དེ་སྔ་ང་ཚོའི་གྲོང་གསེབ་ནང་དུ་ཆེས་དགའ་ཚོར་ཆེན་པོས་བསྒྲགས་པའི་ཚིག་ཚོགས་ཤིག་ཡིན། གློག་ཤུགས་ཆུང་བ་ལ་བརྟེན་ནས་ང་ཚོའི་ཁང་པ་ནང་གི་གློག་བཞུའི་ཤེལ་རྡོག་དག་ནི་གསལ་ལ་མི་གསལ་བའི་མདོག་སེར་པོ་ཞིག་ཡིན། ང་ཚོས་ནང་དུ་ས་སྣུམ་གྱི་ལྕགས་ཊིན་ཉུང་ཤས་ཤིག་གཉེར་ཡོད། ས་སྣུམ་གྱི་འོད་སྣང་འོག་ནས་ནམ་རྒྱུན་ངས་ཡི་གེ་ཀློག་པ་དང་སློབ་གྲྭའི་ལས་བྱ་བྲིས་པ་ཡིན། ང་ཡི་སྒྲེ་སའི་རི་མོའི་སྒྲུང་དེབ་དག་གི་ངོ་བཤུས་དག་ལ་བློ་རྕེ་གཅིག་སྒྲིམ་བྱས་ཏེ་ངས་དུས་རྒྱུན་གལ་ཏེ་ཀ་ཤི་མེར་རུ་ཧྥི་ལད་ཤི་(Flash)ཞིག་བསྡད་ཡོད་པའི་དབང་དུ་བཏང་ན་ང་ཚོས་ཁོང་ལ་རྡོག་ཁྲེས་སྐོར་བསྐྱོད་ཀྱི་ང་ཚོའི་གློག་འདིར་བཟོ་བཅོས་རྒྱག་པའི་རེ་བ་ཞུས་ཚར་ཡོད།

ཁྱིམ་ཚང་གི་གཞི་རྒྱ་ཆུང་ཞིང་ཁེ་དབང་ཅན་གྱི་གྲངས་ཉུང་མི་རིགས་ཤིག་ལ་མོ་ཊ་འམ་ཇ་ཁང་ཞིག་གི་ནང་དུ་དཀའ་ངལ་ལས་གཙང་སེལ་གྱི་དུས་སྐབས་འདི་ལྟ་བུ་འཁྱུག་ཙམ་ཞིག་ཡོང་བར་ཚད་བཀག་བཟོས་ཡོད། དེ་རིང་གློག་སླར་གསོ་གནང་རྗེས་ངས་རྒྱ་གར་གྱི་གསར་ལམ་ནང་དུ་གློག་ཆད་པའི་སྐོར་ལ་བགྲོ་གླེང་བྱས་པར་ཆུ་ཚོད་ཉུང་ཤོས་ཤིག་བཏང་པ་ཡིན། གསར་འགྱུར་དྲྭ་རྒྱ་ཞིག་གི་ཐོག་ཏུ་བྱིས་པ་ཚོས་ཡང་ལཱའི་འོད་སྣང་འོག་སློབ་སྦྱོང་བྱེད་བཞིན་པའི་འདྲ་པར་ཞིག་གི་འགྲེལ་བྱང་དུ་“India,1912,”བཀོད་འདུག་ཅིང་དེའི་འཕྲོར་“India:2012.”འདི་འདྲ་ཞིག་བཀོད་འདུག རྒྱ་གར་གྱི་གློག་ནི་མངའ་སྡེའི་འཛིན་སྐྱོང་འོག་ནས་བརྒྱུད་སྦྲེལ་གློག་ལམ་མང་པོའི་གློག་རྫས་ཀྱི་ལྕགས་སྒྲོམ་དག་གིས་བགོ་འགྲེམས་བྱེད་ཀྱི་ཡོད། རྒྱ་གར་གྱི་གློག་གི་བློན་ཆེན་གྱིས་མངའ་སྡེ་ཁ་ཤས་ཀྱི་གློག་རྫས་ལྕགས་སྒྲོམ་དག་གིས་དུས་རྒྱུན་གྱི་ཚད་གཞི་ལས་བརྒལ་བའི་གློག་འཐེན་པར་བརྟེན་ནས་གློག་གི་མ་ལག་ཡོངས་རྫོགས་འཐོར་ཞིག་ཏུ་སོང་བར་འགྲེལ་བརྗོད་གནང་སོང་།

ད་ལྟ་རྩོད་ལེན་བྱེད་དགོས་པ་ནི་མངའ་སྡེ་དག་གིས་རང་རང་གི་ཐོབ་སྐལ་ལས་བརྒལ་བའི་གློག་བེད་སྤྱོད་བྱེད་པར་བཀག་འགོག་ཁོ་ན་བྱེད་པ་ཙམ་མ་རེད། དེ་ནི་སྤྱི་མཐུན་སྲིད་གཞུང་ཡང་ད་ལྟ་འཛིན་སྐྱོང་བྱེད་བཞིན་པའི་མངའ་སྡེ་དག་གི་ཆབ་སྲིད་ཚོགས་པ་ཚོའི་རྒྱབ་སྐྱོར་ལ་བརྟེན་གྱི་ཡོད་སྟབས་སྤྱི་མཐུན་སྲིད་གཞུང་ལ་དཀའ་ངལ་ཞིག་ཆགས་ཡོད། ད་དུང་གློག་རིན་མ་སྤྲད་པར་སྒེར་གྱི་མི་འོས་པའི་ཁེ་ཕན་ནམ་ཧམ་ཟ་བརྒྱུད་དེ་གློག་རྐུ་བ་དང་སྤྱི་དམངས་འཛུགས་སྐྲུན་ཉམས་རྒུད་དུ་སོང་བར་བརྟེན་ནས་བརྒྱུད་སྟོང་གྱོང་གུད་རེག་གིན་ཡོད། འདི་དག་གིས་ད་ལྟའི་གནས་བབ་ལ་ཤུགས་རྐྱེན་ཚབས་ཆེན་ཞིག་སྤྲོད་ཀྱི་ཡོད། ཁ་སང་བར་དུ་རྒྱ་གར་གྱི་གློག་གི་བློན་ཆེན་གནང་མྱོང་བའི་སུའུ་ཤིལ་ཀུའུ་མར་ཤིན་སྡེ་ཡིས་གློག་རྐུ་འཁྱེར་དང་ཚུལ་མིན་གྱི་བརྒྱུད་སྟོང་བྱས་པ་ལས་ཧ་ལམ་བརྒྱ་ཆ་སུམ་ཅུ་སོ་བརྒྱད་གྱི་གྱོང་གུད་རེག་ཡོད་པའི་ཚོད་བགམ་(3)བྱས་ཡོད་པ་རེད།

དུས་མགོ་བརྙན་འཕྲིན་ཐོག་གི་ཁ་ཕྱོགས་ནི་ནམ་རྒྱུན་བཞིན་སྐད་སྒྲ་མཐོན་པོ་དང་ཀྱལ་ཀ་སྒྲོག་སྦྱང་བྱེད་རྒྱུ་དེ་རེད། གློག་ཆད་པ་འདི་རྒྱ་གར་རྒྱལ་ཡོངས་ཀྱི་ཆེ་བསྟོད་ལ་དམའ་འབེབ་ཅིག་བྱས་པ་དང་མཚུངས། ལྡི་ལི་གསར་པའི་ཨིན་སྐད་དྲྭ་རྒྱ་གྲགས་ཅན་གྱི་བརྙན་འཕྲིན་ནང་དུ་“ནུས་མེད་ཀྱི་སྟོབས་ཆེན་རྒྱལ་ཁབ རྒྱ་གར་གྱི་སྟོབས་ཆེན་རྒྱལ་ཁབ་ཀྱི་རྨི་ལམ་ནི་ཁ་མཚར་ཞིག་རེད་དམ(4)”་ཞེས་མགོ་བརྗོད་དུ་འཁོད་པའི་ལེ་ཚན་ཞིག་དུས་ཚོད་གཅིག་གི་རིང་ལ་བསྟན་སོང་། གལ་ཏེ་ཟློས་གར་རང་བཞིན་གྱི་གློག་གི་བར་ཆད་འདིར་བཟང་ཕྱོགས་ཤིག་ཡོད་པའི་དབང་དུ་བཏང་ན། དེ་ནི་གློག་ལ་འབྲེལ་མཐུད་མེད་པའི་མི་གྲངས་ས་ཡ་སུམ་བརྒྱ་ལས་བརྒལ་བའི་རྒྱ་གར་བ་དག་ལ་མཚོན་ན་མུན་ནག་ནི་དངོས་ཡོད་ཅིག་ཡིན་པ་དྲན་སྐུལ་བྱས་པ་དེ་རེད་ལ། དེ་ཡིས་ད་དུང་རྒྱ་གར་གྱི་སྲིད་འཛིན་མན་མོ་ཧན་སིང་ལ་གློག་གི་སྡེ་ཚན་ལ་བསྒྱུར་བཅོས་གཏོང་དགོས་པ་དང་གྲོང་གསེབ་དག་གི་ནང་དུ་གཞི་རྩའི་འཛུགས་སྐྲུན་གྱི་ཐོབ་ཐང་རེག་གི་མེད་པའི་རྒྱ་གར་བ་ས་ཡ་མང་པོར་གློག་གི་མཁོ་སྤྲོད་ཀྱི་གཞི་རྒྱ་རྒྱ་བསྐྱེད་གཏོང་དགོས་པའི་དྲན་གསོ་བཏང་ཡོད། ལོ་མང་པོའི་སྔོན་ལ་མན་མོ་ཧན་ཁོང་རང་ལའང་གློག་མེད་པ་དང་ཁོང་གིས་ཀྱང་ཡང་ལཱའི་འོད་སྣང་འོག་ནས་སློབ་གྲྭའི་ཀློག་དེབ་བཀླགས་པའི་སྐོར་ང་ཚོ་ལ་བརྗོད་མྱོང་།

སྒྱུར་མཁན་གྱི་མཆན།
(1) http://indiatoday.intoday.in/story/get-ready-to-crawl-at-5kmph-in-delhi/1/209708.html
(2) http://www.dnaindia.com/india/report_refugees-flee-ethnic-violence-in-india-s-troubled-assam_1720094
(3) http://online.wsj.com/article/SB124960029510012685.html?mod=slideshow_overlay_mod
(4) http://www.ndtv.com/video/player/left-right-centre/powerless-superpower-are-india-s-superpower-dreams-a-joke/241238

(སྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*