རང་ལུས་མེར་བསྲེགས་ནི་རྣམ་པ་འགྱུར་བའི་ངོ་རྒོལ་བྱེད་སྟངས་ཤིག་ཡིན།

( བོད་ཡིག་ཏུ་ཡོད་པའི་བསྒྱུར་རྩོམ་འདི་ནི་། དབྱིན་ཡིག་ཏུ་ཡོད་པའི་རྩོམ་ཐུང་དེའི་མ་རྩོམ་ཡིན།)
ཚེ་རིང་ཤཀྱཱ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བོད་ཀྱི་རྔ་བ་ས་ཁུལ་དེ་ཉེ་ཆར་གྲྭ་བཙུན་སྐོར་ཞིག་གིས་གཅིག་འཕྲོར་གཅིག་མཐུད་ཀྱིས་རང་ལུས་མེར་བསྲེགས་བྱས་པའི་ཀློང་དུ་ཚུད་ཡོོད་ཅིང་། རྩོམ་ཐུང་འདི་འབྲི་སྐབས་སུ་མི་གྲངས་ཉི་ཤུ་ལས་འདས་པས་རང་ཉིད་ཀྱི་གཅེས་སྲོག་དག་དོར་འབུལ་གནང་ཟིན་འདུག་ལ། རེབ་གོང་ཁུལ་གྱི་གྲཱ་པ་ཞིག་གིས་རང་ལུས་མེར་བསྲེགས་བྱས་འདུག་པ་དེ་ནི་གནས་ཚུལ་གསར་ཤོས་དེ་རེད་འདུག མིག་སྔར་རང་རེའི་ཁྲོད་དུ་ཁོང་ཚོས་འདི་ལྟའི་ཡ་ང་བའི་བྱ་ལས་བརྩམས་དགོས་དོན་དང་།བསམ་པའི་ཀུན་སློང་།དེ་ལྟ་བུའི་ངོ་རྒོལ་གྱི་རྣམ་པ་ཐོན་དགོས་ཀྱི་རྒྱུ་མཚན་ཅི་ཡིན་སོགས་ཀྱི་དྲི་བ་ཞིག་རང་བཞིན་ཀྱི་ཐོན་ཡོང་བ་ཡིན།་གནད་དེར་ཁོ་བོས་ཀྱང་མནོ་བསམ་རོབ་ཙམ་བྱས་པའི་ལྟ་ཚུལ་གཤམ་དུ་གླེང་བར་བྱའོ།

དེ་ཡང་བོད་ལ་ཆ་བཞག་ནས་བརྗོད་ན། རང་སྲོག་དོར་འབུལ་ཀྱི་རྣམ་པའམ་ཐབས་ལམ་བརྒྱུད་ནས་དབང་འཛིན་པར་ངོ་རྒོལ་བྱེད་པ་ནི་དེ་སྔོན་ཧ་ལམ་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་རེད་། ཁོ་བོས་རང་ལུས་མེར་བསྲེགས་བྱེད་པ་དེ་ནི་བོད་མི་རིགས་ཀྱི་ལ་རྒྱ་སླར་གསོ་བྱེད་པའི་ལས་འགུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ནི་མི་རིགས་རིང་ལུགས་ཀྱི་བསམ་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན་པར་སེམས། འཛམ་གླིང་ཡུལ་གྲུ་གཞན་ཁ་ཤས་ནང་ཐོན་པའི་རང་ལུས་འབམ་གཏོར་བྱེད་སྟངས་དང་འདྲ་བར་བོད་དུ་ཐོན་པའི་རང་ལུས་མེར་བསྲེགས་བྱེད་ཚུལ་དེ་ཡང་མི་སྒེར་གྱི་ཀུན་སློང་དང་ཚོར་བ་འབའ་ཞིག་གི་ཐོག་ནས་འབྲེལ་བརྗོད་བྱ་ཐབས་བྲལ་བ་ཞིག་ཏུ་འཁུམས་ལ། རང་ལུས་དོར་འབུལ་བྱེད་པའི་ལས་ལ་སྐྱི་གཡའ་བ་དང་བལྟ་མི་གཟོད་པའི་རྣམ་པ་མཆིས་པས་དོན་དེ་ཉིད་དང་ཐད་ཀར་འབྲེལ་བ་མེད་པའི་ཕྱི་མི་ཚོའི་ངོས་ནས་བརྗོད་ན་རང་ལུས་དོར་འབུལ་གྱི་ལས་དེ་ནི་མི་སྲོག་འཕྲོ་བརླགས་སུ་གཏོང་བ་འབའ་ཞིག་ལས་གཞན་ཅི་ཡང་མ་ཡིན་པར་མཐོང་།

དེ་ཡང་རང་ལུས་འབམ་གཏོར་བྱེད་པ་པོས་གཞན་ཀྱི་རྒྱུན་ལྡན་འཚོ་བ་དང་བདེ་འཇགས་ལ་བར་ཆད་ངན་པ་བཟོ་བ་དང་། དེས་གཏོར་སྐྱོན་གཏོང་བ་མ་ཟད། མི་རྣམས་འཇིགས་སྣང་དང་རྔམ་སྐྲག་གི་འོག་ཏུ་གནས་དགོས་པར་བཟོ་བ་ཡིན་། འོན་ཀྱང་རང་ལུས་མེར་བསྲེགས་ཀྱིས་དེ་ལྟའི་འཇིགས་སྣང་མི་སྟེར་ཞིང་། རང་ཉིད་ཀྱིས་སྡུག་བསྔལ་མྱོང་བ་ལས་གཞན་ལ་འཚེ་བ་མི་བྱེད་པ་བཅས་མདོར་ན་རང་ལུས་མེར་བསྲེགས་ནི་ཕྱི་ཡི་རྣམ་པ་འཇིགས་སྐྲག་ཅན་དུ་སྣང་ཡང་དོན་ཀྱི་ངོ་བོ་ནི་ཕ་རོལ་པོའི་སྙིང་རྗེ་དང་ངང་རིང་བསམ་ཤེས་དག་ཐོབ་རེ་ཁོ་ནའི་ཆེད་དུ་ཡིན།

མི་རིགས་རིང་ལུགས་པ་ཞིག་དང་ཆོས་དད་པ་ཞིག་གི་ངོས་ནས་བརྗོད་ན། རང་ལུས་མེར་བསྲེགས་བྱེད་པ་དེ་ནི་ཆོས་ལུགས་དད་པ་དང་མི་རིགས་ཀྱི་ངོ་བོ་མཚོན་པར་བྱེད་པ་ཞིག་ཡིན་ལ། མི་རིགས་རིང་ལུགས་པ་ཁེར་རྐྱང་ཞིག་ལ་ཆ་བཞག་ནས་བརྗོད་ནའང། རང་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་མཁན་ནི་དཔའ་བོར་བརྩི་སྲོལ་འདུག་ལ། རང་སྲོག་ཕུལ་བའི་ལས་ལ་ནི་མཚོན་བྱེད་ཀྱི་ནུས་པ་ཆེན་པོ་ལྡན་པ་མ་ཟད། དེ་ནི་དྲང་བདེན་ལ་རྡོག་རུལ་དང་ལུགས་འགལ་དབང་བསྒྱུར་བྱེད་པོ་དག་ལ་ཁ་རྡུང་དྲག་པོ་གཏོང་བའི་འབོད་སྒྲ་ཞིག་ཀྱང་ཡིན་པར་ངོས་འཛིན་བྱེད་པ་ཡིན་ནོ།

ལར་རང་ལུས་མེར་བསྲེགས་ཀྱི་བྱ་སྤྱོད་དེ་རིགས་ནི་གནོན་ཤུགས་ཚ་ནན་འོག་གྱོང་གུད་འཁྱེར་བ་ལྟ་བུ་ཞིག་ཡིན་ནའང་། ཀྲུང་གོ་ལྟ་བུ་སྲིད་དབང་གཅིག་བསྡུས་ཅན་གྱི་ཆབ་སྲིད་ལམ་ལུགས་འོག་འཐབ་རྩོད་གཞན་དང་འདྲ་བར་རང་ལུས་མེར་བསྲེགས་ལ་མཇུག་འབྲས་བཟང་པོ་ཞིག་ཐོབ་དཀའ། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྲིད་གཞུང་དེས་རང་སྲོག་མེར་བསྲེགས་ཀྱི་ལས་འགུལ་དེ་ནི་ཟས་བཅད་ངོ་རྒོལ་དང་དང་གཅིག་མཚུངས་སུ་ངོས་འཛིན་བྱེད་ལ། ཁོང་ཚོ་ལྟར་ན་དེ་དག་ཚང་མ་སྨྱོ་ཧམ་ཀྱི་བྱ་སྤྱོད་བརྒྱུད་ནས་རང་དོན་གཉེར་བའི་ལས་ལ་འཇུག་པར་ངོས་འཛིན་བྱ་བས་སོ།

མི་རྣམས་ཀྱིས་རྒྱུན་དུ་རང་སྲོག་མེར་བསྲེགས་ཀྱི་བྱ་སྤྱོད་དེ་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་བྱས་ནས་འགྲེལ་བཤད་བྱེད་པའི་རྒྱ་མཚན་ནི། སྤྱི་ལོ་༡༩༦༣ལོར་བེ་ཁྲི་་ནེམ་རྒྱལ་ཁབ་ཀྱི་བཙུན་པ་ཐིག་ཆོང་ཏག་( Thich Quang Duc) ཟེར་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་སྐབས་དེའི་སངས་རྒྱས་ཆོས་ལུགས་ལ་བཙིར་གནོན་བྱེད་མཁན་གྱི་བེ་ཁྲི་ནེམ་སྲིད་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ཐོག་སྤེལ་བ་དང་འབྲེལ་བ་ལྡན་པར་སེམས། དུས་དེ་ནས་བཟུང་འཛམ་གླིང་ཡུལ་གྲུ་གཞན་མང་པོར་ལད་མོ་ལྟ་བུའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་མི་ཉུང་བ་ཞིག་ཐོན་ཡོད།

སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་སྟེང་ནས་རང་སྲོག་བློས་གཏོང་གི་བསམ་བློའི་གཞི་རྩ་ཞིག་རྙེད་ཐུབ་ལ། རྒྱ་དཀར་ནག་གཉིས་སུ་དར་བའི་ནང་པའི་ཆོས་ཀྱི་ལོ་རྒྱུས་ཐོག་ཏུའང་རང་སྲོག་བློས་བཏང་བྱས་པའི་དཔེ་མཚོན་མང་པོ་འདུག འོན་ཀྱང་དེ་དག་ནི་ཆབ་སྲིད་ཀྱི་རྩོལ་ལས་གཅིག་ཏུ་ངོས་འཛིན་མི་བྱ་བར་དགེ་བའི་ལས་ཞེས་ཆོས་ཀྱི་ཁོངས་སུ་བསྡུ་བ་ཡིན། རྒྱ་གར་ཡུལ་དུ་ས་སྟི་ཞེས་ཁྱོ་བོ་གྲོངས་རྗེས་ཟླ་མོས་རང་སྲོག་ལྕེབས་ན་བུད་མེད་ཀྱི་ཡོན་ཏན་དུ་བརྩི་སྲོལ་འདུག་ལ། རྒྱ་ནག་ཏུ་ནི་དེ་ལས་ལྡོག་སྟེ་གལ་ཏེ་སྐྱེ་བོ་ག་གེ་མོ་ཞིག་གིས་རང་སྲོག་རང་དགར་དོར་ན་དེ་ནིི་མི་ལུས་ལ་རྩིས་མེད་བཏང་བ་དང་འཇིག་རྟེན་ཕུན་ཚོགས་ལ་སྣང་ཆུང་བྱས་པར་ངོས་འཛིན་པ་ཡིན།

བོད་གངས་ཅན་པ་རྣམས་ཀྱིས་རང་སྲོག་དོར་འབུལ་བྱེད་ཚུལ་དེ་སངས་རྒྱས་ཀྱི་འཁྲུངས་རབས་མཛད་པ་དང་འབྲེལ་བ་བྱེད་པ་ཡིན་ལ། དེ་ཡང་སྟག་མོ་ལུས་སྦྱིན་ཞེས་སྟོན་པ་ཤཀྱ་ཐུབ་པས་ལྟོགས་ཤི་ཐེབས་ལ་ཉེ་བའི་སྟག་མོ་དང་དེའི་སྐྱེས་མ་ཐག་པའི་སྟག་ཕྲུག་དག་སྐྱོབ་ཕྱིར་རང་ལུས་སྟག་ལ་སྦྱིན་པའི་གཏམ་རྒྱུད་ལྟ་བུ་ནི་རང་ལུས་མེར་བསྲེགས་ཀྱི་བསམ་པའི་འབྱུང་ཁུངས་ལ་འདོད་པ་ཡིན་ལ། དེ་ལྟའི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་འོག་ཐོན་པའི་བྱ་སྤྱོད་ལ་དུར་ཁན་མན་གྱིས་ཀྱང་གཞན་ཕན་གྱི་ཕྱིར་རང་ཤི་བརྒྱབ་ཅེས་གསུངས་ཡོད།

འོན་ཀྱང་ཐ་སྙད་ལུས་སྦྱིན་ཞེས་པ་དེ་ནི་རྒྱ་གར་སྐད་ཀྱི་ཆོས་ཚིག་ད་ན་ཞེས་པ་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་པ་དེས་སྦྱིན་པའམ་སྟེར་བའི་དོན་མཚོན་པ་ལས་ངོ་རྒོལ་དང་ཁས་ལེན་མ་བྱས་པ་སོགས་མཚོན་པ་མ་ཡིན།དེར་བརྟེན། རང་ལུས་དོར་འབུལ་ཀྱི་བྱ་སྤྱོད་ལ་བརྟེན་ནས་གཞུང་ཞིག་ལ་ངོ་རྒོལ་བྱེད་པའི་རྒྱུ་མཚན་ཐད་ནས་བརྗོད་ན་། དེ་དང་ཁ་ཆེས་རང་ལུས་འབམ་གཏོར་བྱེད་པ་དང་ཁྱད་པར་གང་ཡང་མ་མཆིས། དེང་སང་ཐོན་བཞིན་ཡོད་པའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་དག་ཆོས་ལུགས་དང་འབྲེལ་བ་བྱེད་པའི་རྒྱུ་མཚན་གཞན་ཞིག་ནི་ཁོང་ཚོ་ནི་གྲཱ་བཙུན་ནམ་ཡང་ན་དེ་སྔོན་ཆོས་གྲར་ཞུགས་མྱོང་ཡོད་པའི་རྐྱེན་གྱི་ཡིན་པར་འདོད། ཁོ་བོའི་འདོད་ཚུལ་ལ་རང་ལུས་མེར་བསྲེགས་བྱེད་པ་ནི་ཆོས་ལུགས་དད་མོས་ལ་བརྩི་བཀུར་ཐོབ་ཕྱིར་དང་དགེ་བ་གསོག་པའི་དོན་དུ་མ་ཡིན་པར་དེ་ནི་ཞེ་འཁོན་ཀྱི་མཇུག་འབྲས་སྟེ་བརྙད་བཅོས་ཚད་མེད་དང་གཟོད་ཐབས་བྲལ་བའི་གཅར་བརྡུང་བྱས་པ་ལས་ཐོན་པའི་རྗེས་འབྲས་ཞིག་རེད་།

དེ་ཡང་བོད་མི་སྤྱི་དང་ཁྱད་པར་དུ་ཆོས་ལུགས་མི་སྣ་རྣམས་རྒྱལ་གཅེས་རིང་ལུགས་ཞེས་པའི་སློབ་གསོ་སྤེལ་ཡུལ་དང་། ཏ་ལའི་རུ་ཚོགས་ལ་དགག་པ་རྒྱག་དགོས་པའི་ཆབ་སྲིད་སློབ་གསོ་སྤྲོད་ཡུལ་གཙོ་བོར་གྱུར་ཡོད་ལ། ལས་འགུལ་དེ་རིགས་སྤེལ་བའི་སྐབས་སུ་གྲྭ་བཙུན་་རྣམས་ལ་ཡང་ཡང་ནས་བསྐྱར་དུ་ཁས་ལེན་ཆོད་སེམས་དང་། འགྱོད་བཤགས་བཀའ་སྒྲུབ། རྒྱལ་ཁབ་ལ་དགའ་ཞེན་དང་། གུང་ཁྲན་ཏང་ལ་བློ་གཏད་བཅོལ་དགོས་པ་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད། དེ་ལྟ་བུའི་ཁས་ལེན་ནི་བློ་ངོར་ཤོང་ཐབས་བྲལ་ཞིང་ཁས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་སྟབས་ཧ་ན་ཡི་ཞལ་ནས་ཀྱང་འཁོན་འགྲས་ནི་དབུལ་ཞིང་ཕོངས་པ་ལས་ཐོན་པའི་འབྲས་བུ་མ་ཡིན་པར་དེ་ནི་དྲང་བདེན་ལ་རྡོག་རུལ་དང་གནས་སྟངས་ལ་འགྱུར་ལྡོག་གཏོང་ཐབས་ཡོད་ནའང་ལག་བསྟར་་མ་བྱས་པ་ཞེས་གསུངས་པ་ལྟར་རང་ལུས་མེར་བསྲེགས་ནི་ཐབས་ཟད་འུ་་ཐུག་དང་ཅི་བྱ་ལྟོལ་མེད་ཀྱི་གནས་སུ་ལྷུང་རྗེས་ཀྱི་འབྲས་བུ་ཞིག་ཡིན་པ་རེད།[1]

ཐུ་ནེ་སིའི་ཁྲོམ་གཞུང་ཞིག་ནས་ཅ་ལག་ཙག་ཙིག་ཚོང་མཁན་མོ་ཧན་མོ་དི་བའོ་ཙེ་ཙེ་(Mohamed Bouaziz) ཟེར་བས་རང་ལུས་མེར་བསྲེགས་བྱས་པ་དེས་ཆོས་ཕྱོགས་ནས་དགེ་བ་བསགས་པའི་དོན་མ་མཆིས་ལ་དེས་ཨ་རབ་ཀྱི་དཔྱིད་ཀའི་གསར་བརྗེ་བསུས་པའི་དོན་ཡང་མཚོན་མི་ཐུབ། དོན་རྐྱེན་དེ་ནི་སྲིད་གཞུང་ལ་མི་བརྩི་བ་དང་། མི་སྒེར་གྱི་ལུས་པོ་དང་འཚོ་བར་བསུན་བཙིར་བྱས་པར་་རྒོལ་ལན་བསློགས་པ་ཞིག་རེད། [2]བོད་པ་ཚོར་ཆ་གཞག་ནས་བཤད་ན། རང་ལུས་མེར་བསྲེགས་བྱེད་པ་དེ་ནི་ཀུན་སློང་བཟང་པོ་ཞིག་ངོ་ལས་བྱུང་ཞིང་། དེ་ཡང་ཐབས་ཤེས་གཞནཔ་རྫོགས་རྗེས་ངེས་པར་བེད་སྤྱོད་དགོས་བྱུང་བ་ཞིག་དང་། དེས་ཚེ་སྲོག་དྲོན་མོའི་རྟགས་མཚན་དང་དྲག་སྟོབས་ཅན་གྱི་རྒྱ་གཞུང་ལ་ཁ་གཏད་བཅག་དོན་མཚོན་པར་ངོས་འཛིན་བྱ་བ་ཡིན། རང་ཉིད་ཨ་ཚན་སྡུག་ལ་སྦྱོར་བའི་ཚུལ་དེ་ལྟ་བུ་ནི་འཚོ་འདོད་ཀྱི་རེ་འདོད་ཞིག་དང་དྲག་ཤུགས་ལ་བརྟེན་ནས་བོད་ཀྱི་ནང་བཅུད་མི་ཡི་བློ་དང་་ཕྱི་སྣོད་ཁོར་ཡུག་ཟུང་བསྒྱུར་་བཟོ་བྱེད་པའི་ལས་ལ་ངོ་རྒོལ་བྱེད་པའི་མཚོན་རྟགས་ཤིག་ཡིན།

བཞད་གད་ཀྱི་ཡུལ་ལྟ་བུ་ཞིག་ནི། བོད་པས་རང་ལུས་མེར་བསྲེགས་བྱེད་པའི་ལས་དེ་ད་ལྟ་ཆབ་སྲིད་ཀྱི་བྱ་སྤྱོད་ཞིག་ཏུ་ངོས་འཛིན་བྱེད་ཚད་ཅིག་ཏུ་སླེབས་པ་དེ་ནི་རྒྱ་གུང་ཁྲན་གྱིས་བསམ་བློ་བོད་དུ་དར་སྤེལ་བཏང་བ་ལས་ཐོན་པ་ཞིག་རེད། དེ་ཡང་ལོ་རབས་དྲུག་བཅུའི་ནང་ལེ་ཧྤུང་ཟེར་བའི་དམག་མི་ཞིག་དཔེ་བཟང་ཅན་གྱི་མི་སྣར་བསྐྲུན་ནས་དམངས་ཡོངས་ཀྱིས་ཁོ་ལྟར་རང་ཉིད་ཀྱི་ཡོད་ཚད་རྒྱལ་ཁབ་ཀྱི་ཆེད་དུ་འབུལ་དགོས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཡོད་པ་དེ་ཡང་བོད་ཁུལ་དུ་དར་ཁྱབ་བྱས་ཡོད་པ་དེ་ནི་དཔེ་མཚོན་ལྟ་བུ་ཞིག་རེད། མདོར་ན་བོད་ཀྱི་ནང་ཆོས་དང་འབྲེལ་བའི་སྲོལ་རྒྱུན་རིག་གནས་ལོ་རྒྱས་ཁྲོད་དུ་ལུས་སྲོག་གཉིས་མི་རིགས་དང་ཆོས་ལུགས་ཆེད་འབུལ་དགོས་ཀྱི་བསླབ་སྡོམ་མ་མཆིས་པས་དེ་ནི་ཕྱིས་སུ་ཕྱི་ཕྱོགས་ནས་དར་ཡོང་བ་ཞིག་སྟེ་གུང་ཁྲན་རིང་ལུགས་པས་ཕ་རོལ་པོར་རྒོལ་བའི་ཐབས་དང་དྲིལ་བསྒྲགས་བྱེད་སྟངས་ལ་མིག་དཔེ་བལྟས་པ་ཞིག་ལགས།

བོད་ཡིག་གི་མིང་ཚིག་ཁྲོད་ན་དབྱིན་ཇིའི་ཚིག་[SACRIFCE]ཞེས་པ་དང་དོན་མཐུན་པའི་ཚིག་གཅིག་རྙེད་དཀའ་ནའང་དེའི་དོན་ལ་ཚང་མས་འགྲེལ་བཤད་རྒྱབ་གང་ཐུབ་བྱ་བཞིན་ཡོད། ད་ཕན་ཅུང་ཟད་དོན་དང་མཐུན་པའི་མིང་ཚིག་ཞིག་ནི་རང་སྲོག་བློས་གཏོང་ཟེར་བ་དེ་རེད། འོན་ཀྱང་ཚིག་དེ་གཅིག་པུས་སྐྱེ་བོ་ག་གེ་མོ་ཞིག་གིས་རང་སྲོག་དེ་བྱ་གཞག་རླབས་པོ་ཆེ་ཞིག་གི་ཆེད་ཏུ་ཕུལ་བའི་དོན་མཚོན་མི་ཐུབ། མིག་སྔར་དོན་རྐྱེན་དེ་དང་མཐུན་པའི་མིང་ཚིག་གཅིག་འཚོལ་ཞིབ་བྱེད་པའི་སྣང་ཚུལ་དེ་ནི་འཛམ་གླིང་ཡོངས་སུ་ངོ་རྒོལ་ཀྱི་ལས་འགུལ་ལངས་པ་དང་། བཙན་གནོན་ལ་རྒོལ་བའི་རླབས་སྒྲ་དེ་ཡུལ་གྲུ་གང་སར་མཆེད་ཅིང་ཆབ་སྲིད་ཀྱི་གླེང་ཕྱོགས་ལའང་འཕོ་འགྱུར་འགྲོ་བཞིན་ཡོད་པ་བཅས་ཀྱིས་སོ།

གང་ལྟར་བོད་པ་ཚོས་སྐྱི་གཡའ་བའི་རྣམ་པའི་ཐོག་ནས་ངོ་རྒོལ་བྱས་ཡོད་ནའང་རྒྱ་གཞུང་ནས་རང་སེམས་ནང་དུ་བསྐོར་ནས་བསམ་ཤེས་བྱ་སྲིད་པར་སྙམ་པ་ནི་ཉིན་མོར་ཟླ་སྐར་མཐོང་རེ་བཅངས་པའི་བརྟུལ་ཞུགས་འཛིན་པ་ལས་གཞན་ཅི། བརྒྱ་ཁ་གཅིག་གཅོད་ཀྱི་ཆབ་སྲིད་མ་ལག་ཁྲོད་བཙན་གནོན་བྱེད་པ་དང་བཙན་གནོན་ལ་ངོ་རྒོལ་བྱེད་པ་གཉིས་ཀ་འགོག་ཐབས་བྲལ་ལ་དེ་གཉིས་ཡང་ནས་ཡང་དུ་འཁོར་བའི་ལས་ཞིག་ཡིན་ལ། དེ་བས་ནན་བཤད་བྱ་དགོས་པ་ཞིག་ནི། བོད་པའི་ངོ་རྒོལ་བྱ་སྟངས་དེས་རྒྱ་ནག་པ་མང་ཆེ་བའི་བསམ་བློར་འགྱུར་བ་ཞིག་གཏོང་མི་ཐུབ་ལ། དེའི་རྒྱུ་མཚན་ནི་ད་ལྟ་རྒྱ་ཡི་ཡུལ་དུ་ལུགས་མཐུན་སྤྱི་ཚོགས་ཅན་གྱི་ཕྱོགས་སུ་སྐྱོད་པའི་རྒྱ་ཡིས་དབུལ་བ་མ་ཡིན་པར། ཐེ་ལ་ཨ་སད་ནས་( Talal Asad) ཀྱིས་གསུངས་པ་ལྟར་རྒྱ་ནག་པ་ཡོད་དོ་ཅོག་གིས་དྲག་ཤུགས་དང་གཏུམ་སྤྱོད་ནི་ཤེས་རིག་དཔལ་ཡོན་གྱིས་དབུལ་བའི་མི་ཚོགས་ཞེས་པར་བེད་སྤྱོད་བྱེད་རྒྱུའི་ལག་ཆར་བརྩི་བ་དང་། དེའི་རྒྱུ་མཚན་ཡང་མི་དེ་ཚོར་སོ་སོར་བདག་པའི་རྒྱལ་ཁབ་གཅིག་མེད་པས་སོ་ཞེས་གསུངས་པ་ལྟར་ཡིན། [3]

རྒྱ་ནག་གི་ཚགས་པར་གོ་ལའི་དུས་བབ་ཅེས་པའི་ཐོག་མི་རིགས་སློབ་ཆེན་ཀྱི་དཔེ་རྒན་ཞུང་ཀུ་ཤིན་གྱིས་ས་ཁམས་ཆགས་ཚུལ་དང་ལོ་རྒྱུས་ཀྱི་རྐྱེན་་ལས་སི་ཁྲོན་ཁུལ་ཀྱི་བོད་པ་རྣམས་དྲེགས་ཉམས་དོད་པ་ཡོད་ཅེས་བརྗོད་འདུག་པ་དེ་ནི་རྒྱ་ནག་པ་རྣམས་ལ་ཆ་བཞག་ནས་བཤད་ན། བོད་པས་རང་ལུས་མེར་བསྲེགས་བཏང་བར་ཧང་ཅི་ཡང་མི་སངས་པར་དེ་ལས་ལྡོག་ཏེ་དེ་ནི་ཀླ་ཀློའི་རང་འཚང་མངོན་པར་སྟོན་པ་ཞིག་ཡིན་ཚུལ་ཤུགས་བསྟན་བྱས་ཡོད་།4]

ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ཁྲོད་རྒྱ་གཞུང་གིས་སྲིད་ཇུས་ལ་འགྱུར་ལྡོག་གཏོང་རྒྱུ་ལྟ་ཞོག་དེ་བས་ཁྲོ་ཧམ་ཆེན་པོས་མུ་མཐུད་རྩ་མེད་དང་བཙན་བཏུལ་བྱེད་པར་སེམས་འཚབ་ཀྱིས་ཁེངས་ཡོད། རྒྱ་གཞུང་གིས་བོད་ཀྱི་གྲྭ་བཙུན་གྱི་འཚོ་བའི་གནས་སྟངས་དང་དེང་རབས་ཅན་གྱི་ཀྲུང་གོའི་གནས་བབ་གཉིས་སྒོ་མི་མཚུངས་ཤིང་། ཁོང་ཚོས་་ཐོན་སྐྱེད་གང་ཡང་མི་བྱེད་པས་དེ་ནི་ཁྲོམ་རའི་སྤྱི་ཚོགས་དང་ཡང་མཐུན་སྦྱོར་ཐུབ་ཐབས་མེད་པར་ངོས་འཛིན་བྱ་ཞིང་། གྲངས་ཉུང་མི་རིགས་ལ་སྙིང་རྗེ་བྱས་ནས་ཕྲུ་གུ་གཅིག་ལས་མང་བ་སྐྱེ་ཆོག་པའི་སྲིད་ཇུས་ནི་གྲཱ་བཙུན་ཞིག་གི་ངོས་ནས་བརྗོད་ན་དོན་སྙིང་ཅི་ཡང་མི་ལྡན་ལ། གྲ་བཙུན་གྱི་འཚོ་གནས་སྟེང་སྲིད་གཞུང་གི་དབང་ཆའི་ནུས་པ་ཐོན་དཀའ་བའི་རྐྱེན་བཅས་ཀྱིས་། ་ཇི་ལྟར་བྱས་ནས་གྲ་བཙུན་རྣམས་སྲིད་གཞུང་གི་འདོད་བློ་དང་འཚམས་པའི་ཕྱོགས་སུ་བསྒྱུར་བཅོས་བྱེད་རྒྱུའི་ཐད་སྒྲིགས་ཁྲིམས་གསར་པ་དང་ཐབས་ཇུས་གསར་པ་འདོན་དགོས་པ་ཆགས་ཡོད།

དེ་སྔོན་དགེ་འདུན་པ་ཞིག་གིས་ཁོ་བོར་རྒྱ་ནག་སྲིད་གཞུང་གི་སྒྲིགས་ཁྲིམས་བཟོ་སྟངས་དེ་ནི་རྫ་མཁན་ཞིག་གིས་རྐུབ་བརྡོལ་རྫ་མ་བཟོས་པ་ལྟར་ཕན་མེད་ནུས་མེད་རེད་ཅེས་གསུངས་མྱོང་། མདོར་ན། གནད་དོན་ཡོངས་རྫོགས་ཀྱི་གཞི་མ་ནི་ཇི་སྐད་དུ་སྙིིང་པོ་ལྡན་པའི་མི་ཚེ་ཞིག་སྐྱེལ་ཐབས་བྲལ་ལོ་ཞེས་པ་དེ་རང་ལ་ཐུག་ཡོད་ཅིང་། དེ་ནི་རང་ལུས་མེར་བསྲེགས་ཀྱི་འབྱུང་རྩ་ཉག་ཅིག་དེའོ།

དཔྱད་གཞིའི་ཡིག་ཆ།

[1] ཧན་ན་ཨ་རན་ད།་དྲག་སྤྱོད་ཀྱི་སྐོར་གླེང་བ། ཉིའུ་ཡོག་དཔེ་དེབ་དཔྱད་གླེང་། (Hannah Arendt Reflections on Violence The New York Review of Books, February 27, 1969.)
[2] ཧྤ་སིན་དེ་དར། རྗེས་ཤུལ-དྲག་སྤྱོད་དང་། བདེན་པ། ཆབ་སྲིད་སྒྲིག་གཞི ་བཅས་སྐོར་བརྗོད་པ།་སྤྱི་ཚོགས་ཞིབ་འཇུག 78:2 (Fassin, Didier, “The Trace: Violence, Truth, and the politics of the Body”, Social Research, 78:2, 2011, pp: 281-298)
[3]ཨ་སད་ཐེ་ལ།རང་ལུས་འབམ་གཏོར་སྐོར་གླེང་བ།ཀོ་ལོན་བི་ཡ་སློབ་ཆེན་དཔེ་སྐྲུན་
ཁང་།ཤོག་གྲངས་26 (Asad, Talal. On Suicide Bombing, Columbia University Press, 2007, p. 26)
[4] མི་དམངས་ཉིན་རེའི་ཚགས་པར། (People’s Daily Online, 08:59, February, http://english.peopledaily.com.cn/102774/7725303.html

(ཚེ་རིང་ཤཀྱཱ་ནི་བོད་རིག་པའི་ལོ་རྒྱུས་ཆེད་མཁས་དང་རྩོམ་པ་པོ། དགེ་རྒན་ཆེན་མོ་བཅས་ཡིན་ཞིང་། ཁོང་གིས་ཁ་ཎ་སྒྲའི་རྦི་རེ་ཀྲིས་ཞིས ཀོ་ལིམ་ཕིག་ཡ་གཙུག་ལག་སློབ་ཁང(British Columbia University)་དུ་ཕྱག་ལས་གནང་བཞིན་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to རང་ལུས་མེར་བསྲེགས་ནི་རྣམ་པ་འགྱུར་བའི་ངོ་རྒོལ་བྱེད་སྟངས་ཤིག་ཡིན།

  1. ཡེ་ཤེས་རྒྱ་མཚོ།( ཀླུ་སྨྱོན།) ནས།

    SACRIFCE
    མཆོད་སྦྱིན། དམར་མཆོད། མཆོད་འབུལ།

Write a Reply or Comment

Your email address will not be published. Required fields are marked *

*