ང་བོད་ལ་འགྲོ་རྒྱུར་ངོ་གནོང་གི་འདུག

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཨེ་བེ་བེ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

Foreign Policy: ལོ་གཅིག་གི་གོང་དུ་ཁྱེད་ཀྱིས་པེ་ཅིན་ནི་”ཡང་དང་བསྐྱར་དུ་གཉིད་ཀྱི་བདེ་བ་འཕྲོག་ཅིང་དངངས་སྐྲག་སློང་མཁན་གྱི་འདྲེ་གདོན” ཞིག་རེད་གསུངས་མྱོང་། དེང་སྐབས་ཁྱེད་ཀྱིས་པེ་ཅིན་ལ་འཛིན་པའི་སྔར་གྱི་ལྟ་སྟངས་དེར་འགྱུར་བ་ཕྱིན་ཡོད་དམ།
Ai Weiwei: མེད། དཀའ་ངལ་ཆེ་ཤོས་ནི་པེ་ཅིན་གྲོང་ཁྱེར་གྱི་ཡོད་ཚད་གནས་དེར་འཚོ་སྡོད་བྱེད་པའི་མི་མང་ལ་མི་དབང་བ་དེ་རེད། སྤྱིར་པེ་ཅིན་གྲོང་ཁྱེར་ནི་མི་འབོར་ས་ཡ་བཅུ་ལྷག་འཚོ་སྡོད་བྱ་སའི་གྲོང་ཁྱེར་ཞིག་ཡིན་ནའང། དེར་འཚོ་སྡོད་བྱེད་པའི་མི་མང་ཚང་མ་མགྲོན་ཁང་ཞིག་གི་ནང་གནས་སྡོད་བྱེད་པའི་ངང་ཚུལ་ལས་མ་འདས། ཉེ་བའི་ལོ་ཤས་ནང་འགྱུར་བ་ཕྲན་ཙམ་སོང་ཡོད། འོན་ཀྱང་མང་པོ་སོང་མེད། ཆེས་ཐོག་མར་པེ་ཅིན་གྲོང་ཁྱེར་འདི་ཡུལ་གཞན་ནས་གནས་སྤར་ཏེ་ཡོང་མཁན་ཚོ་རིམ་བཞིན་གཞི་ཆགས་ཏེ་གྲུབ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཕྱི་ལོ་༡༩༤༩ ལོར་བཅིངས་གྲོལ་ཐོབ་སྐབས་དེའི་ས་ཁྱོན་ལ་ཕྱི་ལོ་༢༠༠༨ ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རའི་རྒྱ་ཁྱོན་ཙམ་ལས་མེད། འོན་ཀྱང་ལོ་རེ་བཞིན་རྒྱ་བསྐྱེད་བྱས་པས། འདས་པའི་ལོ་ངོ་བཅུ་འམ་ཉི་ཤུ་ཡས་མས་ཤིག་གི་ནང་དེ་ཐོག་མའི་རྒྱ་ཁྱོན་ལས་ལྡབ་བཅུས་ཆེ་རུ་སོང་ཡོད། པེ་ཅིན་གྲོང་ཁྱེར་ནི་རྒྱལ་ས་ཡིན་པ་དང་ཐོན་ཁུངས་ཡོད་ཚད་ལ་ཚོད་འཛིན་བྱེད་པའི་ལྟེ་གནས་ཡིན་སྟབས། ས་ཕྱོགས་ཀུན་ནས་མི་ཚང་མ་འཚོ་བའི་མཐུན་འགྱུར་གྱི་གོ་སྐབས་ལ་རེ་བཞིན་དེར་འདུ་ཡི་ཡོད། གྲོང་ཁྱེར་གྱི་མདུན་ནས་རྒྱབ་བར་ཀེ་ལོ་མི་ཊར་བརྒྱད་ཙམ་གྱི་ལམ་ཐག་ལ་རླངས་འཁོར་མང་པོ་གྲལ་བསྟར་བསྒྲིགས་ཏེ། ཉིན་རེར་རླངས་འཁོར་གྲངས་ཆིག་སྟོང་ཙམ་འཚོང་བཞིན་ཡོད། ཚོང་གཉེར་གྱི་ཚད་གཞི་འདི་འདྲའི་མགྱོགས་པོ་ཞིག་གོང་འཕེལ་འགྲོ་བཞིན་ཡོད། འོན་ཀྱང་དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ། པེ་ཅིན་དུ་མི་ཚང་མ་འཚང་ཁ་ཤིག་ཤིག་འདུ་ཡོང་བར་ལྟ་བས་ཆོག་མི་ཤེས་པའི་རི་རྒྱུད་དང་མཚེའུ་སོགས་རང་བྱུང་གི་མཛེས་ལྗོངས་ཡོད་དམ་ཞེ་ན། དེ་འདྲ་གང་ཡང་མེད། འོན་ཀྱང་། སྲིད་གཞུང་གི་བཀའ་རྒྱ་དང་གཞུང་འབྲེལ་ཡིག་ཆ་ཚང་མ་གྲོང་ཁྱེར་འདི་ལས་ཡོང་གི་ཡོད་པ་དང་། དེ་ལ་བརྟེན་ནས་ས་ཆ་ཉོ་ཚོང་དང་། གཞུང་ལམ་འཛུགས་སྐྲུན། ནུས་ཁུངས་བེད་སྤྱོད་སོགས་ཀྱི་གོ་སྐབས་ཇི་སྙེད་ཅིག་ཡོད་འཐོབ་ཀྱིན་ཡོད་པ་ལས་མ་འདས། མི་ཚོས་དེར་གཞུང་ལམ་དང་སྤྱི་གླིང་གི་རྣམ་པ་ལེགས་པོ་ཡོད་པ་མཐོང་ཐུབ། དེའི་ཐད་འགྱུར་བ་གང་འཚམས་ཐེབས་ཡོད། འོན་ཀྱང་དེ་དག་གང་ལ་ཐུག་ཡོད་ཅེ་ན། དེ་ནི་སྒེར་གཅོད་སྲིད་གཞུང་གིས་སྡུད་པའི་དཔྱ་ཁྲལ་ཁོ་ན་ལ་ཐུག་ཡོད། སྒེར་གཅོད་སྲིད་གཞུང་གི་དབང་འཛིན་པ་དང་དབང་འཛིན་པ་ཚོ་འཛོམས་པའི་རྒྱལ་ས་འདིས་མི་ཚང་མ་བཤུ་གཞོག་བྱས་ཏེ་གྲོང་ཁྱེར་འདི་ཤ་ཟ་ཁྲག་འཐུང་གི་སྲིན་པོ་ལྟ་བུ་ཞིག་ཏུ་སྒྱུར་གྱིན་ཡོད།

FP: ཁྱེད་ལ་མཚོན་ན་པེ་ཅིན་ནི་ངོས་འཛིན་དཀའ་ཞིང་ཆེས་མགོ་ཉོག་པའི་ས་ཆ་ཞིག་རེད་དམ།
AW: པེ་ཅིན་ཟེར་གྱིན་ཡོད་དམ། དེ་དེ་འདྲའི་མགོ་ཉོག་པོ་ཞིག་མ་རེད། པེ་ཅིན་གྱི་མི་མང་ལ་རིགས་གཉིས་ལས་མེད་པས་དེ་ངོས་འཛིན་བྱེད་སླ་པོ་རེད། དེ་ནི་དབང་ཆ་ཡོད་མཁན་གྱི་རིགས་དང་དབང་ཆ་གང་ཡང་མེད་པའི་མང་ཚོགས་ཕལ་བ་གཉིས་རེད། དབང་ཆ་ཡོད་མཁན་ཚོ་གཞན་ལ་ཤ་ཚ་སྙིང་རྗེ་མེད་པས། དངུལ་ཏོག་ཙམ་རེས་མི་ཚོའི་ཁ་བཀག་ཏེ་གནས་ལས་ཕུད་ཐབས་ཀྱིས་རང་ལ་མཁོ་བའི་ས་ཆ་ཡོད་ཚད་བདག་གིར་འཛིན་པ་དང་། གནམ་ལ་ཟུག་འདྲའི་ཁང་རྩེག་མཐོ་པོ་བསྐྲུན་ཏེ་རྒྱུ་ནོར་ལོངས་སྤྱོད་སྒྲུབ་ཐབས་བྱེད་ཀྱིན་ཡོད། པེ་ཅིན་དུ་སྒོར་ས་ཡ་དུང་ཕྱུར་ཡོད་པའི་ཕྱུག་བདག་ཧ་ཅང་མང་ལ། ཁོང་ཚོར་”འདི་ཁྱེད་ལ་བདག་པ་ཡིན་དང་། འདི་ཁྱེད་ཀྱིས་བསྒྲུབ་ཆོག” ཞེས་འཁོད་པའི་སྲིད་གཞུང་གི་ཆོག་མཆན་ཡིག་ཆ་མཁོ་བ་ལས། དེ་མིན་གྱི་མི་མང་གཞན་རྣམས་ནི་དེ་ལྟའི་ལོངས་སྤྱོད་དང་མཐུན་འགྱུར་གང་ཡང་མེད་ཀྱང་ཁུ་སིམ་མེར་མི་སྡོད་ཀ་མེད་ཡིན།

FP: ཕྱི་ལོ་༡༩༤༩ ལོར་ཨ་རིའི་རྩོམ་པ་པོ་ཨི་བྷི་ཝ་ཡེ་ཊ(E.B. White)མཆོག་གིས་ནེའུ་ཡོག་ནི་གྲོང་ཁྱེར་མི་འདྲ་བ་གསུམ་གྱིས་གྲུབ་ཡོད་དེ། གཅིག་ནི་ཡུལ་དེར་ས་སྐྱེས་རྡོ་སྐྱེས་ཀྱི་མི་རྣམས་ཡིན་པ་དང་། ཁོ་ཚོས་ཡུལ་འདིར་རྐང་བཙུགས་ཤིང་འཚོ་གཞིས་ཀྱི་རྒྱུན་བསྲིངས་ཡོད། གཅིག་ནི་འཚོ་ཐབས་ཆེད་ལས་རིགས་གཉེར་མཁན་དག་ཡིན་པ་དང་། ཁོང་ཚོ་ཡུལ་གཞན་ནས་འདིར་ཡོང་སྟེ་གནས་སྐབས་རིང་འཚོ་ཐབས་འཚོལ་སྒྲུབ་ཀྱི་ལས་ལ་འབད་ཀྱིན། གྲོང་ཁྱེར་འདིའི་རྣམ་པ་སོས་དལ་མེད་པ་ཞིག་ཏུ་བསྒྱུར་ཡོད། ཡང་གཅིག་ནི་ཡུལ་གཞན་ནས་འདིར་ཁྱིམ་གཞིས་སྤར་ཏེ་ཡོང་མཁན་ཚོ་རེད། ཁོང་ཚོ་རྨི་ལམ་ཞིག་དོན་དུ་གཉེར་བར་ཡོང་སྟེ་འདིར་གཏན་སྡོད་བྱས་པས། དེས་ནེའུ་ཡོག་གྲོང་ཁྱེར་ལ་རིག་གཞུང་དང་། སྒྱུ་རྩལ་སོགས་ཀྱི་ལེགས་སྐྱེས་ཕུལ་ཡོད་གསུངས་མྱོང་ཡོད། ཁྱེད་རང་ནེའུ་ཡོག་གྲོང་ཁྱེར་དུ་ལོ་ངོ་བཅུ་ལྷག་ལ་བསྡད་མྱོང་བ་རེད། འོན་ཀྱང་། ད་ལྟ་ནེའུ་ཡོག་གྲོང་ཁྱེར་དང་ཁ་བྲལ་ནས་ལོ་ངོ་ཉི་ཤུ་ཙམ་འགོར་ཡོད། ཁྱེད་ཀྱིས་ཕྱི་ལོ་༡༩༤༩ ལོའི་ནེའུ་ཡོག་གྲོང་ཁྱེར་དང་དེ་རིང་ཁ་སང་གི་པེ་ཅིན་གྲོང་ཁྱེར་དབར་འདྲ་བའི་ཆ་ཡོད་པ་མཐོང་གི་འདུག་གམ།
AW: ཕལ་ཆེར་དེར་འདྲ་བོ་ཡོད་པ་ལྟ་བུ་ཞིག་མཐོང་སྲིད་པ་རེད། འོན་ཀྱང་དེ་གཉིས་རྦད་དེ་ཐ་དད་རེད། རྒྱུ་མཚན་ནི་པེ་ཅིན་གྱི་མང་ཚོགས་ལ་དམངས་གཙོ་ལྡན་པའི་སྤྱི་ཚོགས་ཀྱི་སྒྲོམ་གཞི་མེད་ལ། ཐོན་ཁུངས་བགོ་འགྲེམས་དང་གནད་དོན་ཐག་གཅོད་ཚང་མ་ལུགས་མཐུན་གྱིས་བྱེད་ཀྱི་མེད་པ་དེ་རེད། རྒྱ་གཞུང་གི་ལས་བྱེད་ས་ཡ་མང་པོས་དངུལ་ཕོན་ཆེན་པོ་ཁྱེར་ཏེ་རྒྱ་ནག་དང་ཁ་བྲལ་ནས་བྲོས་བྱོལ་ལ་འགྲོ་ཡི་ཡོད། འདིའི་གྲངས་འབོར་ཧ་ལས་དགོས་པ་ཞིག་རེད། མི་གྲངས་ས་ཡ་བྱེ་བ་བརྒལ་གྱི་ཡོད། དེ་ལྟར་ན་མི་རྣམས་ཀྱི་བསམ་པར་ཁོང་ཚོ་རྒྱ་ནག་ཏུ་མི་འདུག་པར་གཞན་ཡུལ་ལ་འགྲོ་དོན་ཅི་ཡིན་ནམ་ཞེས་དྲི་བ་འཁོར་ངེས་རེད། རྒྱ་ནག་ནི་ལྐོག་ཟ་རུལ་སུང་གི་ལོངས་སྤྱོད་ལ་ཅི་འདོད་དུ་རོལ་སའི་ཞིང་ཁམས་ཤིག་ཡིན་ན། དེ་ལས་བྲོས་བྱོལ་དུ་འགྲོ་དོན་ཅི་ཡིན་ནམ་ཞེ་ན། དེ་ནི་རྒྱ་ནག་ཏུ་ཁོང་ཚོ་སྲུང་སྐྱོབ་ཐུབ་པའི་ལམ་ལུགས་མེད་ཁར། སྲིད་དོན་གྱི་འཐབ་རྩོད་ཟམ་མི་ཆད་པར་འབྱུང་གི་ཡོད་པས་རེད། དེར་བརྟེན་ཁོ་ཚོས་དངུལ་ཕོན་ཆེན་པོ་རེ་ཁྱེར་ནས་རྒྱལ་ཁབ་དང་ཁ་འབྲལ་ཐབས་བྱེད་ཀྱི་ཡོད་པ་རེད།

FP: རྩོམ་པ་པོ་ཨི་བྷི་ཝ་ཡེ་ཊ་མཆོག་གིས་གྲོང་ཁྱེར་ནེའུ་ཡོག་ཏུ་འགྲོ་ཐབས་བྱེད་པ་ནི་ལུགས་མཐུན་གྱི་འཚོ་བ་བསྐྱུར་ཏེ་གྲོང་བརྡལ་ཆུང་ཆུང་མང་པོ་ཞིག་ཚོགས་པ་ལས་གྲུབ་པ་ལྟ་བུའི་གྲོང་ཁྱེར་ཞིག་ལ་འགྲོ་བ་དང་མཚུངས་གསུངས་ཡོད། འདིའི་ཐད་ཁྱེད་ལ་དགོངས་ཚུལ་ཅི་ཞིག་ཡོད།
AW: དེ་འདྲ་རེད། འོན་ཀྱང་དེར་འཚོ་བའི་ཐོབ་ཐང་སྲུང་སྐྱོབ་ཀྱི་མཐུན་འགྱུར་ལེགས་པོ་ཡོད་པ་རེད། རྒྱ་གྲོང་(Chinatown)གི་ཁོར་ཡུག་དེ་ཅི་ཙམ་བཙོག་ཀྱང་རུང་། རྒྱ་རིགས་དེ་ཚོ་གཟའ་སྐར་གཞན་ཞིག་གི་ཐོག་ནས་ཡོང་བའི་དུད་འགྲོ་ལྟ་བུ་ཞིག་ཡིན་ཡང་རུང་། དེར་མི་སོ་སོའི་ཐོབ་སྐལ་འཕྲོག་མཁན་སུ་ཡང་མེད། སྔ་མོའི་དུས་ནས་རྒྱ་ནག་ཀོང་ཏུང་ས་ཁུལ་ནས་ཡོང་བའི་མི་ཚོས་ཨིན་སྐད་རྒྱག་གི་མེད་ནའང་། དེར་འདུག་པར་དཀའ་ངལ་ལ་གཏོད་མཁན་སུ་ཡང་མེད། ནེའུ་ཡོག་གྲོང་ཁྱེར་གྱི་ཨི་ཊཱ་ལི་ཆུང་ཆུང་(Little Italy)དུ་འབོད་པའི་གྲོང་དེར་སྔོན་ཆད་གྷོ་ཌ་ཧྥ་ཐེར་(Godfather)དང་མེན་ས་ཊ་རེ་ཊ་ས་(Mean Streets)ཞེས་པའི་འགུལ་རིས་(motion pictures)གྲགས་ཅན་དག་བརྩམས་ཡུལ་ཁང་རྩེག་དང་གཞུང་ལམ་རྙིང་པ་རྣམས་ད་ལྟ་ད་དུང་མི་ཚོའི་མིག་གིས་ལོངས་སུ་སྤྱོད་རྒྱུ་ཡོད་ལ། དེར་ད་དུང་མི་ཚོས་རང་གི་ཕ་མ་དང་སྤོ་པོ་རྨོ་རྨོ་སོགས་ཀྱི་དུས་སྐབས་ཀྱི་སྐྱིད་སྡུག་གཞན་ལ་གླེང་ས་ཡོད། མི་ཚོས་སྐབས་དེའི་གནས་ཚུལ་མང་དག་ཅིག་རྟོགས་ཐུབ་ཀྱི་ཡོད། སྤྱིར་བཏང་འདི་ལྟ་བུ་ནི་ང་ཚོས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་གཤིས་སུ་རྩི་བཞིན་ཡོད་མོད། པེ་ཅིན་དུ་འདི་ལྟ་བུའི་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་རང་གཤིས་ཤིག་མཐོང་རྒྱུ་ཡོད་དམ་དང་། དེར་མི་ཞིག་གིས་ཐོག་མར་སློབ་གྲྭ་འགྲིམས་སའི་གྲུ་ཟུར་ཞིག་གམ་ཡང་ན་རྩིག་གྱང་རྙིང་པ་སོགས་དྲན་པའི་རྟེན་དུ་འགྱུར་བའི་ཆ་འགའ་མཐོང་རྒྱུ་ཡོད་དམ་ཞེ་ན། དེ་འདྲ་གཅིག་ཀྱང་ལྷག་མེད།

གྲོང་ཁྱེར་གང་ཞིག་གི་རྣམ་པའི་ཐོག་ནས་དེར་འཚོ་སྡོད་བྱེད་པའི་མི་རྣམས་ཀྱི་མྱོང་སྣང་དང་། རང་དབང་། དགའ་མོས་བཅས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཐུབ་ཚེ། ད་གཟོད་གྲོང་ཁྱེར་དེ་ནི་སྟོབས་འབྱོར་མངའ་ཐང་གི་ཡང་རྩེར་སོན་པར་བགྲང་འོས། ནེའུ་ཡོག་གྲོང་ཁྱེར་དེ་མི་རྣམས་ཀྱིས་དགའ་མོས་བྱ་སའི་གྲོང་ཁྱེར་ཞིག་ཏུ་གྱུར་དོན་ནི། དེར་སྟོབས་ཤུགས་དང་མཛེས་སྡུག་གི་དཔལ་ལྡན་པས་ཡིན་ལ། དེར་ད་དུང་མི་ཚང་མར་ཁྲིམས་ཀྱིས་འགན་ལེན་ཡོད་པ་དང་མི་ཚང་མ་ཕྱུག་འགྱུར་གྱི་ལམ་དུ་ཞུགས་པར་འདྲ་མཉམ་གྱི་གོ་སྐབས་ཡོད་པའི་ཨ་རི་རྒྱལ་ཁབ་ཀྱི་ཕུགས་བསམ་ལྡན་པས་ཡིན། དེར་དྲང་བདེན་གྱི་ཁྲིམས་ལུགས་ཡོད་པས་མི་ཚང་མར་རང་ཉིད་ལ་སུས་ཀྱང་ཕོག་ཐུག་གཏོང་མི་ཐུབ་སྙམ་པའི་འདུ་ཤེས་ཡོད། པེ་ཅིན་ལ་གོང་གི་དགེ་མཚན་དེ་དག་གཅིག་ཀྱང་མེད། པེ་ཅིན་དུ་སྒྱུ་རྩལ་བ་ཞིག་གི་མགོ་ལ་རས་ནག་གི་ཁུག་མ་ཞིག་བཙན་གཡོགས་བྱས་ཏེ། གནམ་ཐང་ནས་གསང་སྟབས་ཀྱིས་ཁྲིད་ནས་ཉིན་གྲངས་བརྒྱད་ཅུ་གྱ་གཅིག་རིང་གར་སོང་ཆ་མེད་ཀྱི་གནས་སུ་སྐྱེལ་བའི་ལས་སྒྲུབ་ཀྱི་ཡོད། རྒྱ་ནག་ནི་མིས་བཟོས་འཁོར་སྐར་མཁར་རུ་གཏོང་བའི་ནུས་པ་དང་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ནའང་། བདག་གི་སྐོར་ལ་གསལ་བཤད་ཀྱི་ཚིག་རྐང་གཅིག་ཀྱང་སྤེལ་མེད་པ་དེས་མང་ཚོགས་ལ་ཞེད་སྣང་བསླངས་ཡོད། མང་ཚོགས་མང་པོ་ཞིག་གི་བསམ་པར་”ཨོ་ཙི་་་་་་ཨེ་ཝེ་ཝེ་ལ་དེ་ལྟར་བྱེད་ཀྱི་ཡོད་ན། མི་སུ་ལའང་དེ་ལྟར་བྱ་བར་ཐེ་ཚོམ་མེད”སྙམ་གྱི་ཡོད། པེ་ཅིན་ནི་ཨ་སྒོར་ས་ཡ་$2.5ཡི་ཁྲལ་འབབ་རེག་པར་འབད་བརྩོན་བྱེད་པའི་གྲོང་ཁྱེར་ཞིག་ཡིན། འོན་ཀྱང་དེ་གྱོད་གཞི་དང་གནད་དོན་གང་འདྲ་ཞིག་ཡིན་ཡང་ཕྱི་གསལ་ནང་གསལ་གྱིས་ཁྲིམས་རར་ཐག་གཅོད་བྱ་རྒྱུ་དང་། ཞིབ་ཚགས་ཀྱིས་ཁྲིམས་བཤེར་བྱས་པའི་དཔང་རྟགས་སྟོན་རྒྱུའམ། གྱོད་དོན་ར་སྤྲོད་བྱེད་པའི་དཔང་པོ་ཁྲིམས་རར་ཡོང་འཇུག་རྒྱུ་སོགས་ལ་མི་འཐད་པ་མ་ཟད། འབྲེལ་ཡོད་རྣམས་ཁྲིམས་རར་ཡོང་ནས་གནད་དོན་ཐག་གཅོད་བྱེད་སྟངས་ལ་ཉན་འཇུག་རྒྱུ་དང་། གསར་འགོད་པ་སོགས་ཁྲིམས་དོན་ཐག་གཅོད་བྱེད་སར་ཡོང་སྟེ་རྒྱུས་ལོན་བྱ་འཇུག་པར་མོས་མཐུན་ཡེ་ནས་མེད། དེ་ལྟར་ན་གྲོང་ཁྱེར་འདི་ཅི་ལྟ་བུ་ཞིག་ཡིན་རྒྱུ་རེད། དགོད་བྲོ་བོ་ཞིག་མ་རེད་དམ། ངའི་གྱོད་གཞི་དེ་ད་དུང་ཆེས་ཡོངས་གྲགས་ཤིག་ཡིན་པར་རྩི་བཞིན་ཡོད་པ་རེད། དེས་ན་མི་གཞན་ཀྱི་གྱོད་དོན་ཅི་ལྟར་ཐག་གཅོད་བྱེད་ཀྱིན་ཡོད། མི་མང་པོ་ཞིག་གིས་མནར་གཅོད་མྱོང་བཞིན་ཁ་ཁུ་སིམ་མེར་མི་སྡོད་ཐབས་མེད་ཆགས་ཡོད།

FP: འོན་ཀྱང་པེ་ཅིན་ནི་སྔར་བཞིན་ཁྱེད་ཀྱི་ཁྱིམ་རེད། གལ་ཏེ་ཁྱེད་རང་འདིར་པེ་ཅིན་དུ་ཡོད་པ་ཡིན་ན། ཁྱེད་རང་འགྲོ་ས་གང་ཞིག་ཡིན་རྒྱུ་རེད།
AW: དེ་ནི་ནང་ལ་འདུག་མཁན་རྣམས་མི་མིན་པའི་ཁྱིམ་ཞིག་རེད། དེ་དཀའ་ངལ་རེད། ཁྱིམ་ཞིག་ཡིན་ན་འཚོ་བ་དབུལ་པོ་ཡིན་ཡང་དེར་སྐྱོན་མེད། གང་ལྟར་ཁྱིམ་དེ་རང་ཉིད་ལ་བདག་པ་ཞིག་ཡིན་པས་དུང་ཞེན་སྐྱེ་ཆོག་གི་རེད། དེ་ལྟ་བུའི་ཁྱིམ་དེས་མི་རྣམས་ཀྱི་མྱོང་སྣང་དང་། ཞེན་སེམས། ཕྱིར་དྲན། རེ་བཞག ཕུགས་བསམ་བཅས་མངོན་པར་མཚོན་ཐུབ། འོན་ཀྱང་ཆབ་སྲིད་དང་གནས་ཚུལ་སྣ་ཚོགས་ཀྱི་རྐྱེན་པས་པེ་ཅིན་དུ་མི་མང་པོ་ཞིག་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད། དེ་ལྟར་ནའང་ཁ་གསལ་གཏིང་གསལ་གྱི་ཁྲིམས་གཅོད་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་གླེང་སློང་བྱེད་ལུགས་གང་ཡང་མེད། ང་ལ་མཚོན་ན་དྲ་ཐོག་ཏུ་ངའི་མིང་མངོན་མི་ཆོག་པ་ཆགས་ཡོད། མ་འོངས་པའི་མདུན་ལམ་ཞིག་གང་དུ་ཡོད་རྒྱུ་རེད།

FP: གལ་ཏེ་ཁྱེད་ཀྱིས་རང་ཉིད་ཀྱི་བུ་ཆུང་གི་ཆེད་དུ་པེ་ཅིན་ལ་འགྱུར་བ་གཅིག་གཏོང་དགོས་ཡོད་ན། འགྱུར་བ་དེ་གང་གི་ཐད་ལ་གཏོང་ངམ།
AW: འགྱུར་བ་གཅིག་ཁོ་ན་འདེམས་དགོས་པ་རེད་དམ། (དགོད་སྒྲ་དང་བཅས།) དེས་ན་་་་་དེ་ནི་བཅིངས་འགྲོལ་ཡིན་རྒྱུ་རེད། ངས་བསམ་ན་རང་དབང་ནི་མི་ཚང་མར་འཐོབ་འོས་པ་ཞིག་རེད། རང་དབང་ཞེས་པ་འདི་མཐོང་རྒྱུ་མེད་པའི་བརྡ་ཆད་ཙམ་ཞིག་ཏུ་སྣང་ནའང། དེ་མི་ཚང་མར་དགོས་པ་ཞིག་ཡིན་པ་རེད།

FP: ད་ལྟ་ཁྱེད་ཀྱིས་པེ་ཅིན་གྱི་སྐོར་ལ་བཤད་སོང་། ཧྲང་ཧེ་གྲོང་ཁྱེར་དུའང་ཁྱེད་ཀྱིས་སྒྱུ་རྩལ་གྱི་ལས་ཀ་གཉེར་སར་དཀའ་ངལ་འཕྲད་པ་རེད། འདིའི་ཐད་ལ་་་་་(ཕྱི་ལོ་༢༠༡༡ ཟླ་དང་པོའི་ནང་རྒྱ་གཞུང་གིས་ཨེ་ཝེ་ཝེ་ཡིས་བཞེངས་པའི་སྒྱུ་རྩལ་གྱི་སྒྲོམ་གཞི་གཏོར་བཤིག་བཏང་བ་རེད།)
AW: དེ་པེ་ཅིན་གཅིག་པུའི་གནད་དོན་མ་རེད། དེ་ནི་ལམ་ལུགས་ཀྱི་དཀའ་ངལ་རེད། སྤྱིར་ན་ལམ་ལུགས་ནི་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་ཞིག་དང་། ཚང་མར་ཕན་ཐོག་པ་ཞིག ཚང་མའི་བློ་ལ་འཐད་པ་ཞིག་དགོས་པ་རེད། དམངས་གཙོའི་ལམ་ལུགས་ནང་མི་ཞིག་འགོ་ཁྲིད་དུ་འོས་འདེམས་མ་བྱུང་ཡང་མི་དེས་སྲིད་གཞུང་གི་ལས་རིགས་སྣ་ཚོགས་ནང་ནུས་པ་འདོན་ཐུབ་པས། ཚང་མས་དམངས་གཙོའི་ལམ་ལུགས་དགོས་འདོད་བྱེད་བཞིན་ཡོད་པ་རེད། དམངས་གཙོའི་ལམ་ལུགས་མི་ལྡན་ཚེ་མི་ཞིག་འགོ་ཁྲིད་དུ་འོས་འདེམས་བྱས་ཀྱང་རུང་མ་བྱས་ཀྱང་རུང་གཞན་ལ་གནོད་བྱེད་མཁན་ཞིག་གམ་གཞན་དག་མི་དགའ་ས་ཞིག་ཆགས་རྒྱུ་ལས་མ་འདས།

FP: ཁྱེད་ཀྱིས་གྲོང་ཁྱེར་འདི་པེ་ཅིན་ལས་གནས་བབ་ལེགས་པ་འདུག་སྙམ་པའི་གྲོང་ཁྱེར་གཞན་འགའ་རྒྱ་ནག་ནང་མཐོང་བྱུང་ངམ།
AW: དེ་འདྲ་མཐོང་ཐབས་རྩ་བ་ནས་མེད། ས་གནས་གཞན་དག་གི་གནས་བབ་ད་དུང་པེ་ཅིན་ལས་སྡུག་པ་ཡོད། ས་ཁུལ་གཞན་དག་ཏུ་གོ་སྐབས་ཉུང་བའི་ཁར་ལྐོག་ཟ་རུལ་སུངས་མང་ལ། གདུག་རྩུབ་ཀྱི་བྱ་སྤྱོད་དར་ཁྱབ་ཧ་ཅང་ཆེ། གནས་ཚུལ་ཁག་ཅིག་བློས་དཔོག་དཀའ་བ་དེ་འདྲ་རེད། དམིགས་བསལ་གྱི་གནས་ཚུལ་གཅིག་ནི་བོད་ཀྱི་གནད་དོན་རེད། དེ་ནི་རང་བྱུང་གི་གཏེར་ཁའི་གནད་དོན་གྱིས་ཡིན་པ་རེད། འོན་ཀྱང་བོད་མི་ཚོས་རང་ཉིད་མེ་རུ་བསྒྲོན་ནས་རང་སྲོག་གཅོད་བཞིན་ཡོད། འདས་པའི་ལོ་ངོ་གཉིས་ཀྱི་རིང་བོད་མི་བཞི་བཅུ་ལྷག་གིས་རང་ཉིད་མེ་རུ་བསྲེགས་པའི་གནས་ཚུལ་བྱུང་བ་རེད། འོན་ཀྱང་ད་བར་འདིའི་ཐད་སུས་ཀྱང་གླེང་སློང་བྱེད་མྱོང་མེད།

FP: ཁྱེད་རང་དེ་སྔ་ལྷ་སར་འགྲོ་མྱོང་ཡོད་དམ།
AW: འགྲོ་མྱོང་མེད། ང་ལྷ་སར་འགྲོ་བར་ངོ་གནོང་གི་འདུག ངའི་བསམ་པར་བོད་མི་ཚོར་བརྩི་འཇོག་བྱེད་ཀྱི་ཡོད་ན། ཁོང་ཚོར་ཕོག་ཐུག་མ་བཏང་བར་བཞག་ན་ལེགས་པར་སྙམ།

FP: ང་ལ་རྒྱ་ནག་གཞུང་འབྲེལ་གསར་ཁང་CCTVདུ་བྱ་བ་སྒྲུབ་པའི་ངོ་ཤེས་ཤིག་ཡོད། (གསར་འགྱུར་བརྒྱུད་སྒྲོག་བྱེད་སའི་ལྟེ་གནས་ཀྱི་མཐོ་ལ་བརྗིད་པའི་ཐོག་ཁང་ཆེན་མོ་དེ་ནི་འཆར་འགོད་པ་གྲགས་ཅན་རེམ་ཀཱོལ་ཧཱ་ས་Rem Koolhaasམཆོག་གིས་འཆར་འགོད་ཀྱིས་འཛུག་སྐྲུན་བྱས་པ་ཞིག་ཡིན།) ཁོ་མོས་གསར་འགྱུར་ལས་ཁུངས་ཀྱི་ཐོག་ཁང་ཆེན་མོ་དེ་ནི་འཇིགས་སྐུལ་རིང་ལུགས་པ་ཚོས་དམིགས་འབེན་དུ་བཟུང་ཡོད་རྒྱུ་རེད་སྙམ་དུས་ནང་ལ་འགྲོ་བར་སྐྲག་སྣང་སྐྱེ་བཞིན་འདུག་ཟེར།
AW: ཨོ་་་་་་་ཐོག་ཁང་དེ་ཟེར་ཀྱིན་ཡོད་དམ། དེའི་ནང་དུ་འདུག་མཁན་ཚོ་དྲག་པོའི་འཇིགས་སྐུལ་རིང་ལུགས་པ་འབའ་ཞིག་ཡིན་ངེས། དེར་སུས་ཀྱང་ཕོག་ཐུག་གཏོང་གི་མ་རེད། (བཞད་མོ་བཞད་བཞིན་དུ་་་་) སྐྱིད་པོ་མ་ཤོད། ཁོ་རང་ཚོ་འཇིགས་སྐུལ་རིང་ལུགས་པ་ཨང་དང་པོ་ཡིན་པ་རེད། འདས་པའི་ལོ་ངོ་དྲུག་ཅུ་ལ་བསམ་ན་ཁོ་ཚོས་རྒྱལ་ཁབ་ཀྱི་སྲིད་དོན་ལྟ་བར་དབང་བསྒྱུར་བསྡད་པ་རེད།

FP: རིང་མིན་ཁྱེད་ཀྱིས་བསྐྱར་དུ་འགྲུལ་བཞུད་བྱ་འཆར་ཡོད་དམ།
AW: འདས་པའི་ལོ་དེར་ངས་ཡར་མར་འགྲུལ་བཞུད་བྱ་མི་ཆོག་པ་བཟོས་པ་རེད། འོན་ཀྱང་ད་ལྟ་དངོས་ཡོད་གནས་ཚུལ་དང་རྒྱུ་མཚན་བགྲང་བར་བརྟེན་ནས་རྒྱ་ནག་གི་ཕྱི་ལ་མ་སོང་ན་ནང་ལོག་ཏུ་གང་སར་འགྲོ་སྐྱོད་ཆོག་པའི་རང་དབང་ཐོབ་པ་རེད། འོན་ཀྱང་ཁྱེད་ཀྱིས་ཤེས་གསལ་བཞིན་རེད། ད་ལྟ་ང་ལ་འགྲུལ་བཞུད་བྱ་བའི་འདུན་པ་མི་འདུག ང་ལ་ལས་ཀ་མང་དག་ཅིག་བསྒྲུབ་རྒྱུ་ཡོད་པས། དེ་དག་མ་འགྲུབ་པར་བསྡད་ཡོད།

FP: ཕལ་ཆེར་ཁྱེད་ཀྱི་འཚོ་བ་ནི་དྲ་བའི་ཐོག་ཡོངས་སུ་སྤོར་ཚར་བ་ལྟ་བུ་ཞིག་རེད།
AW: དེ་འདྲ་ཞིག་རེད། ད་ལྟ་ཁྱེད་རང་འདིར་མ་སླེབས་གོང་ཏག་ཏག་ལ་ང་དྲ་ཐོག་ལ་ཞུགས་ནས་ཆུ་ཚོད་གཉིས་འགོར་སོང་།

FP: དེ་བཞིན་ཁྱེད་ཀྱི་འཚོ་བ་དྲ་བའི་ཐོག་སྤོར་བ་ན། དེ་ནི་རྒྱ་ཆེ་ལ་གུ་ཡངས་པའི་གྲོང་ཁྱེར་ཞིག་ལྟ་བུ་རེད།
AW: དེ་འདྲ་ཞིག་རེད། ཊ་ཝི་ཊེར་(Twitter)ནི་ངའི་གྲོང་ཁྱེར་རེད། ང་དགའ་ཤོས་ཀྱི་གྲོང་ཁྱེར་རེད། དེར་ངས་མི་སུ་དང་མཉམ་དུ་གླེང་མོལ་བྱ་འདོད་ན་དེ་ལྟར་བྱེད་ཐུབ་ཀྱི་འདུག་ལ། མི་སུ་ཞིག་གིས་ང་ལ་སྐད་ཆ་བཤད་འདོད་ཡོད་ན་ངས་དེ་ལྟར་ཁ་བརྡ་བྱེད་ཐུབ་ཀྱི་འདུག ཊ་ཝི་ཊེར་ནང་གི་མི་ཚོས་རང་ཉིད་ཀྱི་གཉེན་ཉེ་དང་ངའི་གཉེན་ཉེ་ཚོ་ལས་ང་ངོ་ཤེས་པའི་འབྲེལ་བ་ཟབ་པ་ཡོད་རྒྱུ་རེད། དེར་འཆར་ཡན་སྣ་ཚོགས་པ་ཡོད་པས། མང་པོ་ཞིག་སྙན་ངག་དང་འདྲ་པོ་ཡོད། ཁྱེད་ཀྱིས་ཚིག་རྐང་གཅིག་ཀློགས་དང་། བསིལ་སྣང་སྟེར་བའི་བྲོ་བ་དེ་ཚོར་ཐུབ། དེ་ཧ་ལས་པ་ཞིག་རེད།

FP: འོན་ཀྱང་འདིར་ད་དུང་དྲ་བའི་གྲོང་ཁྱེར་དེར་མི་ཚང་མ་རང་དབང་གིས་ཞུགས་དབང་མི་འདུག
AW: མ་རེད། ང་ཚོས་རང་ཉིད་ལ་བདག་པའི་གྲོང་ཁྱེར་དེར་སླེབས་པར་ཡར་གནམ་ལ་འཛེག་དགོས་ཀྱང་མར་ས་ལ་འཛུལ་དགོས་ཀྱང་དཀའ་སྤྱད་འབད་བརྩོན་བྱ་དགོས། དེ་ལྟར་བྱས་ཚེ་གྲོང་ཁྱེར་དེར་མཛེས་སྡུག་བསྐྲུན་ཐུབ་ལ། དཀའ་སྤྱད་འབད་བརྩོན་བྱས་པ་ལའང་དོན་སྙིང་ལྡན་ངེས།

(རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*