རྒྱ་ནག་གི་བརྡ་འཕྲིན་ལྕགས་རིའི་ཕ་རོལ་དུ།

(རྒྱ་ནག་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ཟིན་བྲིས་མཁན་གྲགས་ཆེན་དང་རང་དབང་དམངས་གཙོ་དོན་གཉེར་བ།)
སྐར་ཁུང་རྩོམ་སྒྲིག་ཚོགས་ཆུང་གིས།

རྩོམ་པ་པོ་མེ་ཁུལ་ཨན་གྲས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འདས་པའི་ཉིན་ཁ་ཤས་ཀྱི་རིང་དུ་ངས་མི་མང་བོར་རྒྱ་ནག་གི་སྐོར་བཤད་པ་ཡིན་ལ། དེ་བཞིན་ང་རང་ཉིད་ཀྱི་གྲོགས་པོ་ཚོར་ཡང་རྒྱ་ནག་དང་རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་གནད་དོན་སྐོར་ལ་ཁ་བརྡ་གང་མང་བྱས་པ་ཡིན། ངས་ནམ་རྒྱུན་མི་རྣམས་ལ་རྒྱ་ནག་གི་གནད་དོན་དེ་ཅུང་རྙོག་དྲ་ཚ་བོ་ཞིག་ཡིན་པ་དང་གལ་སྲིད་ཁྱེད་ཅག་གིས་རྒྱ་ནག་ལ་ཉམས་ཞིབ་ལེགས་པོ་ཞིག་བྱེད་འདོད་ན། ངེས་པར་དུ་ཕྱོགས་གཉིས་ནས་བརྟག་དཔྱད་བྱེད་དགོས་པ་ལས་གླེང་ཕྱོགས་གཅིག་ཁོ་ན་བརྒྱུད་ནས་རྒྱ་ནག་གི་གནད་དོན་མཐིལ་ཕྱིན་ཤེས་རྟོགས་གཏན་ནས་བྱེད་མི་ཐུབ་ཅེས་ཡང་ཡང་ཤོད་བཞིན་ཡོད། ང་ལ་ནམ་རྒྱུན་རྒྱ་ནག་དང་འབྲེལ་བའི་དཔེ་འཇོག་སྟབས་བདེ་ཞིག་ཡོད། རྒྱ་ནག་རྒྱལ་ཁབ་དེ་བྷི་རིག(BRICS) མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ལ་ཚོགས་པ་དེའི་ཁོངས་སུ་བྷིར་ཟིལ། ཨུ་རུ་སུ། རྒྱ་གར། རྒྱ་ནག་དང་ལྷོ་ཨ་ཧྥི་རི་ཁ་བཅས་རྒྱལ་ཁབ་ལྔ་ཡིས་གྲུབ་ཡོད། རྒྱལ་ཁབ་དེ་དག་ནི་རྒྱལ་སྤྱིའི་ཁྲོད་དུ་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་གྲས་ཡིན་པས་མ་འོངས་པར་འཛམ་གླིང་དཔལ་འབྱོར་གནས་བབ་བསྐྱར་གསོ་བྱེད་པར་ཕན་རླབས་ཆེན་པོ་འབྱུང་ངེས་ཡིན། དེ་དང་མཉམ་དུ་རྒྱ་ནག་རྒྱལ་ཁབ་དེ་ཡང་སེས་གི(SICK)མཐུན་ཚོགས་ཀྱི་རྐང་འཛིན་ཚོགས་མི་ཡང་ཡིན། ཚོགས་པ་དེའི་ཁོངས་སུ་རྒྱལ་ཁབ་སུ་རེ་ཡ།(Syria)་དང་ཨས་རན(Iran)། རྒྱ་ནག ཀོ་རི་ཡ་བྱང་མ(North Korea)བཅས་རྒྱལ་ཁབ་ཁག་ལྔས་གྲུབ་ཡོད་ལ། རྒྱལ་ཁབ་དེ་དག་ནི་ངོ་དེབ(Facebook)དྲ་བ་གཏན་འགོག་བྱས་ཟིན་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ལྔའི་ཁོངས་སུ་གཏོགས། དེར་བརྟེན། མདོར་དེད་ན་ད་ལྟའི་རྒྱ་ནག་ནི་སེས་གི་བྷི་རིག(SICK BRICS-བཟང་ངན་གཉིས་ཀྱི་རྣམ་པ་འཁྲབ་བཞིན་པའི་དོན)གཉིས་འཛོམས་ཀྱི་རྒྱལ་ཁབ་ཅིག་ཡིན།

གང་ལྟར། ད་ལྟའི་དྲ་བའི་འཇིག་རྟེན་དུ་རྒྱ་ནག་གིས་བརྡ་འཕྲིན་སྟངས་འཛིན་གྱི་ལྕགས་རི་མཐོན་པོ་ཞིག་བརྩིགས་དང་རྩིག་བཞིན་ཡོད་པ་རེད། དེར་བརྟེན། ངས་དེ་རིང་འདིར་ཁྱེད་ཅག་ལ་ང་རང་མི་སྒེར་བ་ཞིག་གི་ངོས་ནས་འདས་པའི་ལོ་ངོ་དུ་མའི་རིང་ལ་རྒྱ་ནག་གི་བརྡ་འཕྲིན་སྟངས་འཛིན་བྱེད་ཕྱོགས་སྐོར་ལ་ཉམས་ཞིབ་བྱས་པའི་གྲུབ་དོན་ཁ་ཤས་བཤད་རྒྱུ་ཡིན། གལ་སྲིད། ཁྱེད་རང་གློག་འཕྲུལ་རྩེད་མོའི་ཁྲོད་ཀྱི་རྒྱལ་ཁྲི་འགྲན་རྩོད་ཀྱི་(Game Of Throne)རྩེད་མོར་དགའ་མོས་བྱེད་མཁན་ཞིག་ཡིན་ཚེ། ཏན་ཏན་ཁྱེད་ཀྱིས་ལྕགས་རི་མཐོན་པོ་དང་མཁྲེགས་པོ་ཞིག་བརྩིགས་རྒྱུ་དེ་རྒྱལ་ཁབ་སྲུང་སྐྱོབ་ལ་གལ་ཅི་འདྲ་ཞིག་ཆེ་མིན་དང་ལྕགས་རི་ཞིག་གིས་དམག་འཁྲུག་སྐབས་དཀའ་ངལ་ག་ཚོད་ཅིག་སེལ་བཞིན་ཡོད་མེད་གསལ་བོ་ཤེས་ངེས་ཡིན།

དཔེ་དེ་བཞིན་དུ་ང་ཚོ་རྒྱ་ནག་གི་ནུབ་ཕྱོགས་སུ་ཡང་རྔམ་བརྗིད་ལྡན་པའི་ལྕགས་རི་རིང་པོ་ཞིག་ཡོད་ལ། རྔམ་བརྗིད་ཀྱི་ལྕགས་རི་དེས་འདས་པའི་བགྲང་བྱ་ཉིས་སྟོང་ལྷག་གི་རིང་དུ་རྒྱ་ནག་རྒྱལ་ཁབ་ཕྱི་ཕྱོགས་ཀྱི་བཙན་འཛུལ་བ་དག་ལས་སྲུང་སྐྱོབ་དམ་པོ་བྱས་མྱོང་། ད་ལྟ་རྒྱ་ནག་ལ་བརྡ་འཕྲིན་དྲ་བའི་ལྕགས་རི་གསར་བ་ཞིག་ཡོད་ལ་ལྕགས་རི་དེ་ནི་འཛམ་གླིང་འདིའི་བརྡ་འཕྲིན་མ་ལག་ཁྲོད་ཀྱི་ལྕགས་རི་ཆེས་ཆེ་ཤོས་དེ་ཆགས་ཡོད། བརྡ་འཕྲིན་ལྕགས་རི་དེས་ནུབ་ཕྱོགས་པའི་གནོན་ཤུགས་དང་འཇིག་རྟེན་ཀུན་ཁྱབ་རིན་ཐང་གི་ཤེས་ཡོན་ཁག་ཕྱིར་ཕུད་བཏང་ནས་དབུས་དམར་གཞུང་གི་དབང་ཤུགས་རྒྱུན་མཐུད་དང་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད། ལྕགས་རི་དེས་ལས་སླ་བོའི་ངང་རྒྱ་ནག་མི་སེར་ས་ཡ་མང་བོ་རང་དབང་གི་སྒོ་ནས་བརྡ་འཕྲིན་དྲ་ཐོག་ཏུ་ཞུགས་རྒྱུར་ཚོད་འཛིན་དང་བཀག་འགོག་བྱེད་ཐུབ་པ་མ་ཟད། གཞན་ད་དུང་ལྕགས་རི་དེས་རྒྱ་ནག་གི་མི་སེར་ཁག་ཚང་མ་ཕན་ཚུན་ཁ་འཐོར་དུ་གནས་པ་ལས་རྡོག་རྩ་གཅིག་སྒྲིལ་བྱེད་དུའང་འཇུག་གིན་མེད།

ད་ལྟའི་སྤྱི་ཚོགས་བརྡ་འཕྲིན་མ་ལག་གི་ཁྱབ་ཁོངས་སུ་ང་ཚོས་དྲ་རྒྱའི་བརྒྱུད་ལམ་རིགས་མི་འདྲ་བ་གཉིས་སུ་དགར་ཆོག གཅིག་ནི་རྒྱལ་སྤྱིའི་རང་དབང་ཅན་གྱི་དྲ་རྒྱ་ཡིན་ལ་གཞན་གཅིག་ཤོས་དེ་ནི་རྒྱ་ནག་གི་སྟངས་འཛིན་འོག་ཏུ་ཡོད་པའི་དྲ་རྒྱ་དེ་དག་རེད། འོན་ཀྱང་། ཁྱེད་ཀྱིས་རྒྱ་ནག་གི་དྲ་རྒྱའི་འཇིག་རྟེན་དེ་ཚེ་སྲོག་དང་ཡོངས་སུ་བྲལ་བ་ཞིག་དང་། ཡང་ན་བེད་མེད་དུ་གྱུར་བའི་བརྒྱུད་ལམ་ཞིག་རེད་དགོངས་བཞིན་ཡོད་ཚེ་ཁྱེད་སྦད་དེ་ཡོངས་སུ་ནོར་བ་རེད། ང་ཚོས་དཔེ་མཚོན་ལས་སླ་བོ་ཞིག་བཞག་ཆོག ད་ལྟའི་རྒྱ་ནག་གི་དྲ་རྒྱའི་གནད་དོན་ནི་ཞི་མི་དང་ཙི་ཙི་གཉིས་ཀྱི་རྩེད་མོ་ལྟ་བུ་རེད ། རྒྱ་ནག་གི་བརྡ་འཕྲིན་སྟངས་འཛིན་གྱི་ལྕགས་རི་དེ་ཞི་མི་ཆེན་པོ་ཞིག་ཡིན་པའི་དབང་དུ་བཏང་ན་ང་ཚོ་རྒྱ་ནག་མི་མང་རྣམས་ཁོའི་ཁ་གཏད་དུ་ལངས་པའི་ཙི་ཙི་ལྟ་བུ་རེད། འོན་ཀྱང་། ཞིབ་ཚགས་པོར་བལྟས་ཚེ་གནད་དོན་ཁ་ཤས་ཀྱི་ཐོག་ཏུ་དཔེ་འཇོག་དེ་ཧ་ཅང་ལས་སླ་དྲགས་པ་ཡང་ཡོད་སྲིད།

དེར་བརྟེན། དེ་རིང་ངས་གོང་གི་གནད་དོན་དེ་གནས་རིམ་གཉིས་(༢,༠)ཡར་སྤར་ནས་ཞིབ་འཇུག་བྱེད་རྒྱུ་ཡིན། ད་ལྟ་ང་ཚོ་རྒྱ་ནག་མི་མང་ནང་དྲ་རྒྱ་བེད་སྤྱོད་གཏོང་མཁན་ས་ཡ་ ༥༠༠ ལྷག་ཡོད་ལ་དེ་ནི་འཛམ་གླིང་འདིའི་ནང་གི་རྒྱལ་ཁོངས་གཅིག་ལ་བརྩིས་ན་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་ཆེས་མང་ཤོས་དེ་ཆགས་ཡོད་ལ། ད་དུང་ད་ལྟའི་རྒྱ་ནག་གི་དྲ་རྒྱ་ཡོད་ཚད་གཞུང་གི་སྟངས་འཛིན་འོག་ཏུ་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་གི་དྲ་རྒྱའི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ཁྱེད་ཀྱིས་རྒྱུ་མཚན་དེ་ཅིའི་ཕྱིར་ཡིན་ཤེས་སམ། དེ་ཧ་ཅང་ལས་སླ་བོ་རེད། དཔེར་ན། ཁྱེད་ཚོར་གྷོས་གྷུལ་(Google)ཡོད་ལ་ང་ཚོ་རྒྱ་ནག་མི་མང་ལ་པེ་ཏོས་(Baidu)བཟོས་ཡོད། ཁྱེད་ཚོར་བྱིས་སྐད་(Twitter)ཡོད་ལ་ང་ཚོར་བེས་པོ(Weibo)བཟོས་ཡོད། ཁྱེད་ཚོར་ངོ་དེབ་(Facebook)ཡོད་ལ་ང་ཚོར་རན་རན་(Renren)བཟོས་ཡོད། ཁྱེད་ཚོར་ཡོས་གྲུབ་(Youtube)ཡོད་ལ་ང་ཚོར་ཡོས་གོས་(Youku)དང་ཐོས་དོ་(Tudou)གཉིས་བཟོས་ཡོད། མདོར་བསྡུས་ནས་བཤད་ན་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རང་དབང་ཅན་གྱི་དྲ་རྒྱ་གཅིག་ཀྱང་མ་ལུས་པར་ཡོངས་སུ་བཀག་རྗེས་ཁོ་ཚོ་རང་ཉིད་ཀྱི་སྟངས་འཛིན་འོག་དྲ་རྒྱ་ཚང་མ་རེ་རེ་བཞིན་དཔེ་བཤུས་བྱས་ནས་རྒྱ་ནག་ནང་ཡོངས་ཁྱབ་བཀོལ་སྤྱོད་བྱེད་བཞིན་ཡོད།

བྱེད་ཐབས་འདིའི་སྲིད་ཇུས་ལ། ངས་རྒྱ་གཞུང་གི་མགོ་བདེ་བོ་ཅན་གྱི་དྲ་རྒྱ་སྟངས་འཛིན་བྱེད་ཕྱོགས་ཞེས་ཐ་སྙད་སྦྱར་ཡོད། མཚམས་རེར་རྒྱ་ནག་གི་དྲ་རྒྱ་སྟངས་འཛིན་དང་དོ་དམ་བྱེད་ཕྱོགས་དེ་ཧ་ཅང་སྟབས་བདེ་བོ་དང་ལས་སླ་བོ་ཞིག་ཀྱང་རེད། གང་ཡིན་ཟེར་ན་ཁོ་ཚོའི་སྲིད་ཇུས་དེ་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཚང་མ་བཀག་ཏེ་རྒྱ་ནག་ནང་ལོགས་ནས་ཚང་མ་དཔེ་བཤུས་བརྒྱབས་ནས་གསར་བཟོ་བྱེད་རྒྱུ་དེ་རེད། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་རྒྱ་ནག་མི་མང་ས་ཡ་མང་བོའི་འདོད་མོས་བཞིན་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་སྟོང་ཆ་འགེང་དགོས་ལ་དེ་ནི་དམར་གཞུང་ལ་མཚོན་ན་ཧ་ཅང་གལ་ཆེན་ཡིན། གང་ཡིན་ཟེར་ན་དབུས་གཞུང་གིས་རྒྱ་ནག་མི་མང་ཚོ་སྤྱི་ཚོགས་འབྲེལ་མཐུད་དྲ་བར་ག་ཚོད་ཅིག་དགའ་བོ་ཡོད་མེད་གསལ་བོར་ཤེས་ཡོད། ཡང་ཕྱོགས་གཞན་ཞིག་ནས་རྒྱལ་ནང་གི་དྲ་རྒྱ་ཚང་མའི་སྟངས་འཛིན་དོ་དམ་གྱི་དབང་ཤུགས་ངེས་པར་དུ་པེ་ཅིན་སྲིད་གཞུང་གི་ལག་ཏུ་ཡོད་དགོས་པ་དེ་རེད། གལ་སྲིད། དྲ་རྒྱའི་སྟངས་འཛིན་ཁོ་ཚོའི་ལག་ཏུ་ཡོད་ཚེ་ཁོ་ཚོ་རང་ཉིད་ཀྱི་དགོས་མཁོ་དང་སྲིད་ཇུས་བཞིན་གནས་ཚུལ་གང་ཞིག་ཁྱབ་བསྒྲགས་བྱེད་འོས་པ་དང་གང་ཞིག་ཁྱབ་བསྒྲགས་བྱེད་མི་འོས་པ་སོགས་ཀྱི་ཐག་གཅོད་ཚང་མར་ཁོ་ཚོའི་ལག་ཏུ་ཡོད་པས་སོ།། གནད་དོན་དེ་ལ་བརྟེན་ནས་གྷོས་གྷུལ་དྲ་བས་ཀྱང་རྒྱ་ནག་གི་དབང་འཛིན་པ་ཚོའི་དགོས་མཁོ་བསྐང་མ་ཐུབ་པས་མཐར་རྒྱ་ནག་སྐམ་ས་ཆེན་མོ་ལས་ཕྱིར་ཕུད་བཏང་བ་རེད།

དཀྱིལ་ཤར་ས་ཁུལ་དང་ཨ་རབ་ལུང་བའི་གཅིག་སྡུད་དབང་འཛིན་པ་མང་བོ་ཞིག་གིས་རྒྱ་ནག་བཞིན་དྲ་རྒྱ་སྟངས་འཛིན་བྱེད་ཕྱོགས་ཀྱི་སྲིད་ཇུས་ཐབས་ལམ་དེ་གཉིས་ལ་རྒྱུས་ལོན་དང་བཀོལ་སྤྱོད་ལེགས་པོ་བྱེད་མ་ཐུབ་པས་དབང་ཤུགས་ལ་ཕམ་ཉེས་བྱུང་ཡོད་པ་རེད། དཔེར་ན། ཨེ་ཇེབ་(Egypt)ཀྱི་གཅིག་སྡུད་དབང་འཛིན་པ་མོས་བྷ་རག་གིས་མི་མང་གིས་ཁོ་ལ་སྐྱོན་བརྗོད་བྱེད་རྒྱུར་མཚམས་འཇོག་བྱེད་ཆེད་ཁོས་རྒྱལ་ཁོངས་ཀྱི་དྲ་རྒྱ་ཡོད་ཚད་གཅིག་ཀྱང་མ་ལུས་པར་སྒོ་བརྒྱབས་པ་རེད། དེར་བརྟེན། མི་མང་གིས་དྲ་ཐོག་བརྒྱུད་ནས་གཞུང་ལ་སྐྱོན་བརྗོད་བྱེད་མ་ཐུབ་པའི་སྐབས་སུ་ཁོ་ཚོ་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་ཐོན་ནས་གཞུང་ལ་ངོ་རྒོལ་བྱེད་འགོ་ཚུགས་པ་རེད། གནད་དོན་དེ་ལ་བརྟེན་ནས་གཅིག་སྡུད་རང་ལུགས་པ་མོས་བྷ་རག་ཨེ་ཇེབ་དབང་འཛིན་པའི་ལོ་རྒྱུས་ཁྲོད་ནས་ཤི་བ་བཞིན་གཏན་དུ་ཡལ་ཚར་བ་རེད། གཞན་ཡང་གྲོས་ནེ་ཞི་ཡའི་(Tunisia)དབང་འཛིན་པ་སྲིད་བློན་བྷེན་ཨ་ལས་ཀྱིས་དྲ་རྒྱ་སྟངས་འཛིན་བྱེད་ཕྱོགས་ཀྱི་སྲིད་ཇུས་གཉིས་པ་དེ་ལག་བསྟར་བྱེད་མ་ཤེས་པ་རེད། ཁོས་ཨ་རི་སོགས་རྒྱལ་སྤྱིའི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཡོད་ཚད་གཅིག་ཀྱང་བཀག་འགོག་མ་བྱས་པར་མི་མང་ཚོར་གང་འདོད་འདོད་དུ་བྱེད་སྤྱོད་གཏོང་བཅུག་པ་རེད། དེར་བརྟེན། ཁོ་ལ་ཕྱི་ཕྱོགས་ཀྱི་གནོན་ཤུགས་ཧ་ཅང་ཆེན་པོ་ཐེབས་པ་མ་ཟད་ཐ་ན་གྲོས་ནེ་ཞི་ཡའི་མི་སེར་གང་མང་གིས་ཁོའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དང་འབྲེལ་བའི་པར་དང་བརྙན་འཕྲིན་སོགས་གང་མང་དྲ་ཐོག་ཏུ་བཀོད་ནས་ངོ་རྒོལ་བྱས་པར་བརྟེན། མཐར་སྲིད་བློན་ཁོ་ཨ་རབ་གསར་བརྗེའི་ཁྲོད་དུ་དབང་ཤུགས་ཤོར་བའི་འགོ་འཛིན་མི་སྣ་ཆེས་ཐོག་མ་དེ་ཆགས་པ་རེད།

འོན་ཀྱང་། རྒྱ་གཞུང་གི་མགོ་བདེ་བོ་ཅན་གྱི་དྲ་རྒྱ་དོ་དམ་སྟངས་འཛིན་བྱེད་ཕྱོགས་ཀྱི་སྲིད་ཇུས་གཉིས་དེས་རྒྱ་ནག་མི་སེར་རྣམས་སྤྱི་ཚོགས་འབྲེལ་མཐུད་དྲ་ཐོག་ཏུ་ཞུགས་རྒྱུར་བཀག་འགོག་བྱས་མེད་ལ། དྲ་རྒྱ་བརྒྱུད་ནས་མི་མང་ཕན་ཚུན་གྱི་བསམ་ཚུལ་བརྗེ་རེས་ཀྱང་མུ་མཐུད་དུ་བྱེད་བཞིན་ཡོད་པས་མཚམས་ལན་རེར་རྒྱ་གཞུང་གི་ལས་བྱེད་རྣམས་ལ་དཀའ་ངལ་ཡང་མི་ཉུང་བ་རེ་བཟོ་བཞིན་ཡོད། རྒྱུ་མཚན་གང་ཡིན་ཟེར་ན་རྒྱ་ནག་ནང་ཁུལ་གཅིག་པོར་དྲ་རྒྱའི་ཟིན་བྲིས་པ་ས་ཡ་ ༣༠༠ ལྷག་ཡོད་ལ་དེ་ནི་ཨ་རི་རྒྱལ་ཁབ་ཀྱི་སྤྱིའི་མི་འབོར་གྱི་གྲངས་ཚད་དང་གཅིག་པ་ཡིན། དེར་བརྟེན། རྒྱ་ནག་ནང་ཁུལ་དུ་ཕྱི་ཕྱོགས་ཀྱི་དྲ་རྒྱ་བཀག་འགོག་བྱས་ཟིན་ནའང་རྒྱ་ནག་རང་གི་དྲ་ཐོག་ཟིན་བྲིས་མཁན་ས་ཡ་སུམ་བརྒྱ་ལྷག་དེས་རྒྱ་ནག་ལོ་རྒྱུས་ཁྲོད་བྱུང་མྱོང་མེད་པའི་སྟོབས་ཤུགས་དང་ནུས་པ་འཛད་མཐའ་མེད་པ་བཏོན་དང་འདོན་བཞིན་ཡོད་པ་རེད།

དཔེར་ན། ཕྱི་ལོ་༢༠༡༡ ལོའི་ཟླ་ ༧ པར་རྒྱ་ནག་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བན་ཀྲུའུ་རུ་མེ་འཁོར་གཉིས་གདོང་ཐུག་བྱུང་བ་རེད། གནད་དོན་དེ་བྱུང་མ་ཐག་ཏུ་ས་གནས་དབང་འཛིན་དཔོན་རིགས་ཚོས་གདོང་ཐུག་གི་དོན་རྐྱེན་དེ་ཞི་འཇགས་སུ་གཏོང་ཆེད་མེ་འཁོར་ཆ་ཚང་སྦས་སྐོང་བྱ་ཐབས་བྱས་པ་རེད། བྱེད་སྟངས་དེས་རྒྱ་ནག་གི་མི་སེར་ཚང་མར་ཁོང་ཁྲོ་ཧ་ཅང་ཆེན་པོ་བསླངས་བས་དུས་ཡུན་ཉིན་བཅུའི་རིང་དུ་སྤྱི་ཚོགས་དྲ་བའི་ཟིན་བྲིས་འདྲ་མིན་དུ་དོན་རྐྱེན་དེར་སྐྱོན་བརྗོད་ཀྱི་རྩོམ་ཡིག་ས་ཡ་བཅུ་ལྷག་བཀོད་པ་རེད། དེ་འདྲའི་སྐྱོན་བརྗོད་ཤུགས་ཆེན་ཞིག་རྒྱ་ནག་གི་ལོ་རྒྱུས་ནང་གཏན་ནས་བྱུང་མྱོང་ཡོད་པ་མ་རེད། ཤུགས་རྐྱེན་དེའི་འོག་ཏུ་སྐབས་དེའི་མེ་འཁོར་བློན་ཆེན་གོ་གནས་ལས་ཕབ་པ་མ་ཟད་ལོ་བཅུའི་ཁྲིམས་ཐག་ཀྱང་བཅད་པ་རེད།

གཞན་ཡང་ཉེ་བའི་ཆར་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དང་པེ་ཅིན་གྱི་ཁོར་ཡུག་བློན་ཆེན་ལས་ཁུངས་གཉིས་ཀྱི་བར་དུ་ཧ་ཅང་དགོད་བྲོ་བའི་རྩོད་གླེང་ཆུང་ཆུང་ཞིག་བྱུང་བ་རེད། དེ་ཡང་ཉིན་ཞིག་རྒྱ་ནག་ཁོར་ཡུག་ལས་ཁུངས་ཀྱི་གནས་གཤིས་སྔོན་བརྡའི་གཞུང་འབྲེལ་དྲ་ཐོག་ཏུ་བཀོད་དོན། ཉིན་དེའི་པེ་ཅིན་མཁའ་རླུང་གི་གནས་བབ་ཚད་རིམ་ ༥༠ ཙམ་ཡིན་པས་གལ་སྲིད་མི་མང་རྣམས་ཕྱི་རོལ་དུ་སྤྲོ་འཆམ་སོགས་སུ་ཕེབས་ན་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་ཅེས་བཀོད་པ་རེད། འོན་ཀྱང་། ཉིན་དེ་རང་དུ་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་དྲ་ཐོག་དུ་ཉིན་དེའི་པེ་ཅིན་མཁའ་རླུང་གི་གནས་བབ་ཚད་རིམ་༡༤༠ ལྷག་བརྒལ་ཟིན་པས་འཕྲོད་བསྟེན་ཀྱི་དཀའ་ངལ་ཡོད་པའི་མི་རྣམས་ཕྱི་ལོགས་སུ་ཕེབས་ན་འཕྲོད་བསྟེན་ལ་གནོད་ཚབས་ཡོད་ཚུལ་བཀོད་པ་རེད། དེ་མ་ཐག་ཏུ་པེ་ཅིན་ཁོར་ཡུག་བློན་ཆེན་གྱིས་ཨ་རིའི་གཞུང་ཚབ་ཀྱིས་རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་ལ་ཇུས་གཏོགས་བྱས་ནས་ཐ་ན་གཞུང་གི་གནམ་གཤིས་སྔོན་བརྡ་ཚུན་ཆད་ཀྱང་བསྔོགས་བཤེར་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་བྱས་པ་རེད། འོན་ཀྱང་། སྐབས་དེར་རྒྱ་ནག་གི་དྲ་རྒྱའི་ཟིན་བྲིས་མཁན་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་ཨ་རིའི་གཞུང་ཚབ་ཀྱི་ཕྱོགས་སུ་བརྟན་པོར་ལངས་ནས་གཞུང་ལ་སྐྱོན་བརྗོད་བྱས་པ་རེད། ང་རང་ཉིད་ཀྱང་པེ་ཅིན་དུ་གནས་སྡོད་བྱེད་བཞིན་ཡོད་ལ་ངས་ཉིན་རེ་བཞིན་ཨ་རིའི་གཞུང་ཚབ་ཀྱི་དྲ་རྒྱ་བསྔོགས་ནས་གནམ་གཤིས་བརྟག་དཔྱད་དང་སྡོད་ཁང་གི་སྒེའུ་ཁུང་ཕྱེས་ན་འགྲིག་མིན་ཐག་གཅོད་བྱེད་བཞིན་ཡོད།

ཁྱེད་ཀྱིས་ཅིའི་ཕྱིར་རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དེ་གཞུང་གི་དོ་དམ་དང་བཀག་འགོག་བྱེད་མིན་ལ་མ་ལྟོས་པར་མུ་མཐུད་དུ་འཕེལ་རྒྱས་ཤུགས་ཆེར་འགྲོ་བཞིན་པའི་རྒྱུ་མཚན་དེ་ཤེས་སམ། གནད་དོན་དེའི་ཕྱོགས་གཅིག་ཏན་ཏན་རྒྱ་ནག་གི་སྐད་ཡིག་དང་འབྲེལ་བ་ཡོད་ངེས་རེད། ཁྱེད་ཀྱིས་ཕལ་ཆེར་ཤེས་ངེས་ཡིན་བྱེའུ་སྐད་(Twitter)དང་རྒྱ་ནག་གི་བྱེའུ་སྐད་དཔེ་བཤུས་ཀྱི་དྲ་བ་དག་ལ་ཡིག་འབྲུ་བརྒྱ་དང་བཞི་བཅུ་ལས་ཤོངས་ཚད་མེད་པ་རེད། ཨིན་སྐད་ནང་དུ་དེ་དག་ཕལ་ཆེར་མིང་ཚིག་ཉི་ཤུ་ལྷག་གམ་ཡང་ན་ཚིག་སྒྲུབ་ཐུང་ངུ་ཞིག་ལས་མེད་ལ། དེ་བཞིན་འཇར་མན་གྱི་སྐད་ཡིག་ནང་དུ་ཚིག་འབྲུ་ ༡༤༠ དེ་ཕལ་ཆེར་མིང་ཚིག་གཅིག་ལས་འབྲི་མི་ཐུབ་ནའང་ཐང་།

འོན་ཀྱང་། རྒྱ་ཡིག་གི་ཡིག་འབྲུ་ ༡༤༠ ནི་མིང་ཚིག་བརྒྱ་དང་བཞི་བཅུ་ཡིན་ལ། དེ་ནི་ཕལ་ཆེར་རྩོམ་ཡིག་དུམ་མཚམས་གཅིག་གི་རིང་ཚད་ཡིན་པས་དེའི་ནང་དུ་ཁྱེད་ཀྱིས་སྒྲུང་ཐུང་ཞིག་འབྲི་ཐུབ་ལ་ཡང་ན་གསར་འགོད་གསལ་བསྒྲགས་སྣ་འཛོམས་པོ་ཞིག་ཀྱང་སྤེལ་ཐུབ། དཔེར་ན། ཤེར་གེ་སི་ཕེར་གྱི་ཧམ་ལེ་གྲི (Hamlet) རྒྱ་ཡིག་ཏུ་བསྒྱུར་བ་དེའི་རིང་ཚད་ཨིན་ཡིག་གི་མ་དཔེ་ལས་ལྡབ་གསུམ་དང་ཕྱེད་ཀྱིས་ཐུང་བ་ཡོད། དེའི་ཕྱིར། རྒྱ་ཡིག་གི་དྲ་རྒྱའི་ཟིན་བྲིས་སུ་གནས་ཚུལ་མང་བོ་ཞིག་ལས་སླ་བོའི་ངང་འགོད་སྤེལ་བྱེད་ཐུབ་བཞིན་ཡོད། ཁྱེད་ཀྱིས་རྒྱ་ནག་གི་གཞུང་འབྲེལ་དྲ་བ་ཁག་ནམ་རྒྱུན་རྫུན་གཏམ་རྐྱང་རྐྱང་གིས་ཁེངས་ནས་ཡོད་པ་ཤེས་སམ། རྒྱ་ནག་མི་མང་ཚང་མ་གཞུང་འབྲེལ་དྲ་བ་ལ་སྔོན་ཆད་ནས་ཡིད་ཆེས་བརླགས་ཟིན་པར་བསྟེན་དྲ་ཐོག་གི་ཟིན་བྲིས་འདི་དག་ཁོ་ཚོའི་གསར་འགྱུར་གྱི་ཁ་བྱང་ཀློག་ས་ཙམ་མ་ཡིན་པར་གནས་ཚུལ་དངོས་ཀྱི་འབྱུང་ཁུངས་ངོ་མ་དེ་ཆགས་བཞིན་ཡོད།

སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དཔེ་བཤུས་བྱེད་ཕྱོགས་ནས་བལྟས་ན། སེས་ནཱ་བཟོ་གྲྭ་ཁང་གིས་བྱེའུ་སྐད་དཔེ་བཤུས་བྱས་ཤིང་མིང་ལ་བས་པོ་ཞེས་བཏགས་ཡོད། བས་པོ་ཞེས་པའི་དོན་ནི་ཨིན་ཡིག་གི་ཟིན་བྲིས་དྲ་ཁུག་ཅེས་པ་རྒྱ་ཡིག་ཏུ་བསྒྱུར་བ་ཡིན། ཁོ་ཚོས་དཔེ་བཤུས་བྱས་པའི་བས་པོ་ལ་ཁོ་རང་ཉིད་ཀྱི་ཁྱད་ཆོས་མེད་པའང་མིན། བས་པོའི་ཐོག་ཏུ་བསམ་ཚུལ་དང་མཆན་འགོད་ཚུལ་ཕལ་ཆེར་ངོ་དེབ་དང་འདྲ་བ་གང་ཞིག་ལ་བས་པོ་ཁོ་རང་ཉིད་གཙོ་བོ་བྱེའུ་སྐད་ལས་དཔེ་བཤུས་བྱས་པ་ཡིན། གང་ལྟར་བས་པོ་སྤྱི་ཚོགས་འབྲེལ་མཐུད་དྲ་བ་རྒྱ་ནག་ཏུ་ཕྱི་ལོ་ ༢༠༠༩ ལོར་ཐོག་མར་སྒོ་ཕྱེས་པ་ནས་བཟུང་དུས་ཡུན་ཐུང་ངུའི་ནང་དུ་བས་པོ་དྲ་རྒྱ་རྒྱ་ནག་ཁྱོན་ཡོངས་ཀྱི་གསར་འགྱུར་དང་གནས་ཚུལ་འདྲ་མིན་མཁོ་སྤྲོད་བྱེད་པའི་བརྒྱུད་ལམ་ཆེ་ཤོས་སུ་ཆགས། བས་པོ་དྲ་བ་དེ་རྒྱ་མི་ས་ཡ་སུམ་བརྒྱ་ལྷག་གི་ཐུན་མོང་གི་བསམ་ཚུལ་དང་བགྲོ་གླེང་བྱེད་ས་གཅིག་བུར་གྱུར། དེར་བརྟེན། རྒྱ་ནག་ནང་དུ་བྱུང་བའི་གནས་ཚུལ་ཞིག་བས་པོ་དྲ་ཐོག་ཏུ་མ་སླེབས་པ་ཞིག་ཕལ་ཆེར་མེད་ཟེར་ནའང་རྫུན་དུ་མི་འགྲོ།

སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཤུགས་རྐྱེན་འོག་རྒྱ་ནག་ཁྱོན་ཡོངས་ཀྱི་བསམ་བློ་གཏོང་ཕྱོགས་དང་འཚོ་བ་རོལ་སྟངས་སོགས་ལ་འགྱུར་བ་ཤུགས་ཆེན་པོ་ཐེབས་ཡོད། དཔེར་ན། འབྲེལ་མཐུད་དྲ་བ་དེས་མི་སེར་དཀྱུས་མ་དག་གི་བསམ་ཚུལ་དང་དཀའ་ངལ་དག་ཀྱང་མི་མང་ལ་ཐོས་སུ་འཇུག་བཞིན་ཡོད། ང་ཚོ་རྒྱ་ནག་གི་སྔ་མོའི་ལུགས་སྲོལ་ནང་དུ་གཞུང་གི་ཁྲིམས་ལུགས་ཁྱབ་ཁོངས་སུ་བསྡུས་མེད་པའི་དབུས་གཞུང་ལ་རེ་སྐུལ་སྙན་ཞུ་བྱེད་སྟངས་ཀྱི་འགྲོ་ལུགས་ཤིག་ཡོད།

རྒྱ་ནག་གི་གནའ་བོའི་ལོ་རྒྱུས་ཁྲོད་ནས་བཟུང་རྒྱ་ནག་མི་མང་གི་བསམ་བློའི་ནང་དུ་ས་གནས་ཀྱི་ལས་བྱེད་རྣམས་མི་མང་གི་བདེ་སྡུག་དང་དཀའ་ངལ་ལ་བལྟ་མི་ཐུབ་མཁན་ཞིག་དང་གཞན་དབུས་གཞུང་གི་ལས་བྱེད་དག་ནི་སྤྱི་དོན་ལྷག་བསམ་དང་ལྡན་པ་ཞིག་ཡིན་བསམ་པའི་བག་ཆགས་དེ་ཧ་ཅང་མཐུག་པོ་ཡོད། རྒྱུ་མཚན་དེའི་འོག་ཏུ་དུས་ཡུན་རིང་མོའི་སྔོན་ནས་བཟུང་རྒྱ་ནག་གྲོང་གསེབ་དང་མཐའ་ཁུལ་གྱི་མི་མང་ཚོས་ས་གནས་ལས་བྱེད་ཀྱི་ཐག་གཅོད་ལ་འདོད་པ་མ་ཁེངས་ཚེ་དབུས་གཞུང་ལ་ཞུ་གཏུགས་བྱེད་དུ་འགྲོ་སྲོལ་ཞིག་ཡོད་པ་རེད། དེར་བརྟེན། མཐའ་ཁུལ་གྱི་མི་སེར་དཀྱུས་མ་གང་མང་ས་གནས་ལས་བྱེད་ཀྱི་ཐག་གཅོད་ལ་འདོད་བློ་མ་ཁེངས་པར་པེ་ཅིན་དབུས་གཞུང་ལ་ཞུ་གཏུགས་བྱེད་དུ་འགྲོ་བཞིན་ཡོད་པ་རེད། གལ་སྲིད་པེ་ཅིན་དུ་དཀའ་ངལ་ཞུ་གཏུགས་མཁན་གྱི་མི་སེར་ཧ་ཅང་ཕོན་ཆེན་པོ་ཆགས་ན་ངོ་ལོག་གསར་བརྗེ་ལངས་སྲིད་པར་བརྟེན། དབུས་གཞུང་གིས་ཞུ་གཏུགས་མཁན་དག་ལམ་སེང་སོ་སོའི་ཕ་ཡུལ་དུ་ཕྱིར་ལོག་གཏོང་བཞིན་ཡོད་པ་མ་ཟད་ཐ་ན་ཨུ་ཚུགས་རྒྱག་མཁན་ཁ་ཤས་བཙོན་འཇུག་ཀྱང་བྱེད་བཞིན་ཡོད་པ་རེད། འོན་ཀྱང་། ད་ལྟ་རྒྱ་ནག་མི་མང་ལ་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ཡོད་པར་གྱུར་བས་ཁོ་ཚོའི་ཞུ་གཏུགས་ཀྱང་བས་པོ་བརྒྱུད་ནས་གཏོང་བཞིན་ཡོད་ལ་དེ་ལ་དེང་སང་བས་པོ་དྲ་བའི་ཞུ་གཏུགས་(Weibo Petition) ཞེས་སུ་འབོད་བཞིན་ཡོད། དེ་ནི་ཧ་ཅང་གིས་སྟབས་བདེ་བ་ཞིག་སྟེ་མི་སེར་ཞིག་གིས་ཐད་ཀར་རང་ཉིད་ཀྱི་ལག་འཁྱེར་ཁ་པར་ལས་ཀྱང་ཞུ་གཏུགས་བྱེད་ཆོག་པ་རེད།

ཁྱེད་ཀྱིས་སོ་སོའི་སྐྱོ་སྡུག་གི་ལོ་རྒྱུས་དང་དཀའ་ངལ་ཁག་བས་པོ་དྲ་བ་བརྒྱུད་ནས་འགོད་སྤེལ་བྱེད་ཆོག་པ་མ་ཟད། མཚམས་རེར་ཁྱེད་ཀྱི་དཀའ་ངལ་དག་གསར་འགོད་པ་དང་། ཆེད་མཁས་པ། ཡང་ན་གྲགས་ཅན་འཁྲབ་སྟོན་མི་སྣ་དག་གིས་རྒྱབ་སྐྱོར་དང་ཁོ་ཚོའི་ཟིན་བྲིས་སུ་བསྐྱར་འགོད་བྱས་ནས་གཞུང་ལ་གནོན་ཤུགས་སྤྲོད་ཐུབ། དཔེར་ན། ཡཱ་ཆེན(Yao Chen) ནི་ད་ལྟའི་རྒྱ་ནག་ནང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཟིན་བྲིས་མཁན་སྐད་གྲགས་ཆེ་ཤོས་ཤིག་ཡིན་ལ་མོའི་དྲ་བའི་ཟིན་བྲིས་སུ་ཚོགས་མི་ས་ཡ་ ༢༡ ལྷག་ཡོད། དེར་བརྟེན། ཡཱ་ཆེན་ལྟ་བུའི་རྒྱ་ནག་ནང་གི་དྲ་ཐོག་ཟིན་བྲིས་མཁན་དེ་དག་ཕལ་ཆེར་རྒྱལ་ཁབ་ཀྱི་བརྙན་འཕྲིན་ལས་ཁུངས་ཤིག་དང་ཁྱབ་ཚད་གཅིག་མཚུངས་ཆགས་ཟིན་ཡོད། གལ་སྲིད། ཁྱེད་ཀྱི་སྐྱོ་སྡུག་གི་གཏམ་རྒྱུད་ཅིག་སྟབས་ཡག་ནས་ཡཱ་ཆེན་ལྟ་བུའི་ཟིན་བྲིས་མཁན་ཞིག་གི་དྲ་ཐོག་ཏུ་འདེམས་ཐོན་བྱུང་རྗེས་ཉིན་རེ་བཞིན་མི་མང་ས་ཡ་སུམ་བརྒྱ་ ༣༠༠ ལྷག་གིས་གནད་དོན་དེའི་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་བྱེད་པར་འགྱུར་ངེས་ཡིན། རྒྱ་གཞུང་གི་དྲ་རྒྱའི་སྟངས་འཛིན་དམ་པོའི་འོག་ཏུ་ཟིན་བྲིས་མཁན་དེ་དག་གིས་འབད་བརྩོན་ཆེན་པོའི་སྒོ་ནས་དེ་རིང་གི་གྲས་སྒྲི(TED)དང་འདྲ་བར་མི་མང་ལ་བགྲོ་གླེང་གི་ཁོར་ཡུག་ཧ་ཅང་ཆེན་པོ་སྐྲུན་བཞིན་ཡོད་པ་རེད། དེ་ནི་ཕལ་ཆེར་རྒྱ་ནག་ལོ་རྒྱུས་ནང་གི་ཆེས་ཐོག་མར་མི་མང་ཚང་མར་རང་ཉིད་ཀྱི་བསམ་ཚུལ་དང་དཀའ་ངལ་ཁག་ཕན་ཚུན་བརྗེ་རེས་བྱེད་སའི་ཐུན་མོང་གི་སྡིངས་ཆ་གསར་བ་ཞིག་ཐོག་མར་བྱུང་བ་ཡིན་ལ། བརྒྱུད་རིམ་འདིའི་ཤུགས་རྐྱེན་འོག་ཏུ་རྒྱ་ནག་མི་མང་གིས་གནད་དོན་འདྲ་མིན་ཐོག་ཏུ་ཕན་ཚུན་འབྲེལ་མོལ་བྱེད་སྟངས་དང་བསམ་ཚུལ་འདྲ་མིན་བརྗེ་རེས་བྱེད་ཚུལ་སོགས་ཤེས་བྱ་གསར་བ་གང་མང་ཤེས་རྟོགས་འབྱུང་བཞིན་ཡོད་པ་རེད།

འོན་ཀྱང་། རྒྱ་ནག་དབུས་གཞུང་གི་དྲ་རྒྱའི་དོ་དམ་སྟངས་འཛིན་གྱི་ཞི་མི་དེ་ཆུ་ཚོད་ཉེར་བཞིའི་རིང་གཉིད་གཏན་ནས་ཁུག་མི་སྲིད། གལ་སྲིད་ཁྱེད་ཀྱིས་བས་པོ་དྲ་ཐོག་ཏུ་ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་ཅན་གྱི་སྐད་ཆ་འགས་ཤས་བཤད་ཚེ་ལམ་སང་ཁོ་ཚོས་ནག་བསུབ་གཏོང་ངེས་ཡིན། དཔེར་ན། བས་པོ་དྲ་ཐོག་ཏུ་སྲིད་འཛིན་ཧོས་ཅེན་ཐོའི་མིང་འབྲི་སྤེལ་བྱེད་མི་ཐུབ་ལ། དེ་བཞིན་ཉེ་ཆར་ནས་བཟུང་ཁྲོང་ཆེན་གྲོང་ཁྱེར་གྱི་མིང་ཡང་དྲ་ཐོག་ཏུ་འབྲི་མི་ཐུབ་པར་གྱུར་བ་མ་ཟད་ཐ་ན་དབུས་གཞུང་གི་མཐོ་རིམ་དཔོན་རིགས་ཁག་སོ་སོའི་དངོས་མིང་ཡང་དྲ་ཐོག་ཏུ་འགོད་སྤེལ་བྱེད་མི་ཐུབ་པར་གྱུར་འདུག འོན་ཀྱང་། རྒྱ་ནག་གི་དྲ་ཐོག་ཟིན་བྲིས་པ་ཚོས་བཏགས་མིང་འདྲ་མིན་བེད་སྤྱོད་བྱེད་པར་ཧ་ཅང་བྱང་ཆ་འཛོམས་ཡོད། ཁོ་ཚོས་གཞུང་གི་དྲ་རྒྱ་སྟངས་འཛིན་གྱི་ཁ་གཏད་དུ་རྩྭ་འདམ་གྱི་རྟ་(Grass Mud Horse) དང་གཙང་བོའི་སྡིག་སྲིན(River crap)ཞེས་པའི་མིང་ཚིག་གཉིས་བེད་སྤྱོད་གཏོང་འགོ་ཚུགས་ཡོད། མིང་ཚིག་དེ་གཉིས་བེད་སྤྱོད་གཏོང་ཕྱོགས་ནི་ཆེས་དགོད་བྲོ་བོ་ཞིག་སྟེ་རྒྱ་སྐད་དུ་རྩྭ་འདམ་གྱི་རྟ་(草泥马)ཞེས་པ་སྒྲ་ཐད་བསྒྱུར་བྱས་ན་(肏你妈)ཨ་མར་འཁྲིགས་སྤྱོད་མཁན་ཡིན་ལ། དེས་རྒྱ་ནག་གི་དྲ་ཐོག་ཟིན་བྲིས་པའི་ཁ་གཏད་དུ་ལངས་པའི་གཞུང་དེ་མཚོན་བཞིན་ཡོད་ཟེར། གཞན་རྒྱ་སྐད་ཀྱི་གཙང་བོའི་སྡིག་སྲིན་(河蟹)ཞེས་པའི་སྒྲ་གདངས་མཛའ་མཐུན་མཉམ་གནས་(和谐)ཀྱི་དོན་ཡིན་ལ་དེས་ལྡོག་ཕྱོགས་ནས་འཕྱ་སྨོད་ཀྱི་ཚུལ་དུ་གཞུང་གི་དྲ་རྒྱ་སྟངས་འཛིན་གྱི་སྲིད་ཇུས་མཚོན་ཡོད་ཟེར།

གང་ལྟར་དབུས་གཞུང་གིས་དྲ་རྒྱ་སྟངས་འཛིན་བྱས་ནས་གཞུང་མང་གཉིས་ཀྱི་མཛའ་བརྩེ་སྲུང་སྐྱོབ་བྱེད་བཞིན་ཡོད་ཅེས་པའི་ཁ་གཡང་དེར་ཟུར་ཟའི་ཚུལ་དུ་གོང་གི་མིང་ཚིག་དེ་དག་བེད་སྤྱོད་གཏོང་བཞིན་ཡོད་པ་རེད། གཞན་ཡང་དབུས་གཞུང་གི་ཐབས་ཇུས་གཞན་ཞིག་ནི་གལ་སྲིད་རྒྱལ་ནང་དུ་གནས་ཚུལ་ཛ་དྲག་ཅིག་གམ་ཡང་ན་གནས་ཚུལ་ཁྱད་པར་བ་ཞིག་བྱུང་སྐབས་ཁོ་ཚོས་ལམ་སང་བས་པོ་དྲ་ཐོག་ཏུ་ནང་དོན་མི་གསལ་བའི་གནས་ཚུལ་རབ་རིབ་ཅིག་སྤེལ་བཞིན་ཡོད། ཐ་སྙད་མཁྲེགས་པོ་དག་བེད་སྤྱོད་བཏང་ནས་སྤེལ་བའི་གནས་ཚུལ་རབ་རིབ་དེ་དག་ཐ་ན་རྒྱ་ཡིག་ཐོག་སློབ་དཔོན་ཆེན་མོའི་གནས་རིམ་ཐོན་མཁན་ཚོས་ཀྱང་གོ་བ་ལེན་ཐུབ་ཀྱིན་མེད་པ་རེད།

འོན་ཀྱང་། ཁྱེད་ལ་གནས་ཚུལ་དེ་དག་གི་སྐོར་གཞུང་གི་སྲིད་ཇུས་ལས་ལོགས་སུ་གསལ་བཤད་བྱེད་པའི་ཐོབ་ཐང་མེད། བས་པོ་དྲ་རྒྱ་དེ་རྒྱ་ནག་ནང་དུ་བྱེའུ་སྐད་གཏན་འགོག་བྱས་ནས་ཟླ་གཅིག་ཏག་ཏག་གི་རྗེས་སུ་གསར་བཟོ་བྱས་པ་རེད། གནད་དོན་དེས་ག་རེ་གསལ་བཤད་བྱེད་ཐུབ་ཟེར་ན་བས་པོ་དྲ་རྒྱ་བཟོ་འགོད་པ་ཁོ་ཚོས་གཞུང་གི་ཁེ་ཕན་དང་དབང་འཛིན་ལ་ཕོག་ཐུག་གཏན་ནས་མི་གཏོང་པའི་ཁས་ལེན་བྱས་ཚར་བ་རེད། ཁོ་ཚོས་རྒྱ་གཞུང་གི་ལམ་སྟོན་བཞིན་ཤར་སྐྱོད་བྱེད་རྒྱུའི་ཁས་ལེན་བྱས་པར་བརྟེན་ཁོ་ཚོར་དྲ་བ་དེ་སྒོ་ཕྱེ་རུ་བཅུག་པ་རེད། དཔེར་ན། ཁྱེད་ཀྱིས་བས་པོ་དྲ་ཐོག་ཏུ་ “ཚང་མ་མཉམ་དུ་འཛོམས་ཤོག་” ལྟ་བུ་དང་ཡང་ན་ “ཚང་མ་མཉམ་འབྲེལ་བྱོས་” ལྟ་བུའི་མིང་ཚིག་བྲིས་མ་ཐག་ཏུ་ཁོ་ཚོས་ལམ་སང་ཕབ་བཤུས་བྱས་ནས་ཟླ་དུས་ཚེས་གྲངས་དང་མཉམ་དུ་དབུས་གཞུང་ལ་གཏོང་རྐྱང་བྱེད་བཞིན་ཡོད་པ་རེད། དེར་བརྟེན། གལ་སྲིད་ཁྱེད་ཀྱིས་ས་ཆ་ག་གེ་མོ་གང་ཞིག་ཏུ་མཉམ་འཛོམས་བྱེད་རྒྱུའི་གསལ་བསྒྲགས་ཤིག་སྤེལ་བ་ཡིན་ན། ཕྱི་ཉིན་ཁྱེད་རང་འཛོམས་ས་དེར་མ་སླེབས་སྔོན་ནས་ཉེན་རྟོག་མི་སྣ་སྔ་མོ་ནས་དེར་འབྱོར་ཟིན་ཡོད་པ་རེད། གང་ཡིན་ཟེར་ན་ཁོ་ཚོའི་ལག་ཏུ་དྲ་རྒྱའི་ཡིག་མཛོད་ཚང་མ་ཉར་ཡོད་པས་སོ།། ཁོ་ཚོས་ ༡༩༨༤ ་ལོའི་གཞུང་གི་རྩ་དོན་བཀོལ་ནས་ཁྱེད་རང་གི་ངོ་རྒོལ་ལས་འགུལ་ལ་རྡུང་རྡེག་ཚ་ནན་ཕོག་ངེས་ཡིན།

ངས་ལོ་ངོ་འདི་དག་གི་རིང་ལ་རྒྱ་ནག་ནང་གི་ཞི་མི་དང་ཙི་ཙི་གཉིས་ཀྱི་དྲ་ཐོག་གི་དམག་འཁྲུག་སྐོར་ལ་ཞིབ་འཇུག་བྱེད་སྐབས་དགོད་བྲོ་བའི་གནད་དོན་གཞན་ཞིག་ཤེས་རྟོགས་བྱུང་བ་ནི། རྒྱ་ནག་དྲ་རྒྱ་སྟངས་འཛིན་མཁན་ཞི་མི་རྐང་གཅིག་མ་ཡིན་པར་ཁོ་ཚོར་ཞི་མི་འདྲ་མིན་ཡོད་པ་དེ་རེད། དབུས་གཞུང་གི་ཞི་མི་དང་ས་གནས་སོ་སོའི་ཞི་མི་སོགས་རིགས་མང་བོ་འདུག གང་ཡིན་ཟེར་ན་སྤྱིར་བཏང་དྲ་རྒྱ་སོ་སོའི་སྟངས་འཛིན་ས་གནས་རང་རང་ནས་བྱེད་བཞིན་ཡོད་ནའང་དྲ་བ་དངོས་ཀྱི་ཡིག་མཛོད་དངོས་ཀྱི་རེའུ་མིག་ཆ་ཚང་དབུས་གཞུང་གི་ལག་ཏུ་ཡོད་པར་བརྟེན། གལ་སྲིད་གནད་དོན་གང་རུང་ཐོག་ས་གནས་གཞུང་གི་དྲ་རྒྱ་སྟངས་འཛིན་བྱེད་ཕྱོགས་ལ་སྐྱོན་བརྗོད་ག་ཚོད་བྱས་ན་ཡང་ཁོ་ཚོས་མི་མང་ལ་བཟོད་གསོལ་ཙམ་ཞུ་བ་ལས་གཞན་འགྱུར་བ་གང་ཡང་གཏོང་མི་ཐུབ། གང་ཡིན་ཟེར་ན་མཐའ་མའི་ཡིག་མཛོད་ཀྱི་དབང་ཆ་དངོས་དེ་པེ་ཅིན་དབུས་གཞུང་གི་ལག་ཏུ་ཡོད་པ་རེད།

འདས་པའི་ལོ་ངོ་གསུམ་ལྷག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ཐོག་གི་ལས་འགུལ་དེ་དག་གིས་ས་གནས་གཞུང་དང་ས་གནས་གཞུང་གི་ལས་ཀ་བྱེད་ཕྱོགས་ལ་འགྱུར་བ་མངོན་གསལ་ཅན་བཏང་ཐུབ་ཡོད། རིམ་བཞིན་ས་གནས་གཞུང་གི་ལས་ཀ་བྱེད་སྟངས་ཁག་ཕྱི་གསལ་ནང་གསལ་དུ་འགྲོ་བཞིན་ཡོད་པ་རེད། འོན་ཀྱང་། ད་དུང་དྲ་ཐོག་གི་སྐྱོན་བརྗོད་དེ་དག་གིས་པེ་ཅིན་དུ་ཡོད་པའི་དབུས་གཞུང་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་ཀྱིན་མེད་པ་མ་ཟད་མཚམས་རེར་དབུས་གཞུང་གི་དྲ་རྒྱ་སྟངས་འཛིན་བརྒྱུད་ནས་མི་མང་བེད་སྤྱོད་གཏོང་བཞིན་ཡོད་པ་རེད། བན་ཀྲུའུ་མེ་འཁོར་གདོང་ཐུག་གི་གནས་ཚུལ་གཅིག་བུར་ཞིབ་འཇུག་ཅིག་བྱས་ཚེ། ང་ཚོར་རང་བཞིན་གྱིས་དོགས་པ་ཞིག་སླེབས་པ་ནི་ཅིའི་ཕྱིར་ཉིན་ལྔའི་རིང་དུ་ཟིན་བྲིས་པ་ས་ཡ་ ༡༠ ལྷག་གིས་སྐྱོན་བརྗོད་རྩོམ་ཡིག་སྤེལ་བའི་གནད་དོན་དེ་མ་ཡིན་པར། དོགས་གནས་གཙོ་བོ་དེ་ཅིའི་ཕྱིར་རྒྱ་གཞུང་གིས་ཤེས་བཞིན་དུ་ཉིན་ལྔའི་རིང་དུ་མེ་འཁོར་གདོང་ཐུག་དང་འབྲེལ་བའི་སྐྱོན་བརྗོད་རྩོམ་ཡིག་ཡོད་ཚད་ལ་སྨྲ་བརྗོད་རང་དབང་ཆ་ཚང་སྤྲད་པ་ཡིན་ནམ་ཅེས་པ་དེ་རེད། སྨྲ་བརྗོད་རང་དབང་དེ་འདྲ་ཞིག་སྔོན་ཆད་གཏན་ནས་སྤྲད་མྱོང་མེད། རྒྱུ་མཚན་དེ་ཡང་ལས་སླ་བོ་ཞིག་རེད། གང་ཡིན་ཟེར་ན་དབུས་གཞུང་གི་མཐོ་རིམ་དཔོན་རིགས་མང་བོ་ཞིག་གིས་རང་སྣང་གང་ཤར་ལ་དགའ་བའི་མེ་འཁོར་བློན་ཆེན་ཁོ་སྣང་བར་གཏན་ནས་འགྲོ་བཞིན་མེད་པ་རེད། གནས་ཚུལ་དེ་འདྲའི་འོག་ཏུ་ཁོ་ཚོར་ཁ་གཡར་སའི་གོ་སྐབས་ཤིག་ལ་བསྒུགས་ནས་ཡོད་པར་བརྟེན་མེ་འཁོར་གདོང་ཐུག་གི་དོན་རྐྱེན་དེ་ཁོ་ཚོའི་ཁ་གཡར་ས་ལྟེ་བར་གྱུར་བ་རེད། དེའི་ཐོག་ཏུ་མང་ཚོགས་ཀྱི་སྐྱོན་བརྗོད་བསམ་ཚུལ་ཁག་བཀལ་ནས་བློན་ཆེན་ཁོ་ལ་འཛིན་བཟུང་ཁྲིམས་ཆད་ཀྱི་ཉེས་པ་བཀལ་བ་རེད།

གཞན་ཡང་དཔེར་མཚོན་གཞན་ཞིག་ནི། ཉེ་ཆར་བྱུང་བའི་དམར་བོའི་འགོ་ཁྲིད་པོ་ཞས་ལེའི་སྐོར་གྱི་གནད་དོན་དེ་རེད། རྒྱ་ནག་ལ་མཚོན་ན་གནས་ཚུལ་དེ་ཧ་ཅང་ཆེན་པོ་རེད། ཁོང་གིས་རྒྱ་ནག་གི་རྒྱལ་སྲས་འཁྲབ་བཞིན་པའི་སྐབས་སུ་དོན་རྐྱེན་དེ་དང་གདོང་ཐུག་བྱུང་བ་རེད། འདས་ལོའི་ཕྱི་ཟླ་གཉིས་པ་ནས་བཞི་བ་བར་དུ་བས་པོ་དྲ་བ་གཏམ་འཁྱལ་འདྲ་མིན་སྤུངས་སའི་ཁྲོམ་ར་ལྟ་བུར་ཆགས་པ་རེད། ཁྱེད་ཀྱིས་རང་ཉིད་ཨ་རིའི་ལུང་བར་བསྡད་ཡོད་པ་བཞིན་འགོ་ཁྲིད་པོ་ཞས་ལེའི་སྐོར་ལ་སྐད་ཆ་འདྲ་མིན་ག་རེ་བཤད་ན་ཡང་བཀག་འགོག་གཏན་ནས་མེད་པར་གྱུར་བ་རེད། འོན་ཀྱང་། སྐབས་དེར་ཁྱེད་ཀྱིས་པེ་ཅིན་གཞུང་གི་ཆབ་སྲིད་གཡོ་ཇུས་སྐོར་ལ་སྐད་ཆ་ཚིག་གཅིག་བཤད་ཚེ་ཁྱེད་རང་ལམ་སང་འཛིན་བཟུང་བཀག་ཉར་བྱེད་ངེས་ཡིན། དེར་བརྟེན། དྲ་རྒྱའི་རང་དབང་དེ་འདྲ་བ་ནི་ཆེས་བཅོས་མ་ཞིག་སྟེ་ཆབ་སྲིད་དགོས་མཁོའི་འོག་ཏུ་སུ་ཞིག་ལ་ཁ་གཏད་པའམ་ཡང་ན་དམིགས་འབེན་དུ་བཟུང་བའི་སྒེའུ་ཁུང་ཞིག་དང་ཀུན་ནས་མཚུངས།

རྒྱ་ནག་ནང་གི་མི་སེར་ཚོར་མཚོན་ན། དྲ་རྒྱ་དོ་དམ་སྟངས་འཛིན་གྱི་སྲིད་ཇུས་དེ་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་དུ་ཆགས་ཚར་བར་བརྟེན་མཚམས་རེར་གློ་བུར་དུ་རང་དབང་ཡོད་ཚད་སྤྲད་སྐབས་ཚོར་བ་ཁྱད་མཚར་བོ་ཞིག་སྐྱེ་བཞིན་ཡོད་ལ། མི་ཚང་མས་གནད་དོན་དེའི་རྒྱབ་ལོག་ནས་ཅི་ཞིག་འབྱུར་ངེས་ཡིན་པ་ཚོད་དཔག་བྱེད་ཐུབ་ཀྱིན་ཡོད་པ་རེད། པོ་ཞས་ལེ་ནི་སྐད་གྲགས་ཧ་ཅང་ཆེ་བའི་གཡོན་ཐལ་རང་ལུགས་ཀྱི་དཔོན་རིགས་ཞིག་ཡིན་པ་མ་ཟད་འགུགས་ཤུགས་དང་གཟི་བརྗིད་ཆེ་བའི་ཁོའི་ཁྱད་ཆོས་དེས། རྒྱ་ནག་མི་སེར་ཚང་མར་ཁོའི་སྲིད་ཇུས་དེ་དག་ཅིའི་ཕྱིར་དྲག་ཤུགས་དང་ལྡན་པ་ཞིག་ཡིན་པའི་གནད་དོན་ལའང་ངེས་ཤེས་རྙེད་དུ་བཅུག་ཡོད་པ་རེད། དེར་བརྟེན། པེ་ཅིན་སྲིད་གཞུང་ཁོའི་ཁ་གཏད་དུ་ལངས་བར་ཁོ་ཚོར་ངེས་བར་དུ་ལག་ཆ་གལ་ཆེན་ཞིག་དགོས་པ་རེད། གནས་སྟངས་དེའི་འོག་ཏུ་བས་པོ་དྲ་བའི་ཐོག་གི་ཟིན་བྲིས་བ་ས་ཡ་ ༣༠༠ ལྷག་དེ་ཁོ་ཚོའི་ཆབ་སྲིད་འཐབ་རྩོད་ཁྲོད་ཀྱི་ལག་ཆ་གལ་ཆེ་ཤོས་སུ་ཆགས་པ་རེད།

བརྡ་འཕྲིན་བཀོལ་བའི་སྲིད་ཇུས་ཀྱི་བརྒྱུད་ལམ་དེ་ཧ་ཅང་གསར་བ་ཞིག་ཡིན་ན་ཡང་གཞུང་གི་སྲིད་ཇུས་བྱེད་ཐབས་དེ་ནི་ཆེས་རྙིང་བ་ཞིག་རེད། འགོ་ཁྲིད་མོ་ཙེ་ཏུང་གི་སྐབས་ནས་བཟུང་ཆབ་སྲིད་དང་དབང་ཤུགས་འཐབ་རྩོད་ཁྲོད་དུ་སྲིད་ཇུས་དེར་སྐད་གྲགས་ཆགས་པ་རེད། མོ་ཙེ་ཏུང་གིས་རྒྱ་ནག་གི་མི་སེར་ས་ཡ་མང་བོར་སྐུལ་སློང་བྱས་ནས་རིག་གནས་གསར་བརྗེ་བསླངས་ཏེ་རྒྱ་ནག་ཁྱོན་ཡོངས་ཀྱི་ས་གནས་གཞུང་ཚང་མ་རྩ་གཏོར་བཏང་བ་རེད། བྱེད་ཐབས་དེ་ནི་ཧ་ཅང་སྟབས་བདེ་བ་ཞིག་སྟེ། ཐ་ན་དབུས་གཞུང་གིས་མི་མང་གི་བསམ་ཚུལ་ལ་སྣེ་ཁྲིད་ཀྱང་བྱེད་མི་དགོས་པ་རེད། དབུས་གཞུང་གིས་ཁོ་ཚོའི་དམིགས་འབེན་གྱི་སྒེའུ་ཁུང་དེ་ནས་མི་མང་ལ་རང་དབང་སྤྲད་པ་ཙམ་གྱིས་ལས་ཀ་ཡོངས་སུ་འགྲུབ་ཚར་བ་རེད། དེར་བརྟེན། ད་ལྟའི་དྲ་རྒྱ་དོ་དམ་སྟངས་འཛིན་བྱེད་ཕྱོགས་དེ་ཡང་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་ཆགས་ཚར་བ་རེད།

གོང་གི་གནས་ཚུལ་དེ་དག་ནི་ཞི་མི་དང་ཙི་ཙི་གཉིས་ཀྱི་རྩེད་མོའི་འཐབ་འཁྲུག་སྐོར་ལ་གནས་ཚུལ་གསར་བ་ཁ་ཤས་ཁ་སྣོན་ཙམ་བྱས་པ་ཡིན། སྤྱི་ཚོགས་འབྲེལ་མཐུད་དྲ་བ་བརྒྱུད་ནས་རྒྱ་ནག་མི་མང་གིས་རིམ་བཞིན་ འགྲོ་བ་མིའི་ཐོབ་ཐང་དང་མི་སྒེར་གྱི་སྨྲ་བརྗོད་རང་དབང་སོགས་ནི་ཨ་རི་ནས་ནང་འདྲེན་བྱས་པའི་ཤེས་བྱ་ཙམ་མ་ཡིན་པར་མི་སོ་སོའི་སྐྱེས་དུས་ཀྱི་ཐོབ་ཐང་ཡིན་པ་གཞི་ནས་ཤེས་རྟོགས་འབྱུང་བཞིན་ཡོད་པ་རེད། དྲ་རྒྱའི་སྡིངས་ཆ་འདི་བརྒྱུད་ནས་རྒྱ་ནག་མི་མང་ལ་ཕྱོགས་ཡོངས་ནས་སྦྱོང་བརྡར་སྤྲོད་བཞིན་ཡོད་ལ་མ་འོངས་མང་གཙོ་དང་རང་དབང་ལ་སྟ་གོན་བྱེད་དུ་ཡང་འཇུག་བཞིན་ཡོད། འོན་ཀྱང་། བརྒྱུད་ལམ་གྱི་ནུས་ཤུགས་འདི་ཙམ་གྱིས་གཞུང་གི་སྲིད་ཇུས་ལངས་ཕྱོགས་ལ་ད་དུང་འགྱུར་བ་གཏོང་ཐུབ་ཀྱིན་མེད། དབུས་གཞུང་གིས་དྲ་རྒྱ་སྟངས་འཛིན་ནན་མོའི་འོག་ཏུ་ག་དུས་ཡིན་ཡང་རང་ཉིད་ཀྱི་དབང་ཤུགས་སྲུང་སྐྱོབ་དང་། དེ་བཞིན་དོ་དམ་བྱེད་ཕྱོགས་དེ་བེད་སྤྱད་ནས་ས་གནས་གཞུང་དང་ཆབ་སྲིད་ཀྱི་ཤོག་ཁག་མི་འདྲ་བ་དག་ལ་ཁ་གཏད་འཇལ་བཞིན་ཡོད་པ་རེད།

དེར་བརྟེན། རྒྱ་ནག་གི་མ་འོངས་པ་དེ་ཅི་འདྲ་ཞིག་ཡིན་ནམ། ང་ཚོ་ཚང་མ་ཙི་ཙིའི་རིགས་ཡིན་ལ་མ་འོངས་རྒྱ་ནག་གི་འབྱུང་འགྱུར་ཆེད་དུ་ང་ཚོ་སྤོབས་པ་ཆེན་པོའི་སྒོ་ནས་ཞི་མིའི་ཁ་གཏད་དུ་ལངས་ནས་གདོང་གཏུག་དགོས་པ་རེད། ཞི་མི་འདིའི་རིགས་རྒྱ་ནག་གཅིག་པོ་ཙམ་མ་ཡིན་པར་ཐ་ན་ཨ་རིའི་ལུང་པ་འདིར་ཡང་ཞི་མི་ཆུང་ཆུང་རྙིང་རྗེ་བོ་ཁ་ཤས་ཡོད་ལ་ཁོ་ཚོའི་སྤྱོད་པ་ཧ་ཅང་སྡུག་པོ་ཡོད།

དཔེར་ན་གཤམ་གྱི་ཞི་མི་དག་ཡོད། སོས་པཱ་(SOPA) དང་པས་པཱ།(PIPA) ཨེག་གྲཱ།(ACTA) གྲས་པས་པས། (TPP) དེ་བཞིན་ཨས་གྲས་ཡོས(ITU)སོགས་དང་། ད་དུང་ངོ་དེབ་དང་གྷོས་གྷིལ་སོགས་ཀྱིས་ཀྱང་ཁ་ནས་ཁོ་ཚོ་ཙི་ཙི་དག་གི་ཕྱོགས་སུ་ལངས་ཡོད་ཚུལ་དང་། ཙི་ཙི་དག་དང་འཆམ་པོ་ཡོད་ཚུལ་སྒྲོག་བཞིན་ཡོད་ན་ཡང་། སྐབས་ལ་ལར་ཁོ་ཚོ་ཡང་རྒྱ་ནག་གི་ཞི་མི་དང་དུས་ཆད་བཟོས་ནས་འཁྱམ་འཁྱམ་གཏོང་བཞིན་པའང་མཐོང་རྒྱུ་ཡོད། དེར་བརྟེན། ང་ལ་མཇུག་བསྡོམས་སྟབས་བདེ་བོ་ཞིག་ཡོད། ང་ཚོ་རྒྱ་ནག་མི་མང་གིས་སོ་སོའི་རང་དབང་གི་ཆེད་དུ་མུ་མཐུད་དུ་ཞི་མི་དང་འཐབ་རྩོད་བྱེད་ངེས་ཡིན། དེ་བཞིན་ཁྱེད་ཚོས་ཀྱང་ཁྱེད་ཅག་གི་ཞི་མི་སྡུག་ཅག་དེ་ཚོར་ལྟ་རྟོག་ཡག་པོ་གནང་རོགས་བྱོས། ཁོ་ཚོ་རྒྱ་ནག་གི་ཞི་མི་དང་གྲོགས་བསྒྲིག་ཏུ་མ་འཇུག་རོགས། དེ་འདྲ་བྱས་ན་ནམ་ཞིག་ང་ཚོའི་མཐར་ཐུག་གི་རྨི་ལམ་མངོན་འགྱུར་བྱེད་ཐུབ་ལ། སྐབས་དེར་ང་ཚོ་རྒྱ་ནག་མི་མང་ཚོས་ཀྱང་རང་དབང་གི་སྒོ་ནས་ས་ཆ་དང་དུས་ཚོད་ངེས་མེད་དུ་དྲ་ཐོག་ནས་གཏམ་གླེང་གང་འདོད་འདོད་དུ་བྱས་ཆོག་གོ།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 5 བཀོད་འདུག

5 Responses to རྒྱ་ནག་གི་བརྡ་འཕྲིན་ལྕགས་རིའི་ཕ་རོལ་དུ།

  1. ཨ་ནུ་ཐང་བསོད་ནམས་ ནས།

    དཀའ་ལས་ཀྱིས་གནས་ཚུལ་འདི་བོད་ཡིག་ཏུ་སྒྱུར་བ་ཐུགས་རྗེ་ཆེ། དེའི་མི་མང་པོ་ཞིག་ལ་ཕན་ཐོགས་ངེས་རེད།

  2. སྐར་ཁུང་གིས་ལས་དོན་རླབས་ཆེན་སྒྲུབ་བཞིན་པར་ཐུགས་རྗེ་ཆེ་ཞུ་བ་མ་ཟད་རྩོམ་འདིའི་རིགས་ཀྱིས་ང་ཚོའི་མཐོང་རྒྱ་ཐོས་རྒྱ་ཇེ་ཆེར་གཏོང་བར་ཕན་ཐོགས་རྒྱ་ཆེར་འདུག་ལ། སྐར་ཁུང་དྲ་བ་ནི་དྲ་བ་ཚད་ལྡན་ཞིག་གོ

  3. ཆོས་དབྱངས་ ནས།

    གཏམ་བཤད་འདི་དེ་སྔོན་མི་གཞན་ཞིག་གིས་བསྒྱུར་ཏེ་བོད་ཀྱི་དུས་བབ་དྲ་ཚིགས་ནང་བཏོན་ཚར་བ་མ་ཟད། ཉེ་ཆར་དུས་བབ་ཚགས་པར་ནང་དུའང་ཐོན་འདུག སྒྱུར་ཡང་འདི་དང་བསྡུར་ན་དུས་བབ་ཚང་གི་དེ་ཡག་པོ་འདུག་དྲན་སོང་། ཡིད་མ་ཆེ་དྲ་ཐག་འདི་ལ་གཟིགས་རོགས། http://www.tibettimes.net/news.php?showfooter=1&id=6461

  4. བསྒྱུར་བ་ཡག་གི་་་་ཐུགས་རྗེ་ཆེ་་་་་་་ཁ་དྲོ།

  5. གཅན་སྣང་བ་ཚེ་རིང་བཀྲ་ཤིས་ ནས།

    བསྒྱུར་རྩལ་བྱང་ཆ་འདུག་  ནང་དོན་ཇི་མ་ཇི་བཞིན་དུ་གོ་བ་ལེན་ཐུབ་པ་ཞིག་འདུག  weibo ལ་བོད་ནང་གི་མི་ཚོས་པོད་ཕྲན་ཞེས་འབོད་ཀྱི་ཡོད་པ་འདྲ་བོ་ཞིག་འདུག

Write a Reply or Comment

Your email address will not be published. Required fields are marked *

*