ཡར་ཀླུང་གཙང་བོ་འཛིན་སྐྱོང་བྱེད་ཐབས་ཀྱི་ཁ་ཕྱོགས་གསར་པ་ཞིག

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བཀྲ་ཤིས་ཚེ་རིང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

སྲིད་བྱུས་བཟོ་མཁན་ཚོས་ངེས་པར་དུ་མི་མང་གི་དགོས་འདུན་དང་སྣོད་བཅུད་རྟེན་འབྲེལ་རིག་པ་གཉིས་རྒྱལ་ཁབ་ཀྱི་དམག་དོན་གྱི་དམིགས་ཡུལ་དག་གི་སྔུན་ལ་འཇོག་དགོས། བཀྲ་ཤིས་ཚེ་རིང་གིས་ཡར་ཀླུང་གཙང་བོའམ་རྟ་མཆོག་ཁ་འབབ་དང་མཉམ་དུ་བསྡེབས་ནས་ལས་གཞི་དག་གོང་སྤེལ་གཏོང་ཐབས་ལ་གཞི་རྩའི་ཐབས་ལམ་ཞིག་གྲོས་འཆར་འདོན་གྱིན་ཡོད།

རྒྱལ་སྤྱིའི་གཙང་བོ་དག་གི་དོ་དམ་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་སྐབས་མི་མང་པོས་གཙང་བོ་ཞིག་ཐུན་མོང་དུ་ལོངས་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་དག་གིས་ཆུ་ཤུགས་གློག་འདྲེན་དང་རྒྱ་ཆེ་ས་ནས་བཤད་ན་དཔལ་འབྱོར་གོང་འཕེལ་གྱི་ཆེད་དུ་མཉམ་སྦྲེལ་ཐོག་འབད་བརྩོན་བྱེད་ཐུབ་པ་དང་བྱེད་དགོས་པ་ཞིག་ཡིན་པ་ཆ་འཇོག་གནང་གི་ཡོད། རྒྱལ་སྤྱིའི་སྒྲིག་འཛུགས་དག་སྟེ་ཨེ་ཤ་ཡའི་ཡར་རྒྱས་དངུལ་ཁང་དང་འཛམ་གླིང་དངུལ་ཁང་ལྟ་བུ་དག་གིས་ལས་གཞི་འདི་འདྲ་དག་གིས་དཔལ་འབྱོར་གོང་འཕེལ་དུ་གཏོང་བ་ཙམ་མ་ཡིན་པར་ས་ཁུལ་དུ་ཞི་བདེ་ཡོང་བར་མཐུན་འགྱུར་གནང་གི་རེད་བསམ་སྟེ་ཚོད་དཔག་འདིའི་སྒང་ལ་ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་མ་རྩ་འཇོག་གི་ཡོད། མཉམ་འབྲེལ་འཛིན་སྐྱོང་གི་དཔེ་གཟུགས་འདི་ལྟ་བུ་དག་གནས་སྟངས་ལ་ལར་འོས་འཚམ་ཡིན་སྲིད་མོད། དེ་ནི་གཞན་པ་དག་སྟེ་ཡར་ཀླུང་གཙང་བོའམ་རྟ་མཆོག་ཁ་འབབ་ཐུན་མོང་དུ་ལོངས་སྤྱོད་བྱེད་མཁན་གྱི་ཨེ་ཤ་ཡ་ནང་གི་རྒྱལ་ཁབ་དག་ལ་འཚམ་པོ་མིན།

རྟ་མཆོག་ཁ་འབབ་༼༡༽ནི་རྒྱ་དཀར་ནག་དང་བྷང་ལ་དྷེ་ཤི་བར་དུ་བགོ་འགྲེམས་བྱས་པའི་རྒྱལ་སྤྱིའི་ཆུ་བོ་ཆེན་པོ་ཞིག་ཡིན། དེར་བོད་སྐད་དུ་ཡར་ཀླུང་གཙང་བོ་ཟེར། ཡར་ཀླུང་གཙང་བོའི་གྱེས་མཚམས་ཀྱིས་རྒྱ་དཀར་ནག་གཉིས་ཀའི་ཆེས་སྐྱོ་ཤོས་དང་རྒྱང་ཐག་ཆེས་རིང་ཤོས་ཀྱི་ས་ཁུལ་དག་མཚོན་གྱིན་ཡོད་ཅིང་། ལོ་རེ་རེར་གཙང་བོ་དེ་དང་ཉེ་བའི་བར་འོག་གི་ས་ཁུལ་དག་ལ་ཆུ་ལོག་གི་གཏོར་སྐྱོན་ཚབས་ཆེན་༼༢༽ཐེབས་ཀྱིན་ཡོད། དེ་ལྟ་ནའང་། ཆུ་བོ་དེ་མཉམ་འབྲེལ་གྱི་ཐོག་ནས་འཛིན་སྐྱོང་བྱེད་ཐབས་ཡོང་བར་རྒྱལ་ཁབ་མཉམ་སྡེབ་ཀྱི་གྲོས་ཆོད་ཅི་ཡང་མེད་ལ། གྲོས་ཆོད་དེ་འདྲ་དགོས་གལ་ཆེན་པོ་ཡོད་ནའང་འབྱུང་འགྱུར་གྱི་ལོ་ངོ་འདི་དག་གི་ནང་ལ་དེར་མོས་མཐུན་བྱེད་ཀྱི་མིན་པ་འདྲ། རྒྱ་དཀར་ནག་གཉིས་ཀས་རྟ་མཆོག་ཁ་འབབ་ཀྱི་ཆེད་ལ་ཐུན་མོང་གི་འཆར་གཞི་ཞིག་འཐེན་པ་ལས་ས་མཚམས་ཀྱི་རྩོད་རྙོག་༼༣༽དང་ས་ཁུལ་སོ་སོའི་ནང་གི་ཆབ་སྲིད་ཀྱི་སྲ་བརྟན་ལ་སེམས་ཁྲལ་མང་པ་བྱེད་ཀྱིན་ཡོད།

ཡར་ཀླུང་གཙང་བོ་དང་ཐག་ཉེ་བའི་ས་ཁུལ་བར་མའི་ནང་དུ་རྒྱ་གར་གྱི་མངའ་སྡེ་ཨ་རུའུ་ན་ཅལ་ནང་གི་རྩོད་རྙོག་ཅན་གྱི་ས་ཆ་ཆེན་པོ་ཞིག་ཀྱང་ཚུད་ཡོད། ཆུ་བོའི་གྱེས་མཚམས་དེ་ནི་བོད་པ་དང་རྒྱ་གར་བྱང་ཤར་གྱི་རུས་སྡེ་༼༤༽དག་གི་ཕ་སའང་ཡིན། ཕྱི་མ་འདི་རྒྱ་གར་གྱི་མངའ་སྡེ་དང་རྩོད་རྙོག་ཐུག་ཡོད་ཅིང་ཁོང་ཚོ་དབྱེན་སྦྱོར་ནང་ལ་ལྷུང་ཡོད། དེར་བརྟེན་ནས། དྲག་པའི་དམག་དཔུང་གིས་ས་ཁུལ་ཧྲིལ་བོ་འདིར་དམ་དྲག་ཤིན་ཏུ་ཆེན་པོ་བྱེད་ཀྱི་ཡོད་པ་དང་ཁོང་ཚོ་རྒྱ་གར་༼༥༽དང་རྒྱ་ནག་༼༦༽་གི་འགྲོ་བ་མིའི་ཡར་རྒྱས་ཀྱི་དཀར་ཆག་ནང་དུ་ཚད་གཞི་ཆེས་དམའ་ཤོས་ཡིན། དེ་འདྲ་ཡིན་ཙང་། ཆུ་བོའི་གྱེས་མཚམས་སུ་ཡོད་པའི་ས་ཁུལ་དག་གི་ཡར་རྒྱས་ཀྱི་དཔེ་མཚོན་འོས་པའི་རྣམ་པ་དེ་ངེས་པར་དུ་དཔལ་འབྱོར་གོང་འཕེལ་གྱི་ཆེད་དུ་བཟོས་པའི་མི་རིགས་རིང་ལུགས་ཀྱི་ཐབས་ལམ་དག་ལས་ངེས་པར་དུ་བརྒལ་ཏེ་མི་མང་གི་འཚོ་ཐབས་དང་མི་མང་གི་ཡར་རྒྱས་སྒང་ལ་ཤུགས་སྣོན་གཙོ་བོ་བརྒྱག་དགོས།

ད་ཡོད་ཀྱི་རྒྱལ་སྤྱིའི་གཙང་བོ་དག་གི་མཉམ་འབྲེལ་འཛིན་སྐྱོང་གི་དཔེ་གཟུགས་དག་ཆབ་སྲིད་ཀྱི་རྒྱུ་མཚན་དག་ལ་གཙོ་ཆེར་བརྟེན་ནས་རྟ་མཆོག་ཁ་འབབ་དང་རན་པོ་བཟོ་བར་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད། རྒྱལ་སྤྱིའི་མཉམ་འབྲེལ་གྱི་བཙན་བཀོལ་འོག་བཞག་པའི་དཔེ་མཚོན་དག་གསོན་པོར་གནས་ཡོད་སྟེ། དཔེར་ན། ཨ་རི་དང་ཁ་ན་སྒྲ་གཉིས་ཀྱིས་ཆུ་ཤུགས་གློག་འདྲེན་གྱི་གོང་འཕེལ་ཆེད་དུ་མཉམ་འབྲེལ་གྱི་ཐོག་ནས་ཁའོ་ལུམ་བྷེ་གཙང་བོའི་ཆིངས་ཡིག་༼༧༽བཞག་པ་ལྟ་བུ་རེད། ཆིངས་ཡིག་དེ་ལས་དཔལ་འབྱོར་གྱི་ཁེ་ཕན་འཕར་མ་ཐོབ་སྟེ་རྒྱལ་ཁབ་གཉིས་དབར་དྲང་པོ་དྲང་བཞག་གི་སྟེང་ནས་བགོ་འགྲེམས་བྱས་པའི་གནས་སྟངས་བྱུང་ཡོད་ཅིང་། ཡང་ན། རྩོད་རྙོག་༼༨༽སྔོན་འགོག་དང་རྩོད་རྙོག་རྗེས་ཀྱི་བསྐྱར་འཛུགས་ཆེད་དུ་བཙུགས་པའི་མཉམ་འབྲེལ་འཛིན་སྐྱོང་དག་སྟེ། དཔེར་ན།འཛམ་གླིང་དངུལ་ཁང་གིས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་སྟེ་བྷུའུ་རུན་སྒྲི་དང་ར་ཝན་དྷ། བསྟན་ཛ་ནེའི་བཅས་ཀྱི་ཆེད་དུ་བཏོན་པའི་རུའུ་སུ་མོ་ཆུ་ཤུགས་གློག་འདྲེན་གྱི་ཆུ་རགས་དང་ཆུ་མཛོད་༼༩༽ཅེས་པའི་གྲོས་ཆོད་ལྟ་བུ་རེད།

ཡིན་ནའང་། དཔེ་གཟུགས་འདི་ཚོས་རྟ་མཆོག་ཁ་འབབ་ལ་ནུས་པ་ཐོན་གྱི་མིན་པ་འདྲ། གང་ཡིན་ཞེ་ན། རྒྱ་དཀར་ནག་གཉིས་ཀའི་ནང་གི་དགོས་གལ་དང་པོ་ནི་དམག་དོན་ཡིན་པ་ལས་དཔལ་འབྱོར་མ་རེད། དེར་མ་ཟད། ཚོགས་པ་གསུམ་པ་དེས་རྒྱལ་ཁབ་འདི་གཉིས་ཀྱི་ཕྱོགས་གཉིས་ཀའི་འབྲེལ་ལམ་ཡར་རྒྱས་ཡོང་བར་བར་འདུམ་བྱེད་པའི་རིག་པ་བཏོན་ཡང་འདི་གཉིས་ཀས་དགའ་བསུ་ཡག་པོ་བྱེད་ཀྱི་མ་རེད།

གཙང་ཆུ་ཁྱད་མཁས་པ༼༡༠༽་ཁ་ཤས་ཀྱིས་རྫ་ཆུ་ལྷན་ཁང༼༡༡༽་ནི་རྟ་མཆོག་ཁ་འབབ་་ཀྱི་དཔེ་གཟུགས་ཤིག་ལ་བྱེད་ཆོག་པའི་བསམ་འཆར་འདོན་གྱིན་ཡོད། རྫ་ཆུ་ནི་བོད་མཐོ་སྒང་ནས་བཞུར་ཏེ་རྒྱ་ནག་དང་འབར་མ།ཐའེ་ལན་ཊི། ཁམ་བྷོ་སྒྲི། ལའོ་སི་དང་ཝེ་ཐི་ནམ་བཅས་བརྒྱུད་ཀྱི་ཡོད། རྫ་ཆུ་ལྷན་ཁང་ནི་སྤྱི་ལོ་༡༩༩༥་ལོར་ཆུ་རྒྱུགས་ཕྱོགས་ཀྱི་རྒྱལ་ཁབ་དག་གི་དབར་ལ་མཉམ་ལས་ཡོང་བའི་ཆེད་དུ་བཙུགས་པའི་ལྷན་ཚོགས་ཤིག་རེད།

རྫ་ཆུ་ལྷན་ཁང་ནི་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་གཞོང་པ་ལྟ་བུ་ཞིག་ཡིན་པའི་ཆ་ནས་དེར་འགུག་ཤུགས་ཆེ་བའི་དམིགས་བསལ་བརྗོད་གཞི་མང་པོ་ཞིག་ཡོད་པ་རེད་ལ།དེའི་ཡུན་གནས་ཐུབ་པའི་གོང་འཕེལ་གྱི་ཁ་གསལ་གོ་བདེའི་དམིགས་ཡུལ།ད་དུང་འཛམ་གླིང་གི་ཆེས་སྔོན་ཐོན་གྱི་ས་མཚམས་མེད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་སྲོལ་༼༡༢༽གཏན་འབེབ་བྱས་པ་ལྟ་བུའི་གྲུབ་འབྲས་དག་བླངས་ཡོད་པ་རེད།

གང་ལྟར་ཡང་། རྫ་ཆུ་ལྷན་ཁང་ནི་རྟ་མཆོག་ཁ་འབབ་ལ་མཚོན་ན་ཕུགས་རེ་ཅན་གྱི་དཔེ་གཟུགས་ཤིག་མ་རེད། གང་ལེགས་ཤེ་ན། རྒྱ་ནག་ནི་རྫ་ཆུའི་ཆུ་ངོགས་ཀྱི་རྒྱལ་ཁབ་གལ་ཆེ་ཤོས་ཤིག་ཡིན་ནའང་རྫ་ཆུ་ལྷན་ཁང་དུ་འཛུལ་ཞུགས་བྱེད་པར་ཁས་ལེན་བྱས་མེད། རྒྱ་ནག་ལ་མཚོན་ན། རྫ་ཆུ་ལྷན་ཁང་ལ་ཞུགས་པར་ཁེ་ཕན་ཉུང་ཉུང་ཤིག་མ་གཏོགས་མེད་པའི་ཁར། གཙང་བོའི་ཐོག་ཏུ་གློག་ཤུགས་ཆུ་འདྲེན་གྱི་ལས་གཞི་བཟོ་བར་ཚད་བཀག་དང་གན་རྒྱ་བཟོ་བར་རིན་གོང་ཆེན་པོ་ཞིག་སྤྲོད་དགོས་ཀྱི་ཡོད། རྒྱ་ནག་ནི་སྟོབས་ཤུགས་ཆེས་ཆེ་ཤོས་དང་ཆུ་ངོགས་ཀྱི་རྒྱལ་ཁབ་ཆེས་གོང་མ་ཡིན་པའི་སྟབས་ཀྱིས་རྫ་ཆུ་ལྷན་ཁང་དང་མཉམ་འབྲེལ་མ་གནང་རུང་ཁོར་ཡུག་དང་དམག་དོན་གྱི་ཕྱོགས་ནས་མཇུག་འབྲས་ཡོང་བར་གང་ཡང་མཐོང་གི་མེད། རྟ་མཆོག་ཁ་འབབ་ལའང་དེར་མཚུངས་ཀྱི་ལྟ་ཚུལ་བཟུང་སྲིད་པ་རེད།

རྫ་ཆུ་ལྷན་ཁང་དང་ས་མཚམས་མེད་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་དབང་འཛིན་པ་དག་གིས་ས་གནས་མི་མང་དག་ལ་ཐག་གཅོད་ཀྱི་བརྒྱུད་རིམ་ནང་དུ་བསམ་ཚུལ་བཤད་པར་ཁག་ཐེག་བྱེད་མ་ཐུབ་པའི་ཕམ་ཁ་དང་མི་མང་གཙོ་བོར་དམིགས་པའི་ལས་རིམ་བཀོད་སྒྲིག་བྱེད་ཀྱི་མེད་པ་ལ་དུས་རྒྱུན་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། ད་ཡོད་ཀྱི་དབང་འཛིན་པ་དག་གིས་ཡར་རྒྱས་གཏོང་བར་མི་རིགས་རིང་ལུགས་ཀྱི་སྲིད་བྱུས་ཤིག་བཟུང་གི་ཡོད།ཁོང་ཚོ་ཆུ་བོའི་གྱེས་མཚམས་ཀྱི་ས་ཁུལ་ན་འཚོ་སྡོད་བྱེད་ཀྱིན་ཡོད་པའི་མི་མང་གི་བསམ་ཚུལ་ལ་ཉན་པའི་ཚབ་ལ་ཞལ་འདེབས་གནང་མཁན་དག་དང་ཤུགས་རྐྱེན་ཆེ་བའི་ཚོགས་མི་དེ་དག་གི་གྲོས་འཆར་གྱི་ཤུགས་རྐྱེན་འོག་ལ་འགྲོ་ཉེན་ཆེ་བ་ཡོད།གང་ལྟར་ཡང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ནང་དུ་ཆུ་མཛོད་ཆེན་པོ་དག་གསར་སྐྲུན་གནང་ན་སྤྱི་ཚོགས་དང་ཁོར་ཡུག་གི་དཀའ་ངལ་སྟེ་བཙན་ཤུགས་ཀྱིས་བདག་དབང་འཕྲོག་ལེན་བྱེད་པ།སྲོག་ལྡན་འདྲ་མིན་གྱི་ཁོར་ཡུག་ལ་ཆུ་ལོག་རྒྱུག་པ། ཞིང་ས་བརླག་པ་བཅས་ཀྱི་དཀའ་ངལ་རྒྱུན་དུ་འབྱུང་འཇུག་གིན་ཡོད།

དཔེ་གཟུགས་འདི་ཚོའི་མི་རིགས་རིང་ལུགས་དང་རགས་དཔྱད་དཔལ་འབྱོར་རིག་པའི་ཐབས་ལམ་དག་རྟ་མཆོག་ཁ་འབབ་ལ་འོས་འཚམས་མིན་པ་ཙམ་མ་ཡིན་པར་དེ་དག་དགོས་མེད་ཀྱང་རེད། གཞི་རྒྱ་ཆེ་བའི་ཆུ་ཤུགས་གློག་འདྲེན་གྱི་གོང་སྤེལ་ནང་དུ་རྒྱ་དཀར་ནག་གཉིས་ཀར་དཔལ་འབྱོར་རམ་བཟོ་ལས་ཀྱི་རོགས་སྐྱོར་དགོས་ཀྱི་མེད། དོན་དངོས་སུ། རྒྱལ་ཁབ་གཉིས་ཀས་ཕྱོགས་གཅིག་ཁོ་ནས་གཙང་བོའི་ཐོག་ཏུ་ཆུ་རགས་ཆེན་པོ་དག་རྒྱག་པར་འགྲན་སེམས་བྱེད་ཀྱི་ཡོད། རྒྱ་ནག་གི་གཞི་རྒྱ་ཆེ་བའི་ཆུ་རགས་འཛུགས་སྐྲུན་གྱི་འཆར་གཞི་དག་གི་ནང་དུ་འཛམ་གླིང་གི་ཆུ་ཤུགས་གློག་འདྲེན་ཆེས་ཆེ་ཤོས་འཛུགས་སྐྲུན་གྱི་ལས་གཞི༼༡༣༽་འང་ཚུད་ཡོད་པར་བསམ་གྱི་ཡོད། རྒྱ་ནག་གི་ཕུགས་རེ་ཅན་གྱི་དམིགས་ཡུལ་དེ་དག་ཟློག་ཐབས་སུ་རྒྱ་གར་གྱི་འཆར་གཞི་ལྷན་ཁང་གི་ཚོགས་མི་ཞིག་གིས་ཆུ་རགས་འཛུགས་སྐྲུན་གྱི་འགྲན་བསྡུར་ཞིག་འགོ་འཛུགས་བྱས་ཏེ་ཐོག་མའི་དགོས་གལ་བརྩོན་ལེན་༼༡༤༽བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད། ཆུ་རགས་འཛུགས་སྐྲུན་གྱི་འགྲན་བསྡུར་གྱིས་དམག་དཔུང་གིས་མཐའ་སྐོར་བའི་༼༡༥༽རྟ་མཆོག་ཁ་འབབ་ཀྱི་མངའ་ཁོངས་དང་དེའི་སྐྱེས་ཁམས་ཁོར་ཡུག་ལ་མཚོན་ན་གནོད་སྐྱོན་ཚབས་ཆེན་ཐེབས་ངེས་ཡིན།ལྷག་པར་དུ་ཆུ་བོའི་བཞུར་ཕྱོགས་སུ་གནས་པའི་བྷང་ལ་དྷེ་ཤི་རྒྱལ་ཁབ་ལ་དམིགས་བསལ་གྱི་ཉེན་ཁ་ཆེ་བ་ཡོད།

རྒྱལ་ཁབ་གཅིག་ལ་རྒྱལ་མཚམས་མེད་པའི་གཙང་བོ་ཞིག་དོ་དམ་བྱེད་པའི་ནུས་སྟོབས་མེད་སྟབས་ད་ཡོད་ཀྱི་མཉམ་འབྲེལ་དཔེ་མཚོན་དག་འཚམ་པོ་མིན། གདམ་གའི་ཐབས་ལམ་གསར་པ་ཞིག་དགོས་ཀྱི་ཡོད། མངའ་ཁོངས་ཀྱི་རྙོག་འཛིངས་ཆེ་བའི་ཡར་རྒྱས་གོང་སྤེལ་དང་སྲུང་སྐྱོབ་ཀྱི་དགོས་མཁོ་དག་སེལ་བར་འབྱུང་སྲིད་པའི་ཐབས་ལམ་གཅིག་ནི་རྒྱལ་ཁབ་ཀྱི་ཚོགས་མི་དག་གི་དཔལ་འབྱོར་དང་དམག་དོན་གྱི་ཁེ་ཕན་ལ་དམིགས་པའི་དགོས་དམིགས་དེ་མངའ་ཁོངས་ནང་གི་མི་མང་དག་གི་བདེ་འཇགས་སྲུང་སྐྱོབ་དང་ཡར་རྒྱས་གོང་འཕེལ་ལ་དམིགས་པ་ཞིག་༼༡༦༽ཏུ་འགྱུར་བ་གཏོང་དགོས།

རྒྱལ་མཚམས་མེད་པའི་གཙང་བོའི་རྒྱུག་ལམ་ཞིག་ལ་ཡུན་གནས་ཐུབ་པའི་དོ་དམ་བྱེད་ཐབས་གཅིག་ཁོ་ན་ཡོད་པ་ནི་ཆུ་བོའི་གྱེས་མཚམས་སུ་ཡོད་པའི་སྐྱེས་ཁམས་ཁོར་ཡུག་ཧྲིལ་བོའི་སྲ་བརྟན་དང་མི་མང་གི་དགོས་དམིགས་དག་སྲིད་བྱུས་ཀྱི་དགོས་གལ་དང་པོ་རུ་འཇོག་རྒྱུ་དེ་ཡིན་ནོ།། འདི་ནི་དུས་རབས་ཉེར་གཅིག་གི་གཙང་ཆུ་ཆེད་དུ་བཙུགས་པའི་འཛམ་གླིང་ལྷན་ཁང་གིས་༼༡༧༽བསམ་ཚུལ་བཏོན་པ་རེད། ཚོང་འདྲེན་དང་ནུས་ཤུགས། ད་དུང་གཞན་དག་གི་གོང་སྤེལ་དམིགས་ཡུལ་ཆེད་དུ་གཙང་ཆུ་བེད་སྤྱོད་གཏོང་དུ་འཇུག་པ་ནི་དགོས་གལ་ཆེ་བའི་སྲིད་བྱུས་དག་གི་ཁྲོད་དུ་ཨང་རིམ་གཉིས་པའི་གྲས་སུ་འཇོག་དགོས། ཡར་རྒྱས་གོང་འཕེལ་གྱི་རྩ་དོན་ནི་མི་མང་གི་གཟུགས་པོའི་བདེ་ཐང་དང་འཚོ་ཐབས་ལ་ཐེབས་ཀྱིན་པའི་འཇིགས་སྐུལ་དེ་དག་རྩ་མེད་དུ་གཏོང་རྒྱུ་དང་ཁོང་ཚོས་རོལ་འདོད་པའི་འཚོ་བ་རོལ་དུ་འཇུག་པར་དབང་ཆ་སྤྲོད་རྒྱུ་དེ་ཡིན། འདི་ལྟ་བུའི་གཞི་རྩའི་ཐབས་ལམ་ཞིག་གིས་རྒྱལ་ཁབ་དག་ལ་ཁེ་ཕན་ཐོབ་དུ་འཇུག་ངེས་ཡིན།

སྔོན་ལས་དོན་སྙིང་ལྡན་པའི་འཚོ་བ་རོལ་བར་མི་མང་གི་གདམ་ག་དག་རྒྱ་བསྐྱེད་པ་དང་ཡར་ཀླུང་གཙང་བོའི་ས་ཁུལ་ལ་དུས་ཡུན་ཧ་ཅང་རིང་བོར་ནད་ཡམས་བཞིན་ཁྱབ་པའི་སྐྱུར་སོབ་སོབ་ཀྱི་རྩོད་རྙོག་དག་ཇེ་ཉུང་དུ་བཏང་སྟེ་འགྲོ་བ་མི་ཡར་རྒྱས་གཏོང་བར་གཙིགས་སུ་བཟུང་བ་ཡིན་ན་རྒྱལ་ཁབ་ཀྱི་རང་དབང་གཙང་མའི་བདག་དབང་ཡང་སྲ་བརྟན་ལ་གཏོང་ཐུབ་ཀྱི་ཡོད། གཙང་བོའི་ཆེད་དུ་ཐུན་མོང་གོང་སྤེལ་གྱི་འཆར་གཞི་ཞིག་ཡོད་ན་དེ་ཡིས་མཐའ་མཚམས་འགོག་སྲུང་དང་རྒྱལ་ནང་གི་མངའ་སྡེ་དག་གི་དབར་གྱི་འབྲེལ་ལམ་བཅས་ཡར་རྒྱས་སུ་གཏོང་ཐུབ། ད་དུང་དེས་མངའ་ཁོངས་དེ་ཚོགས་མི་རྒྱལ་ཁབ་དག་གིས་ད་ལྟ་འཁུར་དུ་ལེན་བཞིན་པའི་ཕྱོགས་གཅིག་ཅན་གྱི་གཅིག་ཕམ་གཅིག་རྒྱལ་གྱི་འཆར་གཞི་དག་ལས་སྐྱོབ་ཀྱི་ཡོད།

(བཀྲ་ཤིས་ཚེ་རིང་ནི་བྷི་རེ་ཀྲི་ཞིས་ཀོ་ལིམ་ཕིག་ཡ་གཙུག་ལག་སློབ་གཉེར་ཁང་(British Columbia)གི་ཐོན་ཁུངས་འཛིན་སྐྱོང་དང་ཁོར་ཡུག་ཞིབ་འཇུག་སྡེ་ཚན་གྱི་འབུམ་རམས་པའི་འོས་མི་ཞིག་རེད།)

སྒྱུར་མཁན་གྱི་མཆན།
༡ (Brahmaputra River ) http://www.chinadialogue.net/article/show/single/en/4632
༢ http://www.theage.com.au/world/havoc-as-monsoon-displaces-millions-20120708-.
༣ http://www.eu-asiacentre.eu/pub_details.php?pub_id=46
༤ http://www.culturalsurvival.org/publications/cultural-survival-quarterly/india/indigenous-peoples-cultural-survival-and-minority-pol
༥ http://www.ncaer.org/downloads/Reports/HumanDevelopmentinIndia.pdf
༦ http://hdr.undp.org/en/reports/national/asiathepacific/china/nhdr_China_2010_en.pdf
༧ http://en.wikipedia.org/wiki/Columbia_River_Treaty
༨ http://www.worldbank.org/projects/P075941/nelsap-regional-rusumo-falls-hydroelectric-multipurpose-project?lang=en
༩ http://www.worldbank.org/projects/P075941/nelsap-regional-rusumo-falls-hydroelectric-multipurpose-project?lang=en
༡༠ http://www.eastasiaforum.org/2012/06/09/managing-south-asia-s-himalayan-rivers/
༡༡ Mekong River Commission (MRC)
༡༢ http://www.mrcmekong.org/assets/Publications/policies/Procedures-Maintenance-Flows.pdf
༡༣ http://tibetanplateau.blogspot.ca/2010/05/damming-tibets-yarlung-tsangpo.html
༡༤ http://www.thethirdpole.net/saving-south-asias-water/
༡༥ http://www.livemint.com/2009/03/20214053/Plan-panel-for-more-hydropower.html
༡༦ http://www.ihdindia.org/ihdjournal/Abstract1.aspx?id=90
༡༧ https://docs.google.com/file/d/0B63eaz4EemWPa2FGbExWeTloTnM/edit?pli=1
༡༨http://webworld.unesco.org/water/wwap/pccp/cd/pdf/background_documents/national_sovereignty%20_international_watercourses_2000.pdf

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to ཡར་ཀླུང་གཙང་བོ་འཛིན་སྐྱོང་བྱེད་ཐབས་ཀྱི་ཁ་ཕྱོགས་གསར་པ་ཞིག

  1. རྩོམ་འདི་འདྲའི་རིགས་ཀྱིས་ང་ཚོའི་བློ་སྒོ་འབྱེད་ཐུབ་པ་མ་ཟད་སྐར་ཁུང་དྲ་བས་རླབས་ཆེ་བའི་ཕྱག་ལས་གནང་བཞིན་པར་གོང་དུ་བཀུར་། རྒྱ་དཀར་ནག་གཉིས་ཀྱིས་ཡར་ཀླུང་གཙང་པོ་སྦག་བཙོག་ཅན་ཏུ་བསྒྱུར་བའི་དབང་གིས་ཡར་ཀླུང་གཙང་པོའི་སྨད་ཀྱི་ཉ་ཆེན་གྱི་རིགས་མང་པོ་ཞིག་ལོ་རེ་བཞིན་བརླགས་འགྲོ་གིན་འདུག་ཟེར་ནས་ཁོར་ཡུག་ཉམས་ཞིབ་མང་པོས་གསུངས་འདུག

  2. བློ་བཟང་བཟོད་པ་ ནས།

    རྩོམ་ཡིག་འདི་ནི་བོད་ནང་དུས་དེབ་ཁག་ནང་འགྲིམས་སྤེལ་ཐུབ་ཚེ་ཕན་ཐོག་ངེས་ཅན་ཡོང་ངེས་ཡིན། གུས་ཀྱང་ཡར་ལུང་གཙང་པོའི་ཉེ་འགྲམ་དུ་ལྟེ་ཁྲག་ཕོས་པའི་སོ་སྐྱེ་ཞིག་ཡིན་པས་རྩོམ་ཡིག་འདི་ཡི་དེ་སྔའི་འཚོ་བར་སྐྱར་དྲན་ཞིག་བྱུང། རྩོམ་པོ་ཐུགས་དེ་འདྲའི་བློ་སྒོ་འབྱེད་པའི་རྩོམ་ཡིག་གང་མང་ཡོང་བ་ཞུ།

Write a Reply or Comment

Your email address will not be published. Required fields are marked *

*