བོད་ཀྱི་དེང་རབས་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་དང་ལྷན་དུ་།

བཅར་འདྲི་ཞུ་ཡུལ་བསྟན་འཛིན་རིག་གྲོལ།
བཅར་འདྲི་ཞུ་མཁན་སྐར་ཁུང་དྲ་བ།

༡) བོད་ཀྱི་དེང་རབས་སྒྱུ་རྩལ་ཟེར་ན་ཅི་ཞིག་རེད་།

དེང་རབས་མ་བརྗོད་སྔོན་ལ། དེང་རབས་ཟེར་བའི་ཐ་སྙད་འདི་ལ་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་འདུག བོད་ཀྱི་དེང་རབས་སྒྱུ་རྩལ་ཟེར་དུས། ངས་བལྟས་ན་ཕལ་ཆེར་དགེ་འདུན་ཆོས་འཕེལ་གྱི་སྒང་ལ་ཐུག་གི་ཡོད་རེད་།
སྤྱིར་བཏང་ནས་དེང་རབས་ཟེར་དུས། ནུབ་ཕྱོགས་ལ་མཚོན་ན་དེང་རབས་ཟེར་ན་ཅི་ཞིག་རེད་ཟེར་བའི་སྐོར་ལ་ལྟ་ཚུལ་མང་པོ་ཡོད་རེད་། དེ་ཡང་མཚན་ཉིད་ཀྱི་སྒང་ལ་སྐོར་ན། དེ་དྲི་བ་གཏོང་མཁན་ཞིག་ལ་ཐུག་གི་ཡོད་པ་རེད་། དཔེར་ན། དེང་དུས་ཤེར་རྟོགས་རིག་པ་འགོ་འཛུགས་མཁན་སུ་རེད་ཟེར་དུས། (Rene Descarts) རེ་ནེལ་ སྒྲེ་ཁར་ཁྲི་ལ་ཐུག་གི་ཡོད་པ་རེད་། ཁོང་གི་ལྟ་གྲུབ་གཙོ་བོ་དེ་། བྱ་དངོས་ཅི་ཞིག་ཡིན་རུང་དེ་ལ་དོགས་འདྲི་བྱེད་དགོས་ཟེར་བ་དེ་རེད་། བྱ་དངོས་ཤིག་ལ་དོགས་འདྲི་བྱེད་མ་ཐུབ་པའི་ཚད་ལ་སླེབས་ན་ད་གཟོད་དེ་བདེན་པ་རེད་ཟེར་གི་ཡོད་རེད་། དོགས་འདྲི་ཟེར་དུས། བྱ་དངོས་ག་རེ་ཡིན་ན་ཡང་དེ་ལ་གློ་བུར་དུ་ཡིད་ཆེས་མི་བྱེད་པར་དྲི་བ་ཐོངས་ཟེར་བ་དེ་རེད་། དོགས་འདྲི་བྱེད་པ་ནི་དེང་རབས་མཚན་ཉིད་ཀྱི་སྤྱོད་པ་དེ་རེད་། ད་འདི་དགེ་འདུན་ཆོས་འཕེལ་གྱི་སྒང་ལ་སྦྱར་ན། དགེ་འདུན་ཆོས་འཕེལ་གྱི་ལྟ་སྤྱོད་ཀྱིས་ཀྱང་དེང་རབས་མཚོན་པ་མ་ཟད་། ཁོང་གིས་སོ་སོའི་རི་མོ་ལ་མཚན་རྟགས་བསྐྱོན་པ་སོགས་དེ་ངས་མཐོང་སོང་། དེ་ངའི་ཡིན། དེ་ངའི་ལྟ་ཕྱོགས་ཡིན་ཟེར་བ་ལྟ་བུ་ང་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཡོང་གི་ཡོད་པ་རེད་། དོན་དངོས་སུ། ནུབ་ཕྱོགས་སུ་ང་ཟེར་བ་དེ་བསམ་བློ་ཐ་ཤལ་བ་ལ་བརྩི་གི་ཡོད་མ་རེད་། དགེ་འདུན་ཆོས་འཕེལ་ཁོ་རང་ཐང་ཀའི་སྒྱུ་རྩལ་ནས་ཕྱི་ལ་བཏོན་པ་ཙམ་མ་ཡིན་པར་སྲོལ་རྒྱུན་གྱི་གཤིས་ཀ་ནས་ཀྱང་ཕྱི་ལ་ཐོན་པ་རེད་། གང་ལྟར་། ཁོང་གིས་རི་མོ་ལ་རང་གི་མཚན་རྟགས་བཀོད་འགོ་ཚུགས་པ་ནས་བོད་ཀྱི་དེང་རབས་སྒྱུ་རྩལ་ཟེར་བ་དེ་འགོ་བཙུགས་ཡོད་པ་རེད་། དགེ་འདུན་ཆོས་འཕེལ་གྱི་རྗེས་སུ། བོད་ནང་ལ་རྒྱ་ནག་སྲིད་གཞུང་ལ་བསྟོད་པའི་རི་མོ་མང་པོ་ཐོན་པ་རེད་། ཡིན་ན་ཡང་། བརྒྱད་ཅུ་གྱ་གྲངས་ཀྱི་རྗེས་སུ། བོད་ཀྱི་རི་མོ་བ་མང་པོས་དེ་འགྲིག་གི་མི་འདུག་བསམ་ནས། བོད་རང་གི་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས་སོགས་གཙོ་བོ་མཚོན་པའི་རི་མོ་འབྲི་འགོ་བཙུགས་པ་རེད་། གང་ལྟར་། མདོར་ན། བོད་ཀྱི་དེང་རབས་སྒྱུ་རྩལ་ཟེར་ན། སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་ནས་མཐའ་མ་སོ་སོའི་བསམ་བློ་གཏོང་སྟངས་ཀྱི་སྒང་ལ་འབབ་ཐུབ་པ་ཡིན་ན་ད་གཟོད་དེ་ལ་དེང་རབས་ལབ་ཆོག་གི་རེད་། དེང་རབས་ཀྱི་སྒྱུ་རྩལ་ཡིན་ན། རི་མོ་དེ་ཕུགས་ལ་དེད་ནས་འགྲོ་དུས་མཐའ་མ་ཐུག་ས་དེ་འབྲི་མཁན་ཆགས་གི་རེད་། སྲོལ་རྒྱུན་གྱི་རི་མོ་དེ་དེད་ནས་སོང་ན་གང་ལ་ཡིན་ན་ཡང་འགྲོ་གི་རེད་དེ། རི་མོ་འབྲི་མཁན་གྱི་རྩར་འགྲོ་གི་མ་རེད་། དེར་བརྟེན། དེང་རབས་ཀྱི་རི་མོ་ཟེར་དུས། མཐའ་མ་སོ་སོའི་སྒང་ལ་འབབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་། དེང་རབས་ཀྱི་དུས་ཚོད་ནང་ལ་སྡོད་ཀྱི་ཡོད་ན་ཡང་། རི་མོ་དེའི་མཐའ་མའི་ཐུག་ས་དེ་འབྲི་མཁན་སོ་སོ་མིན་ན་དེང་རབས་ཀྱི་སྒྱུ་རྩལ་ཆགས་ཀྱི་ཡོད་མ་རེད་།

༢) ཁྱེད་རང་བོད་ཀྱི་སྲོལ་རྒྱུན་རི་མོ་དང་དེང་རབས་རི་མོ་གཉིས་ཀར་སྦྱངས་བ་ཐོན་མཁན་ཞིག་ཡིན་པའི་ཆ་ནས། བོད་ཀྱི་སྲོལ་རྒྱུན་རི་མོ་དང་དེང་རབས་རི་མོ་གཉིས་ཀྱི་ཁྱད་པར་གཙོ་བོ་དེ་ཅི་ཞིག་རེད་དམ།

ད་ངས་བསམ་བློ་གཏོང་དུས་། རི་མོ་དང་ཚོན་། འཇིམ་བཟོ་སོགས་ཚང་མ་སྐད་ཡིག་ཅིག་རེད་། སྲོལ་རྒྱུན་གྱི་རི་མོ་ཕལ་ཆེ་བས་ཆོས་ལ་འགྲེལ་བཤད་དང་དེ་ལ་ཞབས་ཞུ་བྱེད་པ་མ་གཏོགས་མི་སྒེར་གྱི་སྡུག་བསྔལ་དང་སྒེར་གྱི་ལྟ་ཕྱོགས། སྒེར་གྱིས་སྤྱི་བའི་སྡུག་བསྔལ་ལ་ལྟ་ཕྱོགས་སོགས་ཡོད་མ་རེད་། སྤྱིར་བཏང་ནས་སྲོལ་རྒྱུན་དང་དེང་རབས་རི་མོ་གཉིས་གཅིག་རེད་། རི་མོ་འབྲི་བྱེད་ཀྱི་ལག་ཆ་དང་ཚོན་། རི་མོ་འབྲི་སའི་ངོས། རི་མོ་དགར་སའི་བརྩིགས་པ་སོགས་གཅིག་པ་རེད་། ཡིན་ན་ཡང་། ཁོང་གཉིས་ཀྱི་མི་འདྲ་ས་དེ་གང་རེད་ཟེར་ན། བོད་པའི་སྲོལ་རྒྱུན་གྱི་རི་མོ་དེ་ཧ་ལམ་ཧ་ལམ་ཚང་མ་ཆོས་ལ་འགྲེལ་བཤད་དང་དེ་ལ་ཞབས་ཞུ་བྱེད་མཁན་ལྟ་བུ་ཞིག་རེད་འདུག དེང་རབས་ཀྱི་སྒྱུ་རྩལ་ནང་ལ། ཆོས་ཀྱི་སྐོར་ལ་བཤད་ན་འགྲིག་གི་རེད་དེ་། ངས་ལྟ་ཕྱོགས་ལ་ཆོས་དེ་འདི་འདྲ་ཞིག་རེད་ཟེར་བ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་འདྲ་གསུངས་རེད་ཟེར་བ་ཙམ་མ་ཡིན་པར་། ངའི་ལྟ་ཕྱོགས་ལ་དེ་འདྲ་ཡིན་ཟེར་བ་དེ་གཙོ་བོ་ཆགས་གི་ཡོད་རེད་། དེར་བརྟེན། སྲོལ་རྒྱུན་གྱི་རི་མོ་ལྟ་བུ་ཡིན་ན། སྒྱུ་རྩལ་གྱི་དམིགས་ཡུལ་དེ་གཞན་ཞིག་ལ་ཞབས་འདེགས་བསྒྲུབ་པའམ་ཡང་ན་གཞན་ཞིག་གི་ཆེད་དུ་སོ་སོ་བེད་སྤྱད་གཏོང་བ་འདྲ་བོ་ཆགས་ཀྱི་ཡོད་རེད་། དེ་ལས་ལྡོག་ཏེ་། དེང་རབས་ཀྱི་སྒྱུ་རྩལ་གྱིས་གཙོ་བོ་སོ་སོའི་མཐོང་ཕྱོགས་དང་ལྟ་ཕྱོགས་གཙོ་བོར་གླེང་གི་ཡོད་རེད་། དཔེར་ན། སྲོལ་རྒྱུན་གྱི་རི་མོ་ལྟ་བུ་མཚོན་ན། བརྗོད་བྱ་གཙོ་བོ་ཆོས་རེད་། དེའི་ནང་ན་སྒེར་བའམ་བདག་ཡོད་མ་རེད་། དེང་རབས་ཀྱི་རི་མོར་མཚོན་ན། བརྗོད་བྱ་དེང་རབས་ཅན་དང་དེའི་ནང་སྙིང་དེ་བདག་རེད་། དེ་ནས་དེང་རབས་ཀྱི་སྒྱུ་རྩལ་ཁོངས་སུ། འགུལ་བསྐྱོད་གསར་བ་ཞིག་ག་རེ་རེད་ཟེར་ན། སྲོལ་རྒྱུན་གྱི་རི་མོ་ལ་རི་མོ་གཅིག་པོའི་ངོ་བོ་ནས་བལྟ་ཐུབ་གི་རེད་དམ་ཟེར་བ་དེ་རེད་། དཔེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐང་ཀ་ཞིག་ཡོད་ན་། དེ་ལ་སྒྱུ་རྩལ་གཅིག་པོའི་སྒང་ནས་བལྟ་ཐུབ་གི་རེད་དམ་ཟེར་བ་དེ་རེད་། མདོར་ན། སྲོལ་རྒྱུན་གྱི་རི་མོ་དེ་གཙོ་བོ་འབབ་ས་དེ་གཞན་ཞིག་ལ་འབབ་གི་རེད་། ཡང་ན་ཆོས་ལ་འབབ་གི་རེད་། དེང་རབས་ཀྱི་སྒྱུ་རྩལ་དེ་འབབ་ས་དེ་སོ་སོའི་ལྟ་ཕྱོགས་ལ་འབབ་གི་རེད་།
དེ་འདྲ་སོང་ཙང་། དགེ་འདུན་ཆོས་འཕེལ་གྱི་རི་མོ་དེ་ཡང་གཙོ་བོ་ལྟ་བ་ཞིག་ལ་ཐུག་གི་ཡོད་རེད་དྲན། ཁོང་གི་རི་མོ་གཅིག་པོར་བལྟས་ན། དུས་ཚོད་དེ་དུས་ཞེ་དྲག་ཡག་པོ་རེད་དེ་། ད་ལྟ་དེ་ཙམ་ཚད་མཐོ་བོ་མ་རེད་། ཡིན་ན་ཡང་། ཁོང་གི་རི་མོའི་སྤྱོད་པ་དེ་དེང་རབས་ཀྱི་བོད་ཀྱི་རི་མོ་འབྲི་མཁན་ཚོའི་ཁྲོད་ན་ཡང་ཡོད་མ་རེད་། དེ་རྩ་ཆེན་པོ་དང་རིན་ཐང་ཆེན་པོ་རེད་།

༣) བོད་ཕྱི་ནང་གི་རི་མོ་འབྲི་མཁན་མང་པོ་ཞིག་གིས་། ཐང་ཀ་མ་བྲིས་བ་ཙམ་གྱིས་དེང་རབས་རི་མོ་འབྲི་མཁན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་འདྲ་། དེའི་ལྟ་ཕྱོགས་དེ་ནོར་བ་ཅན་རེད་དམ།

དེ་གཙོ་བོ་རི་མོ་དེས་སོ་སོའི་ལྟ་བ་མཚོན་གྱི་ཡོད་ན་དེ་དེང་རབས་རི་མོ་རེད་། ཡིན་ན་ཡང་། མང་པོ་ཞིག་གིས་གཅིག་མིན་ན་གཞན་དེ་རེད་ཟེར་གི་འདུག དེ་ནོར་བ་རེད་། ངས་ཐང་ཀ་འབྲི་གི་མེད་། ངས་རི་མོ་འབྲི་གི་ཡོད་། དེར་བརྟེན། ང་དེང་རབས་རི་མོ་བ་ཡིན་ཟེར་ན་དེས་དོན་དག་ཤོད་ཀྱི་ཡོད་མ་རེད་། དེང་རབས་ཀྱི་སྒྱུ་རྩལ་ཟེར་དུས་ལྟ་གྲུབ་ཞིག་དགོས་ཀྱི་ཡོད་རེད་། ལྷག་པར་དུ་། དེང་རབས་ཀྱི་རི་མོ་འབྲི་མཁན་ཞིག་ཡིན་ན། རྒྱལ་རབས་སྦྱངས་དགོས་རྒྱུ་གལ་ཆེ་གི ནུབ་ཕྱོགས་སུ་མཚོན་ན། ལོ་རྒྱུས་ཁྲོད་སྒྱུ་རྩལ་གྱི་སྐོར་ལ་རྩོད་པ་མང་པོ་བྱུང་བ་རེད་། འགྱུར་བ་ཡང་མང་པོ་ཕྱིན་ཡོད་པ་རེད་། དེ་ཚོར་གོ་རྟོགས་ཅུང་ཟད་དགོས་རྒྱུ་དེ་དེང་རབས་རི་མོ་འབྲི་མཁན་ཞིག་ལ་མཚོན་ན་མེད་དུ་མི་རུང་བ་རེད་། ང་སྒེར་གྱི་བསམ་ཚུལ་ལ། བོད་ཀྱི་དེང་རབས་རི་མོ་འབྲི་མཁན་མང་པོ་ཞིག་ལ། ལག་ཆ་དང་ལག་རྩལ་གཉིས་ཀ་འདུག དེའི་སྒང་ལ་ལྟ་གྲུབ་ཞིག་ཡོད་ན་ད་གཟོད་ཚང་མ་ཚང་འདུག་དྲན། གང་ལྟར་། དེང་རབས་རི་མོ་འབྲི་མཁན་ཞིག་ཡིན་ན། རི་མོ་དེ་མཐའ་མར་སོ་སོའི་སྒང་ལ་འབབ་རྒྱུ་གལ་ཆེ།

(བཅར་འདྲི་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)

(བསྟན་འཛིན་རིག་གྲོལ་ནི། དེང་རབས་བོད་ཀྱི་སྒྱུ་རྩལ་བ་གྲགས་ཅན་དང་རང་དབང་འཐབ་རྩོད་པ། སྙན་ངག་པ་ཞིག་ཀྱང་ཡིན། ད་ཕན། ཁོང་ནས་(“R”-the frozen ink)“སྐྱབས་བཅོལ་བ། འཁྱག་ལ་འབྱར་བའི་སྣག་ཚ་།”དང་(Anotmy of Nights)“མཚན་མོའི་རུས་ཀྲང་།”(Butterfly’s wings)“ཕྱེ་མ་ལེབ་ཀྱི་གཤོག་ཟུང་”བཅས་དཔར་བསྐྲུན་བྱས་ཡོད་། ཁོང་ཨ་རིའི་ནེའུ་ཡོག་ཏུ་བཞུགས་ཀྱི་ཡོད་།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to བོད་ཀྱི་དེང་རབས་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་དང་ལྷན་དུ་།

  1. སྒྱུ་རྩལ་གྱི་ཕུང་བོ་གཏོས་ཆེ་བ་ཞིག་གི་ཉེ་སར་བཅར་ནས་འདི་ལྟར་ལམ་ལ་ཆས་སྟངས་དེར་རྟེན་འབྲེལ་ཞུ་རིན་ཞིག་འདུག

  2. ང་ཚོས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལྟ་བུའི་བོད་ཀྱི་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ་མང་དུ་འཐོན་པའི་རེ་བ་བྱེད་ཀྱི་ཡོད། ངས་འཇིག་རྟེན་གྱི་ཕྱོགས་ནས་ཆེར་མི་ཤེས་ནའང་། ནང་པའི་ཆོས་ཀྱི་ཕྱོགས་བཤད་ན་སྒྱུ་རྩལ་ཟེར་བ་གལ་ཆེན་ཞིག་ཡིན་པ་གསལ་པོ་རེད། དཔེར་མཚོན་ཙམ་ཞུས་ན། གཙུག་ལག་ཁང་གི་ལྡེབ་རིས་དང་། ཐང་ག་སོགས་ཀྱི་སྟེང་གི་སངས་རྒྱས་ཀྱི་འཁྲུངས་རབས་སོགས་རི་མོའི་སྒྱུ་རྩལ་འདིས་ཀྱང་ནང་ཆོས་ནང་སྒྱུ་རྩལ་གྱི་གོ་བབ་ཚད་མཐོར་སོན་པ་ཞིག་ང་ཚོས་ངོས་འཛིན་བྱ་ཆོག་པ་ཞིག་རེད་སྙམ།

Write a Reply or Comment

Your email address will not be published. Required fields are marked *

*