ཞོའོ་ཐོ་ཏོའུ། དངོས་མཚོན་གློག་བརྙན་དང་ངའི་སེམས་ནང་གི་བོད།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཞོའོ་ཐོ་ཏོའུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འོད་ཟེར་གྱིས་བཤད་རྒྱུར། རྩོམ་ཡིག་འདི་གཉིས་ནི་རང་ལོ་བཅུ་གཉིས་(ངས་ཚོད་དཔག་བྱས་པ་ནོར་མེད་ཚེ་)་ལ་སོན་པའི་རྒྱ་རིགས་བུ་མོ་ཞོའོ་ཐོ་ཏོའུ་ཡིས་བྲིས་པ་རེད། ང་དང་མོའི་ཨ་མ། ད་དུང་མོའི་ཨ་མའི་གྲོགས་པོ་ནི་ཁྲོས་ཁྲེར་(推特)བརྒྱུད་ནས་ངོ་ཤེས་ཤིང་གྲོགས་པོར་ཆགས། དེ་དང་འབྲེལ་ནས་ལོ་ན་ཆུང་ཞིང་བསམ་བློ་རང་རྐྱ་འཕེར་བའི་བུ་མོ་ཆུང་ཆུང་འདི་ཡང་ངོ་ཤེས་སུ་གྱུར། ཁོ་མོའི་སེམས་ནང་གི་བོད་ནི་དོན་དངོས་དང་ཧ་ཅང་ཐག་ཉེ་བ་ཞིག་ཡིན་པ་མངོན་གསལ་རེད།
དངོས་མཚོན་གློག་བརྙན་དང་ངའི་སེམས་ནང་གི་བོད། (ཁག་གཉིས)
ཞོའོ་ཐོ་ཏོའུ་ཡིས་བརྩམས།

དང་པོ། པོ་ཏ་ལའི་མདུན་གྱི་སྟོབས་འབྱོར་རྒྱས་པའི་འཇིག་རྟེན།

“ནམ་ཡང་གོང་རིམ་གྱི་བཀའ་བཀོད་དང་ལེན་བྱེད་པ་དང་། གོང་རིམ་གྱི་ཁ་ལ་ཉན་པ་དེ་ནི་དམག་དཔུང་རེད། དེ་ལྟར་བྱས་ན་ད་གཟོད་མཐུན་སྒྲིལ་དང་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ། ”ཞེས་པ་འདི་ནི་སྤྱི་ཁྱབ་ཀྲང་ལགས་ཀྱིས་ཆང་ཁང་ཞིག་ཏུ་བརྒྱུད་བསྒྲགས་བྱས་པའི་མཐོ་རིམ་དཔོན་རིགས་ཚོའི་ཚོགས་ཐོག་གི་བཀའ་རེད། སྤྱི་ཁྱབ་ཀྲང་ལགས་ནི་འཇར་པན་གྱི་དངོས་མཚོན་གློག་བརྙན་<<ཀྲུང་གོར་འཕྱུར་བའི་རླབས་རྒྱུན་་་་་་་་་བོད་ནས་ཕྱུག་འགྱུར་ལ་བསྐྱོད་པ།>>ཞེས་པ་དེའི་ནང་གི་ཆང་ཁང་རྫིག་པོ་དེའི་འགོ་གཙོ་རེད། ཆང་ཁང་དེ་ནི་པོ་ཏ་ལའི་མདུན་དུ་ཡོད།
ཚོགས་འདུ་དེ་མ་འཚོགས་པའི་སྔོན་དུ། ཆང་ཁང་དེའི་ནང་ཟླ་འཁོར་གླ་ཕོགས་སྤྲོད་པའི་ཚོགས་ཆེན་ཐེངས་གཅིག་འཚོགས་པ་དང་། ཚོགས་ཐོག་ཏུ་བུད་མེད་ཚོང་གཡོག་གཉིས་ལ་གླ་ཆའི་ཐོག་ནས་རྩོད་རྙོག་བྱུང་ཤིང་། དེ་གཉིས་ལས་གཅིག་གིས་གཞན་དེར་“ སྙིང་རྗེ་མེད་པའི་ཁྱོད་རང་ ”ཞེས་མཛུབ་མོ་བཙུགས་ནས་སྡིགས་དམོད་བྱེད་བཞིན་འདུག


ཚོགས་རྭའི་མཐའ་བསྐོར་ན་གླ་ཆར་སྒུག་པའི་ལས་བཟོ་བ་མང་ཆེ་ཤོས་བོད་རིགས་རེད། ཁོང་ཚོར་སྣང་དོགས་ཅི་ཡང་མེད་པར་རྒྱུན་ལྡན་ལྟར་ཁུ་སིམ་མེར་རྩོད་རྙོག་དེར་བལྟས་ནས་བསྡད་ཡོད་ལ། ཁོང་ཚོའི་ཟླ་གཅིག་གི་གླ་ཆ་མཐོ་ཤོས་ནི་རྒྱ་སྒོར་ཆིག་སྟོང་ལྷག་དང་དམའ་ཤོས་ནི་རྒྱ་སྒོར་བརྒྱ་ཕྲག་ཁ་ཤས་ཡིན། གླ་ཆ་དེའི་ནང་ལ་འགྲོ་སོང་གཞན་པ་གཅིག་ཀྱང་མི་གཏོགས། ལས་བཟོ་བ་ཚང་མས་གོ་རིམ་ལྟར་དུ་རང་ཉིད་ཀྱི་གླ་ཆར་སྒུག་ནས་བསྡད་ཡོད།

བོད་མི་ཚོས་ཕྱོགས་གཅིག་ནས་ཆང་ཁང་དུ་གླ་བྱེད་ཞོར་སྒོར་མོ་བཙལ་བ་དང་། ཕྱོགས་གཞན་ཞིག་ནས་རང་ཁྱིམ་གྱི་སྣུམ་ཞུ་དང་། འདྲ་སྐུ། ཕྱིང་གདན་སོགས་གནའ་རྫས་ཀྱི་རིགས་ཕྱིར་བཙོང་བྱེད་བཞིན་འདུག དེའི་རིགས་ཆེད་དུ་ཉོ་མཁན་ཡོད་པ་དང་། བོད་མི་ཚོས་དེ་དག་ལ་རྒྱ་སྒོར་བརྒྱ་ཕྲག་ཁ་ཤས་སམ་ཡང་ན་སྟོང་ཕྲག་ཁ་ཤས། ད་དུང་ཁྲི་ཕྲག་ཁ་ཤས་ཀྱི་གོང་ཚད་ཡང་བཤད་ཀྱིན་ཡོད། ཉོ་མཁན་དེ་དུས་ངེས་གཏན་མེད་པར་གློ་བུར་གློ་བུར་དུ་ཡོང་བཞིན་ཡོད་ནའང་། བོད་མི་ཚོས་བསམ་བློ་ཅི་ཡང་མི་གཏོང་པར་ཅ་ལག་དེ་དག་ལ་རང་འདོད་ཀྱི་གོང་ཚད་རེ་བཤད་ཀྱིན་ཡོད། སྤྱི་ཁྱབ་ཀྲང་ལགས་ཀྱིས་བཤད་ན་བོད་མི་ཚོར་དཔལ་འབྱོར་མཁོ་སྒྲུབ་གྱི་འདུ་ཤེས་ཞན་པས། ཁོང་ཚོས་ཅ་དངོས་ཀྱི་གོང་ཚད་གང་འདོད་དུ་བཤད་ཀྱིན་ཡོད་ཟེར། ཡིན་ནའང་། ལོ་ངོ་བཅུ་ཕྲག་ཁ་ཤས་སམ་བརྒྱ་ཕྲག་ཁ་ཤས་སྔོན་གྱི་བོད་མི་ཚོས། ཀྲུང་གོ་གསར་བ་དབུ་བརྙེས་ནས་བོད་ལྗོངས་ཞི་བའི་བཅིངས་གྲོལ་ཐོབ་པའི་དུས་དེ་རིང་། རང་ཁྱིམ་ནས་ལྷག་བསམ་ཟོལ་མེད་ཀྱིས་དད་གུས་བྱེད་པའི་དངོས་པོ་དེ་དག་མི་རབས་རྗེས་མ་ཚོས་གང་འདོད་ཀྱི་གོང་ཚད་རེ་བཤད་པའི་ཚོང་རྫས་དུ་འགྱུར་འགྲོ་བ་ཡིད་ལའང་འཁོར་མྱོང་ཡོད་རྒྱུ་མ་རེད། ཅ་དངོས་དེ་དག་ལ་རིན་ཐང་ཅི་ཞིག་ཡོད་དམ།

ཆང་ཁང་གིས་དགོན་པའི་གྲྭ་བ་ཞིག་གདན་འདྲེན་ཞུས་ནས་ཆོས་ལུགས་ཀྱི་ཆོ་ག་བྱེད་ཞོར་སྐུ་མགྲོན་ཚོའི་ཆེད་དུ་སྨོན་ལམ་གསུང་གིན་ཡོད། སྤྱི་ཁྱབ་ཀྲང་ལགས་ཀྱིས་དགོན་པའི་མཁན་པོ་དང་གླེང་མོལ་ཡུན་རིང་བྱས་རྗེས་གཞི་ནས་མགུ་གང་བའི་རྣམ་འགྱུར་གྱིས་ཕྱིར་བུད་སོང་ལ། མཁན་པོའི་སྒྲོག་ཙེ་ཐོག་ཏུ་དམངས་སྒོར་བརྒྱ་ལོ་ཅན་བརྩེགས་རིམ་མཐུག་པོ་ཞིག་བཞག་འདུག

སྤྱི་ཁྱབ་ཀྲང་ལགས་ཀྱི་ཆང་ཁང་འདིའི་ཕྱི་ཚུལ་ནི་ཤར་ནུབ་མཉམ་སྡེབ་བྱས་པའི་བཟོ་བཀོད་ལྟ་ན་སྡུག་པ་ཞིག་ཡིན་ལ། སྒོ་འགྲམ་དུ་ཁྲུས་ཆུ་སྟོར་བ་དང་། ཁ་བཏགས་གཡོགས་པ། འབྲོང་རྩེད་བྱེད་པ། ནང་དུ་སོང་ན་གསེར་མདོག་གི་མཛེས་བཟོས་རྣམ་པར་བརྒྱན་ནས་བརྗིད་ཉམས་ལྡན་པ་དང་། སྐུ་མགྲོན་རྣམ་པར་གུས་ཞབས་བྱེད་པ། ནང་པའི་གུས་ལུགས་ལྡན་པའི་ཞབས་ཞུ་བ་སོགས་ཕྱོགས་ཀུན་ནས་བོད་ཀྱི་ཁྱད་ཆོས་མངོན་པའི་ཚོང་ལས་ཀྱི་ཁ་དབུགས་ལྡང་བཞིན་ཡོད། ལྷ་སར་སྤྲོ་གསེང་ལ་ཡོང་མཁན་རྣམས་ཀྱང་ཆེད་དུ་བོད་བརྒྱུད་ནང་བསྟན་ལ་དམིགས་ནས་ཡོང་བཞིན་ཡོད་པས། སྤྱི་ཁྱབ་ཀྲང་ལགས་ཀྱིས་ཀྱང་ “ འགྲེམས་སྟོན་ཁང་གི་རྣམ་པ་ལྟ་བུའི་ང་ཚོའི་ཆང་ཁང་འདིས་སྐུ་མགྲོན་ཚོའི་ཐུགས་འདོད་སྐོང་ངེས་ཡིན་ ”ཞེས་བཤད་ཀྱིན་ཡོད། དེ་བཞིན་ཁོའི་འགྲེམས་སྟོན་ཁང་འདིར་སྐུ་མགྲོན་ཚོས་གཟིགས་སྐོར་བྱེད་པ་མ་ཟད། ཅ་དངོས་ཚང་མའི་ཐོག་ཏུའང་ཤོག་བྱང་རེ་སྦྱར་ནས་སྐུ་མགྲོན་ཚོས་ཉོ་བར་རེ་སྒུག་བྱས་ནས་བསྡད་ཡོད། དེ་དག་ཚང་མ་རྒྱ་སྒོར་ཁྲི་ཡན་གྱི་ཚོང་ཟོག་རྐྱང་རྐྱང་རེད།

ལྷ་ས་གཅིག་པུའི་ག་ལ་ཚད། སྐམ་ས་ཆེན་མོའི་ས་ཕྱོགས་གང་དུ་སོང་ཡང་ཡུལ་སྐོར་སྤྲོ་འཆམ་གྱི་རྣམ་པའི་ཐོག་ནས་འཕེལ་རྒྱས་ལ་འགྲོ་བཞིན་ཡོད། ཐ་ན་རྩྭ་རྐང་གཅིག་ལའང་གཏོར་བརླག་བྱས་མྱོང་མེད་པའི་ནང་སོག་གི་ལྦའོ་ལོང་པེ་ལུའུ་རྩྭ་ཐང་ཆེན་མོའི་ཐོག་ཏུའང་ཆང་ཁང་མང་པོ་འཛུགས་སྐྲུན་བྱས་ནས། ཉིན་མཚན་དབྱེར་མེད་དུ་པི་ལྦང་རྟ་མགོ་མའི་དབྱངས་རྟ་འཁྱིལ་ཞིང་ཕར་འགྲོ་ཚུར་འོང་བྱེད་པའི་སྐུ་མགྲོན་ཚོའི་སྐེ་ལ་ཁ་བཏགས་གཡོག་བཞིན་ཡོད། ཡིན་ནའང་རྩྭ་ཐང་དེའི་ཐོག་ཏུ་འདྲ་སྐུའི་ཚབ་ཏུ་སྤྱང་པགས་དང་ཇིར་གུར་རྒྱལ་པོའི་སྐུ་འདྲ་སོགས་ཀྱིས་ཁེངས་པའི་རྣམ་པ་གཞན་ཞིག་ཡོད།

བོད་མི་ཚོས་ཅིའི་ཕྱིར་རྒྱ་ནག་དབུས་གཞུང་ལ་ངོ་རྒོལ་བྱེད་པ་དང་། གྲྭ་བ་ཚོས་ཅིའི་ཕྱིར་རང་སྲོག་གཅོད་པ་རེད། སྤོ་བོ་ཏཱ་ལའི་ལགས་ཀྱིས་ཅིའི་ཕྱིར་ཡང་དང་བསྐྱར་དུ་འཛམ་གླིང་ས་ཕྱོགས་ཀུན་ཏུ་བོད་ལ་རོགས་རམ་བྱེད་པར་འབོད་སྐུལ་ཞུ་བཞིན་ཡོད་པ་རེད། གལ་ཏེ་པོ་ཏ་ལའི་མདུན་གྱི་སྟོབས་འབྱོར་འདི་ནི་སངས་རྒྱས་ཀྱིས་བོད་མི་ཚོར་གནང་བའི་སྦྲང་རྩིའི་བྱིན་རླབས་ཤིག་ཡིན་ཚེ། ཁོང་ཚོས་ངུ་འབོད་བྱེད་སྲིད་དམ། ངོ་རྒོལ་བྱེད་སྲིད་དམ། ཕྱི་ཚུལ་ནས་བལྟས་ན་ཞིམ་མངར་ལྡན་པའི་སྟོབས་འབྱོར་འདི་ནི་དོན་ངོ་མར་དུག་གི་རིལ་བུ་ཞིག་དང་གཅིག་མཚུངས་རེད། བོད་དུ་ཡོང་ནས་ཚོང་ལས་གཉེར་བཞིན་པའི་ཕྱུག་བདག་ཚོས་དུག་གི་རིལ་བུ་འདིའི་ཕྱི་ངོས་ཀྱི་མངར་མོའི་ཆ་ཡོངས་སུ་ལྡག་ཚར་རྗེས་རོ་ཁ་ཞིང་སྲོག་རྩར་གནོད་པའི་རིགས་གཞི་ནས་བོད་མི་ཚོར་བསྐྱུར་ཡོད། རེད་ཡ། བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་ནས་དེང་རབས་ཅན་ལ་ཁ་ཕྱོགས་ཡོད་ནའང་། བོད་མི་ཚོས་མའོ་ཙེ་ཏུང་གི་པར་མགོ་བརྐོས་པའི་དམངས་སྒོར་གསོག་བཞིན་དེང་རབས་ཅན་གྱི་འཚོ་བར་གནས་ཐབས་བྱས་ནས་བསྡད་ཡོད། རང་ཉིད་ཀྱིས་དད་གུས་བྱེད་སའི་འདྲ་སྐུ་དེ་དག་རང་ཉིད་ཀྱིས་ཕྱིར་འཚོང་བྱེད་སྐབས་ཐབས་ཟད་འུ་ཐུག་གི་ནང་སེམས་ཀྱི་སྡུག་བསྔལ་དེ་སུ་ཞིག་གིས་རྟོགས་སྲིད་དམ། ད་དུང་དུས་དང་རྣམ་པ་ཀུན་ཏུ་ཇིང་གུར་རྒྱལ་བོ་ཞེས་མིང་གླེང་བ་ཙམ་གྱིས་མི་རིགས་ཀྱི་གཟི་བརྗིད་དུ་རློམ་པའི་སོག་པོ་ཚོས་དུས་དེ་རིང་ཁོང་ཉིད་ཚོང་རྟགས་ལ་བསྒྱུར་ནས། ཁོང་གི་སྐུ་འདྲ་གྲོག་མ་བཞིན་ཡུལ་སྐོར་མགྲོན་པོ་ཚོ་འགྲོ་སའི་ཆང་ཁང་རེ་རེ་དང་ཡུལ་སྐོར་སྤྲོ་འཆམ་བྱེད་སའི་ས་ཁུལ་དེ་དག་ལ་བཀྲམས་ནས་ཡོད་པའི་རྣམ་པ་འདི་མཐོང་དུས། པི་ལྦང་རྟ་མགོ་མའི་སྙན་འཇེབས་ཀྱི་འགྱུར་ཁུགས་དེ་ནི་ནང་སེམས་ཀྱི་གཏིང་རིམ་ནས་ཐོན་པའི་སྤྲོ་བ་ཞིག་ཡིན་མིན་ང་ལ་ཐེ་ཚོམ་སྐྱེས།
ལོ་ངོ་བཅུ་ཕྲག་འགའི་ཡར་སྔོན་དུ། ཏཱ་ལའི་བླ་མ་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་བའི་ཉིན་མོ་དེར། ཁོང་གི་མདུན་འདུག་པ་ཞིག་གིས་ཕེབས་སྐྱེལ་ཞུས་ཤིང་། ཁོང་གིས་བཤད་ན་“ངས་༧གོང་ས་མཆོག་གི་ཆོས་གོས་ཕུད་ནས་སྤྱིར་བཏང་གི་བོད་མིའི་གྱོན་གོས་མནབས་ཤིང་རྒྱབ་ཏུ་མེ་མདའ་ཐུང་ཐུང་ཞིག་ཁུར་ནས་ཐག་རིང་ལ་འགྲོ་བའི་རྣམ་པ་དེ་མཐོང་དུས། ང་ལ་བོད་ཀྱི་མདུན་ལམ་ནི་དེ་འདྲའི་མོག་མོག་ཞིག་ཡིན་པའི་ཚོར་སྣང་བྱུང་། ”་་་་་་་་་་

<<ཏཱ་ལའི་བླ་མ་བཙན་བྱོལ་ལ་ཕེབས་པའི་ཉིན་ཉེར་གཅིག་རིང་གི་ལམ་ཁ>>་ཞེས་པར་བལྟས་རྗེས་ཀྱི་ཚོར་སྣང་།

ངས་ནམ་རྒྱུན་ཨ་རིའི་རླུང་འཕྲིནVOAབརྒྱུད་ནས་དབྱིན་ཡིག་སྦྱོང་བཞིན་ཡོད་ལ། དེའི་ཐོག་ནས་རྒྱུན་དུ་སྤོ་བོ་ཏཱ་ལའི་བླ་མ་ལགས་ཀྱི་སྐུ་གཟུགས་མཇལ་ཐུབ་ཀྱིན་འདུག དུས་ད་ལྟའང་། དགོང་ལོ་བགྲེས་ཤིང་མཁས་མཛངས་ལྡན་པའི་དམ་པ་ཁོང་ཉིད་ཀྱིས་རང་གི་བྱིས་པའམ་བོད་མི་ཚོའི་བདེ་སྐྱིད་ཀྱི་ཆེད་དུ་འབད་པ་ལྷོད་མེད་གནང་བཞིན་ཡོད་པ་རེད། ཁོང་རྒྱ་གར་གྱི་ཆོས་དཔོན་ཞིག་དང་མཉམ་དུ་སྒྲོན་པའི་པར་དེས་ང་ལ་བག་ཆགས་ཟབ་མོ་བཞག་སོང་། སྐུ་པར་ཐོག་གི་ཏཱ་ལའི་བླ་མ་ནི་ལྷ་སྐུ་ཞིག་དང་འདྲ་བར། ཁོའི་ཐུགས་སྣང་འཇམ་ཤིང་བྱིན་དུ་ཆགས་པ། ཞི་བདེས་ཁེངས་པའི་ཞལ་ངོ་ན་གཡོ་ཟོལ་གྱི་དྲི་མ་མེད་པ་དང་། ཁྱད་དུ་འཕགས་ཤིང་སྙིང་ཉེ་བ། ཡང་ན་སྡུག་བསྔལ་གྱི་མིག་མདངས་ཤིག་ཀྱང་རང་བཞིན་གྱིས་མངོན་འདུག དེ་ནི་ལེན་ཧྥེས་ཨར་གྱི་བརྩམས་ཆོས་གྲགས་ཅན་ 《འཕགས་མ་ཞི་སི་ཡན》་གྱི་ཞལ་ངོས་ཀྱང་འགྲན་ཟླ་ཡོང་བ་ཞིག་མ་རེད། ཁོང་གིས་ཕལ་ཆེར་ཤེས་རབ་དང་སྡུག་བསྔལ་གང་མང་ཞིག་མཉམ་གཅིག་ཏུ་བསྡུས་ཡོད་པ་འདྲ།

ཉིན་ཁ་ཤས་སྔོན་དུ། ངས་ NHK ཡིས་སྒྲིག་སྦྱོར་བྱས་པའི་དངོས་མཚོན་གློག་བརྙན་《ཏཱ་ལའི་བླ་མ་བཙན་བྱོལ་ལ་ཕེབས་པའི་ཉིན་ཉེར་གཅིག་རིང་གི་ལམ་ཁ་>>ཞེས་པ་དེར་བལྟས་པ་ཡིན། དེར་བལྟས་རྗེས་ངས་ཏཱ་ལའི་བླ་མ་དང་བོད་རྒྱལ་ཁབ་བཙུགས་པའི་སྔོན་དང་དུས་འགོར་མྱངས་བའི་བརྒྱུད་རིམ། ད་དུང་ཁོའི་དྲི་མེད་དྭངས་གཙང་གི་འོད་ཟེར་དེའི་འབྱུང་ཁུངས་ཡང་ཤེས་སོང་། གློག་བརྙན་དེའི་མཇུག་ཏུ། བོད་མི་ཨ་ཐར་ལགས་ཀྱིས་ཨ་རིའི CIA ལ་བཏང་བའི་ཆེས་མཐའ་མཇུག་གི་གློག་འཕྲིན་ནང་གི་ཚིག་སྟེ། “ཟླ་༣པའི་ཚེས་༣༡ཉིན། ཏཱ་ལའི་བླ་མ་འཁོར་དང་བཅས་རྒྱ་གར་གྱི་རྒྱལ་མཚམས་ལ་བདེ་འཇགས་ངང་འབྱོར་ཡོད་ལ། ད་ལྟ་རྒྱ་ནག་དམར་ཕྱོགས་རང་ལུགས་པས་ཉི་མ་རེ་རེ་བཞིན་བོད་ལ་འབར་རྫས་ཉིས་སྟོང་རེ་གཡུག་བཞིན་ཡོད་པས། བོད་མིའི་དཀའ་སྡུག་འདི་འཛམ་གླིང་མི་དམངས་ལ་ཤེས་སུ་འཇུག་རོགས་” ཞེས་པ་འདིས་ང་ལ་མིག་ཆུ་བཞུར་དུ་བཅུག་སོང་།

གློག་བརྙན་འདི་བརྒྱུད་ནས་ངས་རང་སེམས་ན་རྒྱུན་རིང་བོར་གནས་པའི་ནོར་འཁྲུལ་ཅན་གྱི་བསམ་བློ་ཞིག་ངོས་འཛིན་ཐུབ་སོང་། ཆུང་དུས་སུ་ང་ཚོར་བོད་ནི་ཀྲུང་གོའི་ས་ཁོངས་ཡིན་པར་བཤད་ནས་ཤེས་སུ་བཅུག་པས། གནའ་དུས་སུ་ཕྱོགས་གཉིས་ཕན་ཚུན་བར་ལ་འབྲེལ་བ་ཡོད་པ་དང་། ཕྱོགས་གཅིག་གིས་ཕྱོགས་གཞན་ཞིག་ལ་རྟེན་འབུལ་དངུལ་རྫས་ཕུལ་བ། ཡང་ན་ཞིང་ཆེན་ཞིག་ཏུ་བགོས་པ་་་་་་་་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་རང་གི་ས་ཁུངས་འཁྲུལ་མེད་དུ་ངོས་འཛིན་བྱེད་པའི་ཇག་པའི་བསམ་བློ་དེ་རྟོགས་མ་ཐུབ་ལ། དེའི་རྐྱེན་གྱིས་བོད་ནི་ཀྲུང་གོའི་ས་ཁོངས་ཡིན་མིན་དང་བོད་ཀྲུང་གོ་གསར་བའི་ས་ཁོངས་ཡིན་པ་སུས་ཐག་གཅོད་བྱེད་པར་ངས་བསམ་བློ་ཡང་བཏང་མྱོང་མེད། གནའ་ནས་ད་བར་གྱི་རྒྱ་མིའི་བཙན་འཛུལ་གྱི་བྱ་སྤྱོད་དེར་དེང་དུས་ཀྱི་མི་རྣམས་ཀྱིས་ཀྱང་བསམ་ཞིབ་བྱེད་པ་ཕར་ཞོག དེ་ལས་ལྡོག་ཏེ་བྱས་རྗེས་དུ་བགྲངས་ནས་ངོ་བསྟོད་ཆེ་བརྗོད་ཀྱིས་ལོ་རྒྱུས་ཀྱི་བསླབ་གཞིའི་ནང་དུ་བཀོད་ཡོད་པ་རེད། ཕྱོགས་གཅིག་ནས་ང་ཚོའི་དམག་གིས་ཨ་རི་བཙན་རྒྱལ་རིང་ལུགས་དང་འཇན་པན་ཧྥ་ཞི་སིའི་བཙན་འཛུལ་ལ་རྒོལ་ལན་སློག་ཚུལ་བྲིས་ཤིང་། ཡང་ཕྱོགས་གཞན་ཞིག་ནས་བོད་ལ་ལས་སླ་བོའི་སྒོ་ནས་བཙན་འཛུལ་བྱས་ཚུལ་བྲིས། འདི་ནི་དོན་ངོ་མར་བཤད་རྒྱུན་ཁྲོད་ཀྱི་བཟང་རྫུ་ཞེས་པ་དེ་རེད་དམ་ཡང་ན་རིག་པ་རྣོ་དྲགས་པའི་བྱེད་སྟངས་ཤིག་རེད།

ཏཱ་ལའི་བླ་མ་ནི་བོད་མི་ཚོའི་བསམ་བློའི་རྒྱབ་རྟེན་དང་སྲོག་ཤིང་ལྟ་བུ་རེད། ཁོ་ཚོར་མཚོན་ན་ཏཱ་ལའི་བླ་མ་གང་དུ་བཞུགས་ན་དེ་ནི་བོད་ཡུལ་ཡིན་པར་བསམ་ཡོད། དེང་སྐབས་ཁོང་ཉིད་རྒྱ་གར་དུ་བཞུགས་ཀྱང་བོད་ཡུལ་ནི་མགོན་སྐྱབས་མེད་པའི་བྱིས་པ་བདག་མེད་ཅིག་གཏན་ནས་མིན་ཏེ། སངས་རྒྱས་ཀྱི་ཐུགས་ཀྱི་བྱིན་རླབས་འགྲོ་བ་ཀུན་ལ་སྙོམས་པར་འཕྲོ་བཞིན་ཡོད། གལ་སྲིད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དགོངས་པ་རྫོགས་ཀྱང་དེ་ནི་སྐུ་ཕུང་གི་ལུས་རྟེན་བརྗེ་བ་ཙམ་ལས་ཏཱ་ལའི་བླ་མ་སྔར་བཞིན་གནས་ཤིང་། བོད་མི་རིགས་ཀྱིས་ཁོང་ཉིད་ལ་བཅིངས་བའི་ལྷག་བསམ་རྣམ་དག་གི་དད་པ་དེ་ནམ་ཡང་བརྟན་པོར་གནས་ངེས་རེད།

གློག་བརྙན་གྱི་མཇུག་ཏུ། རྒྱ་གར་རྡ་རམ་ས་ལའི་བོད་མི་བགྲེས་སོང་ཞིག་གི་གཟུགས་པོ་སྒུར་ནས་གཞི་ལྟར་འཁྱོགས་ཡོད་ནའང་དད་པའི་ལག་ཟུང་གིས་ནང་པའི་ཆོས་ལུགས་ལ་དམིགས་སུ་ཡོད་པའི་མ་ཎི་འཁོར་ལོ་བསྐོར་བཞིན་མདུན་དུ་བསྐྱོད་སོང་། ཁོང་གི་དབྱངས་རྟ་དང་མཉམ་དུ་མ་ཎི་འཁོར་ལོ་ཐོག་གི་ཚིག་འབྲུ་རེ་རེ་ཡང་འཁོར་བཞིན་འདུག ཁོང་གིས་སངས་རྒྱས་ཀྱིས་བོད་མི་ཚོ་སྡུག་གི་རྒྱ་མཚོ་ལས་སྐྱོབ་པར་གསོལ་འདེབས་བྱེད་པ་ལོས་ཡིན། ཡང་བོད་མི་རྒན་པ་ཞིག་མདུན་གྱི་འབོལ་གདན་སྟེང་དུ་སོང་ནས་ཕྱག་འཚལ་བཞིན་འདུག ཐག་རིང་གི་ཆར་བའི་ནང་དུ་གྲྭ་བ་གཉིས་ཀྱིས་ཕན་ཚུན་བསྐྱོར་ནས་ཐག་རིང་ལ་བུད་སོང་་་་་་

“མི་ཚང་མར་མིག་གཉིས་ཡོད་ཀྱང་། རྒྱ་ནག་ཏུ་ཡོད་པའི་བོད་མི་ཚོས་སྐྱབས་མགོན་ཏཱ་ལའི་བླ་མར་མིག་གིས་ལྟ་བའི་རང་དབང་ཡང་ཡོད་པ་མ་རེད། ཁྱོད་ཀྱིས་བཤད་ན་འདི་ནི་དད་མོས་རང་དབང་རེད་དམ་མ་རེད། རྒྱ་ནག་གཞུང་གིས་ང་ཚོར་ཆོས་ལུགས་དད་མོས་ཀྱི་རང་དབང་མི་སྟེར་པར་དེ་ནི་ཁྲིམས་འགལ་རེད་ཟེར། ཐ་ན་༧གོང་ས་མཆོག་གི་སྐུ་པར་ཞིག་ཀྱང་བཤམས་ཆོག་པ་མ་རེད། འདི་ལ་དད་མོས་རང་དབང་ཟེར་རམ། ” ཞེས་བོད་ནས་གསར་ཏུ་རྒྱ་གར་རྡ་རམ་ས་ལར་བྲོས་བྱོལ་ལ་ཕེབས་པའི་བོད་མི་ཞིག་གིས་བཤད་བྱུང་།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to ཞོའོ་ཐོ་ཏོའུ། དངོས་མཚོན་གློག་བརྙན་དང་ངའི་སེམས་ནང་གི་བོད།

  1. དཔེ་ཡག་པོ་འདུག་་་་་་ངའི་སྐར་འཕྲིན་ཨང་Tibetan1992

  2. བཀྲ་ཤིས་དོན་གྲུབ་ ནས།

    སྙན་པོ་བྲིས་འདུག

  3. མགར་འཇམ་དབྱངས་ ནས།

    སྐར་ཁུང་དྲ་ཚིགས་འདི་ང་དང་དུས་གཏན་དུ་ཁ་མི་འབྲལ་བར་ཤོག འདི་ནི་ངའི་སེམས་གཏིང་གི་སྐད་ཆ་ཡིན།

Write a Reply or Comment

Your email address will not be published. Required fields are marked *

*