འཛུམ་མདངས་ཅན་གྱི་དཔའ་མོ་དང་མེ་ལ་བསྒྲོན་པའི་དཔའ་མོ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། ཁོ་ལོ་སྒྲིས་ཨར་པེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ད་ལོའི་ལོན་ཌོན་ཨོ་རྩེད་འགྲན་ཚོགས་ཀྱི་རྩེད་རིགས་ཁག་མཇུག་བསྒྲིལ་བ་རེད། རྒྱ་གར་གྱི་རྩེད་འགྲན་པ་ཚོའི་རྩེད་རིགས་གྲུབ་འབྲས་སྐོར་ལ་གླེང་སློང་ཅི་ཙམ་ཉུང་ན་དེ་ཙམ་གྱིས་ལེགས་པར་འདོད། རྒྱ་གར་གྱི་རྩེད་རིགས་བློན་ཆེན་མཆོག་དགའ་སྤྲོ་ཆེན་པོས་རྒྱ་གར་གྱི་མ་འོངས་ཨོ་རྩེད་གྱི་མདུན་ལམ་ནི་འོད་སྟོང་ལྡན་པ་ཞིག་ཏུ་གཟིགས་ཀྱི་ཡོད་བཟོ་འདུག་ཀྱང་། ཕྱིའི་དཔྱད་ཞིབ་པ་དག་གི་སྣང་ངོར་རྒྱ་གར་ནི་དཔལ་འབྱོར་ཡར་རྒྱས་ཀྱི་སྟོབས་ཤུགས་ཇེ་མཐོར་འགྲོ་བཞིན་པ་ཞིག་རྩེད་འགྲན་གྱི་ཐད་ནས་གནས་རིམ་གསུམ་པའི་ནང་དུ་ལྷག་འདུག་པར་ཆ་འཇོག་བྱེད་ཀྱི་ཡོད། གང་ལྟར་ད་ལོའི་རྒྱ་གར་གྱི་རྩེད་འགྲན་པ་དག་གི་གྲུབ་འབྲས་སྔོན་མའི་གནས་ཚད་ལས་བརྒལ་ཏེ་རྒྱལ་ཁའི་རྟགས་མ་ཁག་ཅིག་ལེན་ཐུབ་པ་དེ་ལ་རྗེས་སུ་ཡི་རངས་བྱེད་ཆོག ད་ལྟའི་ཆར་རྩེད་རིགས་བློན་ཆེན་སེམས་པ་སྤྲོས་བས་ཁེངས་ནས་ཡོད་པ་རེད། ཡིན་ནའང། བསྟུད་མར་ཚད་བརྒལ་གྱི་ཐབས་ལམ་དག་ལ་བརྟེན་ནས་བོད་པའི་གནས་སྟངས་ལ་འཛམ་གླིང་མི་མང་གིས་དོ་སྣང་ཡོང་བར་གཞོལ་གྱིན་པའི་བོད་པ་ཚོར་མཚོན་ན་རྒྱ་གར་རྩེད་རིགས་བློན་ཆེན་གྱི་སྤྲོ་སྣང་འདྲ་ཞིག་མེད།

བདུན་ཕྲག་སྔོན་མའི་ནང། བུ་ཕྲུག་ལོ་ལྔ་དང་གཉིས་ཅན་གྱི་ཨ་མ་ཡིན་པ་སྒྲོལ་དཀར་མཚོ་ཞེས་པའི་བོད་རིགས་བུད་མེད་ཅིག་གིས་མདོ་སྨད་གཙོད་དགོན་པའི་ཉེ་འགྲམ་ནས་གྱོན་གོས་བཤུས་ཏེ། རང་ལུས་མེར་བསྲེགས་བཏང་ཡོད། ཁོ་མོས་མེ་ལྕེའི་རླབས་རྒྱུན་ཁྲོད་དུ་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་པ་དང་བོད་རྒྱལ་ཁབ་ལ་རང་དབང་དགོས་བའི་འབོད་ཚིག་བསྒྲགས་ཡོད་ཪབས་གོ་རྒྱུ་འདུག། ཁོ་མོ་མེ་ཡིས་འཚིག་སྐྱོན་ཚབས་ཆེན་བྱུང་བའི་རྐྱེན་གྱིས་སྐུ་ཚེ་མ་ཟིན་པའི་གནས་སྟངས་ཆགས་ཡོད།

ཏག་ཏག་མདོ་སྨད་ཡུལ་ནས་ཡིན་པ་བོད་ཀྱི་བུད་མེད་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་ལོན་ཌོན་ལོ་ལིམ་ཕིག་རྩེད་འགྲན་གྱི་ཀི་ལོ་མི་ཌར་༢༠་ཅན་གྱི་འདུར་རྒྱུག་ཁྲོད་ཟངས་ཀྱི་རྟགས་མ་བླངས་བྱུང། རྒྱ་ནག་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། “ཁོ་མོ་བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་བོད་མོ་གཞན་རྣམས་ཀྱི་ལས་དབང་དང་མཚུངས་བར་མཚོ་བོད་མཐོ་སྒང་གི་རྩ་ཐང་ནས་ཕྱུགས་རིགས་འཚོས་ཏེ་འཚར་ལོངས་བྱུང་པ་དང། འཚོ་བའི་བར་གསེང་རེ་རེ་ནས་གླུ་དབྱངས་ལེན་པ་དང་དཀོན་མཆོག་ལ་གསོལ་འདེབས་བྱེད་པ་ནི་ཁོ་མོའི་བཞུད་ཟིན་པའི་ལོ་ཟླའི་ཕྱིར་དྲན་བྱེད་ཡུལ་གྱི་གཞི་མ་རེད། ཁོ་མོར་༢༠༠༨་ལོར་ཐོག་དང་པོར་གློག་བརྙན་བརྒྱུད་ཨོ་ལིམ་ཕིག་གི་རྩེད་རིགས་ལ་བལྟ་བའི་གོ་སྐབས་བྱུང་ཡོད།”

ན་གཞོན་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་འགྲན་བསྡུར་སྐབས་རྒྱ་ནག་གི་གསར་ཁང་ཞིག་གི་དྲི་བར་ལན་འདེབས་བྱས་དོན་ལྟར་ན། “ངས་འགྲན་བསྡུར་སྐབས་བློ་རྩེ་གཅིག་བསྒྲིམས་ཀྱིས་འབད་པ་ལྷུར་ལེན་བྱས་པ་ཡིན། གཡས་གཡོན་གྱི་ལྟད་མོ་ལྟ་མཁན་རྣམས་ཧ་ཅང་སྤྲོ་སྣང་ཆེན་པོ་འདུག་པས། ང་རང་གི་སྙིང་སྟོབས་དང་སེམས་ཤུགས་མི་ཉམས་པར་ཕན་ཐོགས་ཆེན་པོ་བྱུང་སོང།”ཞེས་ལན་འདེབས་བྱས་འདུག། ཁོ་མོའི་བེ་པོ་དྲ་ངོས་སུ་བོད་མི་མང་པོ་ཞིག་གིས་གཞེན་སྐུལ་དང་རྟེན་འབྲེལ་ཞུས་འདུག མི་ཞིག་གིས་འཁོད་དོན། “མདང་དགོང་ས་འདིར་གནས་པའི་བོད་མི་ཚང་མ་མཉམ་འཛོམས་བྱས་ཏེ་ཁྱེད་རང་རྒྱུག་ལམ་སྟེང་དུ་ཞུགས་པར་བལྟས་བ་ཡིན། ཁྱེད་ལ་རྩེད་འགྲན་གྱི་རྒྱལ་ཁའི་རྟགས་མ་ཞིག་ཐོབ་པས་ང་ཚོ་སྤྲོ་བས་བཟི་སོང། ཁྱེད་རང་ལ་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ། ཁྱེད་ཀྱིས་བོད་མི་རིགས་ལ་སྙན་གྲགས་དང་གཟི་བརྗིད་གང་མང་ལེན་པའི་རེ་བ་ཡོད།” ཡང་ཟིན་བྲིས་པ་གཞན་ཞིག་གིས་རྩོམ་མཆན་འཁོད་དོན། “རྩེད་འགྲན་གྱི་རྒྱུག་ཐེངས་མཐའ་མའི་དུས་ཚོད་ལ་ཁོ་མོའི་གདོང་པ་འཛུམ་གྱིས་ཁེངས་སོང་ཡང་། ངའི་མིག་ཟུང་སྤྲོ་སྣང་གི་མཆི་མས་གཡོགས་བྱུང།”

ལོན་ཌོན་འདུར་རྒྱུག་རྒྱུག་ལམ་སྟེང་གི་བློ་ཡུལ་ལས་འདས་བའི་ཆ་ཤས་ཤིག་ནི། རྒྱ་ནག་གི་རྒྱབ་སྐྱོར་བ་ཚོས་ཤུགས་རྒྱོབ་(加油)ཅེས་རྒྱ་སྐད་ཐོག་བརྗོད་པ་དང་། བོད་མི་རྣམས་ཀྱིས་ཁོ་མོར་“རྒྱུགས་”ཞེས་བོད་སྐད་ཐོག་སྐུལ་འདེད་བྱེད་བཞིན་འདུག གནད་དོན་འདིས་རྒྱལ་བ་རིན་པོ་ཆེས་བཏོན་པའི་དབུ་མའི་ལམ་གྱི་རྙོག་འཛིང་གི་གནད་དོན་ཞིག་དཔེར་མཚོན་ལྟ་བུར་དྲངས་པ་རེད། ཁོང་གིས་ཡང་དང་བསྐྱར་དུ་བཀའ་ཕེབས་དོན། “བོད་རང་བཙན་ནི་ལོ་རྒྱུས་ཀྱི་སྟེང་ནས་དངོས་ཡོད་གནས་ཚུལ་ཞིག་ཡིན་ཡང། ང་ཚོས་བོད་རང་བཙན་གྱི་དགོས་འདུན་འདོན་གྱི་མེད།”

དེར་བརྟེན། བོད་ཀྱི་དབུ་ཁྲིད་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་ལྟ་གྲུབ་འདི་ལྟར་འགྲེལ་བརྗོད་བྱས་ཡོད། “དབུ་མའི་ལམ་ནི་ཕྱོགས་གཉིས་ཆར་ཕན་ཞིང་མཐའ་གཉིས་སུ་མ་ལྷུང་བ་ཞིག་དང། ལྟ་གྲུབ་འདིས་འབྲེལ་ཡོད་ཀུན་གྱི་གལ་ཆེའི་ཁེ་ཕན་སྲུང་སྐྱོབ་ཐུབ་ཀྱི་ཡོད། བོད་པ་ཚོར་མཚོན་ན་དབུ་མའི་ལམ་ཀྱིས་བོད་པའི་ཆོས་དང་རིག་གཞུང། མི་རིགས་ཀྱི་ངོ་བོ་བཅས་མི་ཉམས་རྒྱུན་འཛིན་ཡོང་བར་ཕན་པ་དང། རྒྱ་ནག་གི་ཐད་ནས་མངའ་ཁོངས་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕན་ཐོགས་ཆེན་པོ་ཡོད་པ། བོད་དང་ས་སྦྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་དང་རྒྱལ་སྤྱིའི་འབྲེལ་ལམ་ཞི་བདེ་ལྷིང་འཇགས་ཡོང་ཐུབ།”

ལོན་ཌོན་དུ་རྒྱ་བོད་སྡེ་ཁག་གཉིས་ཆའི་སོ་སོའི་རྒྱལ་དར་བཟུང་ནས་ཡོང་ཡོད། རྩེད་འགྲན་པ་ཆོས་དབྱིངས་སྐྱིད་འཛུལ་ཞུགས་བྱས་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དར་ཆ་དམར་པོ་དང། ཁོ་མོའི་བོད་རིགས་རྒྱབ་སྐྱོར་བ་དག་གིས་འཕྱར་བའི་གངས་སེང་རྟགས་ཅན་གྱི་བོད་པའི་དར་ཆ་གཉིས་ཡོད། གནད་དོན་འདིས་དབུ་མའི་ལམ་གྱི་དགོངས་དོན་དང་ལངས་ཕྱོགས་ལག་ལེན་ཏུ་བསྟར་བ་མ་རེད་དམ། ལོན་ཌོན་དུ་ཁོ་མོའི་རྒྱ་བོད་གཉིས་ཀྱི་རྒྱབ་སྐྱོར་བ་དག་ཤོག་ཁག་གཉིས་སུ་ཕྱོགས་མ་འདྲ་བར་ཡོད་ཀྱང། ཟངས་ཀྱི་རྟགས་མ་ལེན་མཁན་ཆོས་དབྱིངས་སྐྱིད་གསར་འགོད་གསལ་བསྒྲགས་ཀྱི་སྐབས་སུ་ཁ་ཁུ་སིམ་མེར་བསྡད་པའི་རྒྱུ་མཚན་དེ་མི་སུ་ཡིན་ཡང་གསལ་བོ་རྟོགས་ཀྱི་རེད། ཆོས་དབྱིངས་སྐྱིད་ལ་རྩེད་འགྲན་དངོས་སུ་བྱེད་པ་ལས་གསར་འགོད་པ་དག་ལ་ལན་འདེབས་བྱེད་རྒྱུ་དེ་ཁག་པོ་བྱུང་ཡོད་ཐག་ཆོད་རེད། གང་ལེགས་ཤེ་ན། བོད་དོན་ནི་ཧ་ཅང་རྙོག་འཛིང་གི་རང་བཞིན་ཅན་ཞིག་རེད། བཙན་བྱོལ་ནང་གི་བོད་མི་སྐྱབས་བཅོལ་བ་དག་དབུ་མའི་ལམ་གྱིས་མགོ་བོ་རྨོངས་སུ་བཅུག་པ་ནི། ཡང་སྙིང་བུ་མོ་ཆོས་དབྱིངས་སྐྱིད་རྒྱ་མའི་འདུར་རྒྱུག་ལུས་རྩལ་བ་ཞིག་རེད་དམ། ཡང་ན་བོད་ཀྱི་འདུར་རྒྱུག་ལུས་རྩལ་བ་ཞིག་ཡིན་པའི་དྲི་རྟགས་བཀོད་པ་དེ་རེད།

ཕྱི་སྡོད་བོད་མི་ཞིག་གིས་ཨེ་པེས་གསར་ཁང་གི་གསར་འགོད་པར་ལན་འདེབས་གནང་དོན། “ང་རང་མི་སྒེར་གྱི་ངོས་ནས་ཁོ་མོར་སྤོབས་པ་བྱེད་ཀྱི་ཡོད་ཀྱང་། ཁོ་མོས་རྒྱ་ནག་གི་སྐུ་ཚབ་མཚོན་གྱི་ཡོད་པ་དེ་བློ་ལ་འབབ་ཐུབ་གྱི་མི་འདུག།” ལྟ་སྟངས་འདི་རྒྱ་གར་གྱི་ཁུ་ཚུར་རྩལ་འགྲན་པ་མེ་རིས་ཀོམ་(Mary Kom)ལ་མཚོན་ན་དཀའ་ངལ་ཞིག་ཆགས་ཀྱི་མེད། ཁོ་མོ་རྒྱ་གར་བ་ཞིག་ཡིན་པ་དང་དུས་མཉམ་དུ་མ་ནེས་པོར་(Manipur)གྱི་མི་ཞིག་ཡིན་ཆོག་པ་ཞིག་རེད། འོན་ཀྱང་གནད་དོན་འདིས་རྒྱ་ནག་དམར་གཞུང་ལ་དཀའ་རྙོག་ཅིག་སྤྲོད་ཀྱི་ཡོད།(སྟབས་ལེགས་པ་ཞིག་ལ། རྒྱ་ནག་གི་རྟགས་མའི་ཁ་གྲངས་དེ་རྒྱ་གར་ལས་མང་བ་ཡོད་ཀྱང་རྒྱ་གར་ནི་རྒྱ་ནག་མ་ཡིན་པ་དེ་རེད།)

“འོན་ཀྱང་།འདི་ནི་དབུ་མའི་ལམ་གྱི་ངོ་བོ་དངོས་མ་དེ་མ་རེད་དམ།”

ང་རང་ངོས་ནས་བོད་ལ་ཆོས་དབྱིངས་སྐྱིད་ལྟ་བུ་མང་དུ་འགྲོ་བ་དང་། སྒྲོལ་དཀར་མཚོ་ལྟ་བུ་ཉུང་དུ་འགྲོ་བའི་རེ་སྨོན་བྱེད་ཀྱི་ཡོད། དེ་ནི་ངས་བུ་ཕྲུག་གཉིས་ཡོད་པའི་ཨ་མ་ཞིག་གིས་རང་སྲོག་བློས་གཏོང་བྱེད་པའི་སྙིང་སྟོབས་དེ་ལ་ངོས་ལེན་དང་གོང་བཀུར་མི་བྱེད་པ་མ་ཡིན་པར། ཨོ་རྩེད་འགྲན་ཚོགས་སྟེང་དུ་རྒྱལ་ཁའི་རྟགས་མ་ཞིག་ཐོབ་པར་ཡང་བློས་གཏོང་མང་པོ་བྱེད་དགོས། བསམ་བློ་ཞིག་ཐོངས་དང། གལ་ཏེ་བཙན་བྱོལ་སྤྱི་ཚོགས་ནང་གི་གཞོན་སྐྱེས་ལྔ་ཙམ་གྱིས་ཨོ་རྩེད་ཀྱི་རྒྱལ་ཁའི་རྟགས་མ་རེ་ལེན་ཐུབ་པའི་དབང་དུ་བཏང་ན།(ཁོང་ཚོས་རྒྱ་གར་མི་སེར་གྱི་ངོ་བོའི་ཐོག་ནས་འགྲན་བསྡུར་ལ་འཛུལ་ཞུགས་བྱེད་དགོས་ཐུག་གི་རེད།)བོད་མིའི་རང་དབང་འཐབ་རྩོད་ལ་ཏན་ཏན་ཤུགས་རྐྱེན་ཆེན་པོ་ཞིག་སྤྲོད་ཀྱི་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད། བོད་རིགས་གཞོན་སྐྱེས་མང་པོ་ཞིག་གི་གཟུགས་གཞི་ཧ་ཅང་བདེ་པོ་ཡོད། ཁ་ཤས་ཤིག་གིས་རྒྱ་གར་དང་པ་ཀི་སི་ཐན་ཀྱི་ས་མཚམས་ས་ཆན་(Sachian)འཁྱགས་ཀློང་དང་ཧི་མ་ལ་ཡའི་འདབས་ནས་རྒྱ་གར་གྱི་རྒྱལ་དར་འོག་ཏུ་དམག་འཐབ་བྱས་ཡོད།(ལྷག་པར་དུ་བོད་ཀྱི་དམིགས་བསལ་མཐའ་མཚམས་སྲུང་དམག་དང་མཉམ་དུ་དམག་འཐབ་ལ་ཞུགས་ཡོད།)

“ཆོས་དབྱིངས་སྐྱིད་ཀྱི་རྒྱལ་ཁ་འདིས་བོད་རིགས་གཞོན་སྐྱེས་གང་མང་ཞིག་གི་བློ་ཁ་རྩེད་རིགས་ལ་ཕྱོགས་པའི་ཤུགས་རྐྱེན་གསར་བ་ཞིག་སློང་ཐུབ་ཀྱི་རེད་དམ།” ཨོ་ལིམ་ཕིག་གི་རྒྱལ་ཁའི་རྟགས་མ་ཞིག་ཐོབ་པར་ངེས་པར་དུ་ལོ་༡༠དང་༡༥རིང་གི་འབད་བརྩོན་དང་བློས་གཏོང་དགོས་བ་རེད། ངས་སྒྲོལ་དཀར་མཚོ་གཙོས་པའི་རང་ལུས་མེར་བསྲེགས་གཏོང་མཁན་གྱི་དཔའ་བོ་རྣམས་ཀྱི་བློས་གཏོང་ལ་མཐོང་ཆུང་བྱས་པ་མིན་ཡང། མདོར་བསྡུས་ན། ངས་རང་སྲོག་ཕུལ་བའི་དཔའ་མོ་ཞིག་ལས་འཛུམ་གྱིས་ཁེངས་བའི་དཔའ་མོ་ཞིག་འདམ་ང་བྱེད་ན་འདོད།

(ཁི་ལོ་སྒྲེས་ཨར་པེས་ནི་ཧྥ་རན་སའི་རྩོམ་པ་པོ་དང་གསར་འགོད་པ། ལོ་རྒྱུས་སྨྲ་བ། བོད་རིག་པ་བ་ཞིག་ཀྱང་ཡིན་ལ་ད་ཆ་ཁོང་རྒྱ་གར་དུ་བཞུགས་ཀྱི་ཡོད།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 7 བཀོད་འདུག

7 Responses to འཛུམ་མདངས་ཅན་གྱི་དཔའ་མོ་དང་མེ་ལ་བསྒྲོན་པའི་དཔའ་མོ།

  1. ནོར་བུ་བཟང་པོ། (ཆུ་ཐིགས་སྔོན་མོ) ནས།

    ཞིབ་ཀློག་ཅིག་བྱས་པ་ཡིན་་་ཧ་ཅང་ཡག་པོ་འདུག་་་་སྐར་ཁུང་དྲ་བའི་རྩོམ་སྒྲིག་པ་ཡོང་ལ་སྙིང་ཁུང་ནས་ཐུགས་རྗེ་ཆེ་ཞུ།

  2. བློ་བཟང་བཟོད་པ་ ནས།

    རྩོམ་ཡིག་འདི་ནི་བཙན་བྱོལ་བའི་གཞོན་སྐྱེས་ཚོར་དམིགས་གསལ་དྲན་བསྐུལ་དང་། སློབ་གསོ་ཞིག་ཡིན་འདུག་ན་དེ་ནི་སྒྲུབ་འོས་པའི་བྱ་བ་ཞིག་ཡང་ཡིན་ལ་། གཞོན་སྐྱེས་ཚོས་ཁ་སྟོང་ཚོར་གཏམ་དང་། ཁ་ཡང་གི་ཆབ་སྲིད་དུ་མི་འཇུག་པར་ཆོས་དབྱིངས་སྐྱིད་ལྟ་བུ་ཞིག་ཐོན་རྒྱུར་རེ་བསྐུལ་ཡོད། རྩོམ་པོ་ཐུགས་རྗེ་ཆེ།།།།

  3. ཨ་ནུ་ཐང་བསོད་ནམས་ ནས།

    ལུང་པ་མེད་ཀྱང་རང་ཨོལ་རྩལ་ལ་ཞུགས་ཆོག་པའང་མོས་ཤེས་ཀྱི་མི་འདུག

  4. རྒྱ་ནག་གི་ལྐོག་བཟའ་རུལ་སོང་གི་གནད་དོན་གླེང་ཡོང་དུས། འུ་བཙན་བྱོལ་བས་ཀྱང་གཙང་སེལ་མ་ཐུབ་པའི་གནད་དོན་མང་མང་ཞིག་ལྷག་བསྡད་ཡོད་པ་འདི་སུས་གཙང་སེལ་བྱེད་རོགས་བྱེད་ན་སྙམ་པའི་རེ་བ་དང་ཡིད་སྨོན་ཞིག་ཤོར་སོང་། །

  5. ཀུན་དགའ་ ནས།

    རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་སྲིད་གཞུང་གི་སྲིད་སྐྱོང་སོགས་ནི་བོད་མི་མང་གི་བླ་ན་མེད་པའི་སྐྱབས་མགོན་ཡིན་། གཞིས་ཁྱིམ་བོད་སྤུན་ཟླ་མང་པོས་རང་ལུས་མེར་བསྲེགས་བཏང་བས་།གལ་ཏེ་ཁོང་གིས་བོད་རང་དབང་དང་རྒྱལ་བ་རིན་པོ་ཆེའམ་བཙན་བྱོལ་བོད་མིས་བོད་ནང་ཕྱིར་ཆེད་ན་བཙན་བྱོལ་བོད་་མི་རང་ལུས་མེར་སྲེག་མ་གཏོང་གི་རྒྱུ་མཚན་ག་རེ་ཡོད་། ༧གོང་ས་མཆོག་དང་རང་གཞུང་གི་སྲིད་སྐྱོང་སོགས་ཀྱིས་ལས་འགུལ་མཚམས་འཇོག་ཀྱི་འབོད་སྐུལ་གནང་གི་འགན་ཁུར་ཡོད་དམ་།

  6. སྦྱིན་པ་ ནས།

    མོ་ཙེ་ཏུང་གིས་སྐྱེས་པ་རླབས་ཆེ་ཞིང་། ཤི་བ་གཟི་བརྗིད་ཆེ་ཟེར་བ་དེ་བདེན་སེ་འདུག

  7. རྩོམ་ཡིག་འདི་བཀླགས་རྗེས་ངར་དམིགས་བསལ་གྱི་སེམས་ཚོེར་ཞིག་བྱུང་བ་ནི། མ་འོངས་པར་བོད་ཀྱི་བུ་ཕྲུག་ཚོ་རྒྱལ་ཁབ་གཞན་གྱི་དར་ཆའི་འོག་ནས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུ་དེ་མ་ཡིན་པར། བོད་རང་ཉིད་ཀྱི་དར་ཆ་འཕྱར་དེ་ཨོ་རྩལ་འགྲན་ཚོག་སུ་གཟི་བརྗིད་ངང་འཛུལ་ཞུགས་བྱ་ཐུབ་བམ་སྙམ་པ་དེ་རེད།

Write a Reply or Comment

Your email address will not be published. Required fields are marked *

*