པོ་ཞི་ལེ། ལན་བཏབ་མེད་པའི་དྲི་བ་དག


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཕེ་རེས་ལིན་ཁུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་དམར་ཕྱོགས་ཚོགས་པས་དུས་རྒྱུན་དུ་མཛེས་རྒྱན་སྤྲོས་པའི་ཕྱི་རོལ་ཞིག་བརྒྱུད་ནས་ཆབ་སྲིད་ཀྱི་“ངོ་གདོང་”རྒྱུན་འཁྱོང་ཡོང་བར་ངོས་འཇམ་པོའི་ཕྱི་ཚུལ་ལ་ནན་བཤད་བྱེད་ཀྱི་ཡོད། མཐོ་རིམ་དཔོན་པོ་ཚོས་ཁོང་ཚོའི་སྐྲ་མདོག་ནག་པོར་བསྒྱུར་དགོས་ཤིང་སྐྲ་རྐང་ཉག་མ་རེ་རེའང་ངེས་པར་དུ་ཨ་འགྲིག་ཆ་འགྲིག་ཡིན་དགོས། ཡིན་ནའང་། མཚམས་རེར་འཇམ་ཤིག་ཤིག་གི་དཀྱིལ་ནའང་སེར་ཁ་ཡོད་ཅིང་། ཕྱི་ལོག་གི་མི་ཚོར་དེའི་ལྟག་རྒྱབ་ཏུ་ཡོད་པའི་ནག་ཚོགས་ལྟ་བའི་འཇིག་རྟེན་དེར་མིག་བལྟ་འཁྱུག་ཙམ་རེ་བྱེད་དུ་འཇུག་གིན་ཡོད།

སྤྱི་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ཁང་གིས་པོ་གུའུ་ཁེ་ལེ་དང་ཁོང་མོའི་ལག་རོགས་གཉིས་ལ་མི་གསོད་ཁྲག་སྦྱོར་གྱི་སྐྱོན་འཛུགས་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད། པོ་གུའུ་ཁེ་ལེ་ནི་པོ་ཞི་ལེ་ཡི་ཆུང་མ་ཡིན་ཞིང་། ཁོང་ནི་དམར་ཕྱོགས་ཚོགས་པའི་“རྒྱལ་སྲས”་དང་མའོ་ཙེ་ཏུང་གི་ཆེས་འབྲེལ་འདྲིས་ཟབ་པའི་གྲོགས་པོ་ཞིག་གི་བུ་ཡིན། ཉེ་ཆར་བར་དུ་ཁོང་ནི་རྒྱ་ནག་དམར་ཕྱོགས་ཚོགས་པའི་མཁའ་དབྱིངས་ན་འོད་འཚེར་འཚེར་ངང་འཆར་གྱིན་པའི་སྐར་མ་ཞིག་ཡིན། མི་གསོད་ཁྲག་སྦྱོར་གྱི་གནོད་འཚེ་ཕོག་ཡུལ་ནི་ཨིན་ཇིའི་མི་སེར་ནེལ་ཧད་བོ་ཌུའུ་ཡིན་སྟབས་འཛམ་གླིང་གི་གསར་འགྱུར་རྒྱུད་ལམ་དག་གི་ནང་དུ་“ངོ་ཚ་ཁ་སྐྱེངས”་ཞེས་པའི་ཐ་སྙད་ཅིག་བེད་སྤྱོད་གཏོང་བཞིན་ཡོད། ཡིན་ནའང་། ང་པེ་ཅིན་གྱི་མགོ་ཁྲིད་ཚོའི་སེམས་ནང་ལ་ངོ་ཚ་ཁ་སྐྱེངས་ལྟ་བུའི་ཚོར་བ་གང་རུང་གིས་འགེངས་ཡོད་མེད་དོགས་པ་སྐྱེ་ཡི་ཡོད། དེ་ལས་ལྷག་པ་མང་པོ་ཞིག་ཆགས་འཇིག་གི་ཉེན་ཁར་ཐུག་ཡོད།

འདས་པའི་ལོ་ངོ་ནང་པོ་ཞི་ལེ་ཡིས་ཁོང་ཚོའི་ལམ་ལུགས་ཡོམ་ཡོམ་བྱེད་དུ་བཅུག་ཡོད་ཅིང་། དེ་ནི་ད་དུང་ཡང་ཁྱ་རེ་ཁྱོ་རེ་བྱེད་ཀྱི་ཡོད། ཧད་བོ་ཌུའུ་ཡི་དོན་རྐྱེན་གྱིས་རྒྱ་ནག་གི་འཛིན་སྐྱོང་ལམ་ལུགས་སྐོར་ལ་གཞི་རྒྱ་ཆེ་བའི་དྲི་བ་མང་པོ་ཞིག་གླེང་སློང་གནང་གི་ཡོད། ཉེ་ཆར་གྱི་ཉིན་འདི་ཚོར་ངས་རྒྱ་ནག་གི་ཆབ་སྲིད་ལམ་སྲོལ་ལ་དཔྱད་བརྗོད་སྤེལ་མཁན་གྲགས་ཅན་རྒྱ་མི་གྲོགས་པོ་ཁ་ཤས་ཤིག་ལ་གནས་སྟངས་འདིའི་སྐོར་ཁོང་ཚོའི་ལངས་ཕྱོགས་ག་རེ་ཡིན་མིན་གོ་བའི་ཆེད་དུ་ཁ་པར་བཏང་བ་ཡིན། ཁོང་ཚོ་ལ་ལ་ཞིག་བཙན་བྱོལ་དུ་ཡོད་ཅིང་གཞན་པ་ཚོ་རྒྱ་ནག་ཏུ་ཡོད་པ་རེད། རྒྱ་ནག་ཏུ་ཡོད་མཁན་ཚོར་ངས་གནམ་ཀླད་(Skype)བརྒྱུད་ནས་འབྲེལ་བ་གནང་གི་ཡོད། ང་མི་བུ་འདི་ཚོའི་ཕྱོགས་སུ་ཁ་འཁོར་བའི་རྒྱུ་མཚན་ནི་ཁོང་ཚོས་སོ་སོའི་ག་རེ་བསམ་གྱི་ཡོད་པ་ཇི་མ་ཇི་བཞིན་བརྗོད་ཆེད་རིན་ཐང་ཞིག་ཕུལ་ཡོད་པའམ་འབུལ་བར་འདུན་པ་ཡོད་པ་གསལ་གསལ་ཐིང་ཐིང་བཟོ་མཁན་གྱི་མི་བུ་ཡིན་པས་ཡིན། དེ་ལྟ་ནའང་། གཤམ་ནས་ངས་མི་བུ་ཁ་ཤས་ཀྱི་མཚན་བོས་ཡོད་པ་འདིས་ཁོང་ཚོས་སྔ་ས་ནས་བརྒྱུད་ལམ་གང་རུང་ལ་རང་གི་བསམ་ཚུལ་སྤེལ་ཡོད་པ་ཁོ་ན་སྟོན་ཆེད་ཡིན།

སུའུ་ཞའོ་ཁང་ནི་དྷེ་ལཱ་ཝར་(Delaware)ནང་བཙན་བྱོལ་དུ་གནས་ཡོད་པའི་ཕུལ་བྱུང་རྩོམ་པ་པོ་ཞིག་ཡིན། “གསང་སྒམ་ནག་པོའི”་དཀའ་ངལ་ནང་དུ་དེ་སྔ་ཐོག་མ་ལྷུང་མཁན་ཁོང་གཅིག་པུ་མ་རེད། འདི་འདྲའི་གསང་རྒྱ་དམ་པོའི་ཆབ་སྲིད་ལམ་ལུགས་ཤིག་གི་ནང་ལ་འཚོལ་ཞིབ་གནང་སྐབས་དབྱེ་ཞིབ་པ་ཞིག་གིས་ངེས་པར་དུ་བྱེད་དགོས་པའི་ལས་ཀ་ཐོག་མ་ནི་གང་ཞིག་ཡོངས་གྲགས་ཡིན་པ་དང་གང་ཞིག་ཚོད་དཔག་བྱེད་དགོས་པ་གཉིས་ཐ་དད་དུ་འབྱེད་དགོས་པ་དེ་ཡིན། ང་ཚོས་གཤམ་གསལ་གྱི་དོན་གནད་འདི་ཚོ་ལས་ཅུང་ཙམ་མང་བ་ཤེས་ཀྱི་ཡོད་སྟེ།

•པོ་ཞི་ལེ་མི་དམངས་ས་ཡ་སུམ་ཅུ་བརྒལ་བའི་ཁྲུང་ཆེན་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཡིན་སྐབས། ཁོང་གིས་མའོ་ཙེ་ཏུང་དྲན་པའི་གདུང་འབོད་ཀྱི་སྲིད་བྱུས་དེ་ཕལ་ཆེར་ལོ་ངོ་ལྔའི་རིང་ལ་ལག་བསྟར་བརྒྱུད་དེ་མི་དམངས་ཀྱིས་ལྐོག་ཟ་རུལ་སུངས་ལ་བཅངས་པའི་ཞེ་འཁོན་དེ་ཆབ་སྲིད་ཀྱི་མ་རྩ་ཞིག་ཏུ་བརྗེ་སྒྱུར་བྱས་ཡོད། དེ་སྔ་ཁོང་གིས་རྒྱ་ནག་གི་རྩེ་ཕུད་དེ་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ནང་གོ་ས་ཞིག་ལེན་པར་ཆགས་ཞེན་སྐྱེས་པར་ཡོངས་གྲགས་སུ་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། དེའི་མཚུངས་སུ་པོ་དང་ཁོང་གི་ཆུང་མས་རྒྱུ་ནོར་རྒྱ་ཆེན་པོ་ཞིག་༼༡༽གསོག་འཇོག་བྱས་ཡོད་པ་རེད། རྒྱུ་ནོར་ལ་ལ་ཞིག་སྤྱི་ལོ་༡༩༩༠ལོར་ཏ་ལིན་(Dalian)དུ་གྲུའི་རླུང་གཡོར་གྱི་འཕྲེད་ཤིང་བཟོ་སྐྲུན་གནང་སྐབས་ཁེ་ལས་པ་ཚོས་ཁོང་ལ་ལག་རྟགས་སྤྲད་པ་མངོན་གསལ་དོད་པོ་རེད། ཏ་ལིན་གྲོང་ཁྱེར་ནི་རྒྱ་ནག་གི་ཤར་ཕྱོགས་སུ་ཡོད་ཅིང་དེ་རུ་པོ་ཞི་ལི་ཡིས་ཕལ་ཆེར་ལོ་ངོ་བརྒྱད་རིང་གྲོང་ཁྱེར་སྤྱི་ཁྱབ་པ་གནང་ཡོད། ལ་ལ་ཞིག་ཁྲུང་ཆིན་དུ་ལྐོག་ཟ་རུལ་སུང་གི་ལས་འགུལ་༼༢༽སྤེལ་སྐབས་ཁོང་དང་ཁོང་གིས་ཉེན་རྟོག་པས་ལྐོག་ཟ་རུལ་སུང་ཅན་གྱི་ཁེ་ལས་པ་དག་གི་ལག་ནས་བདག་བཟུང་བྱས་ཡོད། ཡིན་ནའང་། བདག་བཟུང་བྱས་པའི་མ་དངུལ་ཚང་མ་མི་དམངས་ཀྱི་མདུན་ལ་ད་བར་དུ་འཁྱེར་ནས་ཡོང་མེད་པ་མཐོང་གསལ་རེད།

•སྤྱི་ལོ་༢༠༡༡ལོའི་ཟླ་༡༡པའི་ཚེས་༡༤ཉིན་སྐུ་ཞབས་ནེལ་ཧེ་བུའུ་སྒྲི་ཁྲུང་ཆིན་གྲོང་ཆེར་གྱི་ནན་ཧྲན་ལི་ཅིང་གུང་གསེང་མགྲོན་ཁང་དུ་བཀྲོངས་ཡོད། ཁོང་ནི་རྒྱ་ནག་ཏུ་ལས་ཀ་བྱེད་བཞིན་པའི་ཨིན་ཇིའི་མི་སེར་ཞིག་ཡིན་ཞིང་། པོ་ཞི་ལེ་ཁྱིམ་ཚང་གི་བློ་ཐག་ཉེ་བའི་སློབ་སྟོན་ཞུ་ས་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱིན་ཡོད།

•སྤྱི་ཟླ་༢པའི་ཚེས་༢ཉིན་ཁྲུང་ཆིན་གྲོང་ཁྱེར་ནང་པོ་ཞི་ལེ་ཡི་ལམ་སྟོན་འོག་ཉེན་རྟོག་པའི་འགོ་གཙོ་བྱེད་བཞིན་པའི་ཝང་ལི་ཅུན་གློ་བུར་དུ་གོ་གནས་དེ་ལས་གནས་དབྱུང་བཏང་ཡོད། ༼ཁོང་གིས་དེ་སྔ་སྤྱི་ལོ་༡༩༩༢་ལོ་ནས་བཟུང་ཏ་ལིན་དུ་འང་པོ་ཞི་ལེ་ལ་ལས་ཀ་བྱས་མྱོང་ཡོད་འདུག༽ ཉིན་བཞིའི་རྗེས་ནས་ལེ་དབར་༢༠༠་མཚམས་སུ་ཡོད་པའི་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་ཨ་རི་གཞུང་ཚབ་ཁང་ལ་སྲུང་སྐྱོབ་ཀྱི་སྐྱབས་བཅོལ་ཞུས་ཡོད་པ་དང་། ཁོང་གིས་ཨ་རིའི་གཞུང་ཞབས་པ་དག་ལ་ཧེ་བུའུ་སྒྲི་རྐྱེན་ལམ་དུ་བཏང་བ་ཁུངས་སྐྱེལ་ར་སྤྲོད་དང་བཅས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། ༼ད་དུང་གནད་དོན་གཞན་པ་ག་རེ་བཤད་ཡོད་དམ།༽ ཨ་རི་བ་ཚོས་གནས་ཚུལ་འདི་ཨིན་ཇི་སྲིད་གཞུང་ལ་བགོ་འགྲེམས་བྱས་ཡོད་ཅིང་། དེའི་རྗེས་སྐུ་ཞབས་ཝང་རྒྱ་ནག་གི་དོ་དམ་ཚན་པར་གློད་གྲོལ་བཏང་ཡོད།

•སྤྱི་ཟླ་༤པའི་ཚེས་༡༠ཉིན་རྒྱ་ནག་དམར་ཕྱོགས་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་གིས་པོ་ཞི་ལིས་“སྒྲིག་ཁྲིམས་ལ་ཚབས་ཆེ་བའི་བརྩི་མེད”་བཏང་སྟབས་དེ་སྔ་རྟོག་ཞིབ་འོག་ཡོད་པ་དང་རྒྱ་ནག་དམར་ཕྱོགས་ཚོགས་པའི་དབུས་ཨུ་ཡོན་ལྷན་ཁང་ནས་གནས་དབྱུང་བཏང་ཡོད་པའི་གསལ་བསྒྲགས་བསྐྱངས་ཡོད།

•སྤྱི་ཟླ་༧པའི་ཚེས་༢༦ཉིན་བོ་ཞི་ལི་ཡི་ཆུང་མས་ཧེ་བུའུ་སྒྲི་ལྐོག་གསོད་བྱས་པ་དང་དེའི་བདེན་དཔང་ནི་དངོས་ཡོད་དང་དགག་པ་ཐེབས་ཐབས་བྲལ་ཞེས་པའི་གཞུང་འབྲེལ་གསལ་བསྒྲགས་ཐོན་ཡོད།

དངོས་ཡོད་ཉུང་ཤས་འདི་ཚོ་ལས་བརྒལ་བའི་གསང་སྒམ་ནག་པོའི་གསང་བའི་གནད་དོན་ད་དུང་མང་པོ་ཡོད། ངའི་གྲོགས་པོ་ཚོས་དྲིས་པའི་དྲི་བ་ཁ་ཤས་གཤམ་གསལ་ལྟར།
མོ་རང་གིས་དོན་དམ་པར་དེ་བསྒྲུབས་ཡོད་པ་རེད་དམ། “རྒྱ་ནག་གི་ཁྲིམས་ལུགས་སྟངས་འཛིན་ལམ་ལུགས་ནི་འཛམ་བུ་གླིང་གི་ཆེས་དྲང་བདེན་དེ་རེད།” གཅིག་གིས་ཟུར་ཟ་དང་བཅས་ན་རེ། “ཁོང་ཚོས་དེ་ཁྱོད་ཀྱིས་བསྒྲུབས་པ་ཤེས་ན་མ་གཏོགས་ཐ་ན་ཁྱོད་འཛིན་བཟུང་ཡང་བྱེད་ཀྱི་མ་རེད། ” ཅང་ཁེ་ཧྲིན་གྱིས་སྤྱི་ལོ་༡༩༨༩་ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སྡེབ་གསོད་ཆེན་མོའི་གནོད་འཚེ་ཕོག་ཡུལ་ཚོར་རྗེས་དྲན་ཆེད་མར་མེ་ཁྲོམ་སྐོར་ཞིག་བཀོད་སྒྲིག་བྱས་པར་བརྟེན་ལོ་བཞི་རིང་བཙོན་འཇུག་བྱས་མྱོང་ཡོད་རེད། ཁོང་གིས་རྩོམ་ཡིག་ཅིག་སྤེལ་འདུག དེའི་ནང་དུ་ཁོང་གིས་པོ་གུའུ་ཁེ་ལེ་ཡི་ལས་དབང་ནི་མའོ་ཙེ་ཏུང་འདས་རྗེས་ཀྱི་ཁོང་གི་ཆུང་མ་ཅང་ཆིན་དང་བསྡུར་གྱིན་འདུག ཁོང་གིས་བཞད་གད་སློང་ཆེད་ཧྥ་ཀྲི་༼༣༽ཞེས་པ་ནི་སྒྲ་“ཁྲིམས་ལུགས་ཀྱི་དབང་སྒྱུར”་དང་“ཁྲིམས་ལུགས་ཀྱིས་ཤེས་ཀྱི་ཡོད”་ཞེས་སྒྲ་གཅིག་དོན་མང་ཡིན་པར་བརྗོད་ཀྱིན་འདུག ཐོབ་ཐང་ཁྲིམས་རྩོད་པ་གྲགས་ཅན་ཕུའུ་ཀྲི་ཆིང་གིས་མི་ཚང་མའི་ཤེས་ཚོད་ལྟར་བྱས་ན་པོ་གུའུ་ཡིས་ཁྲིམས་རྩོད་པ་ཞིག་ལ་སློབ་སྟོན་ཞུ་ཐུབ་མེད་པར་འདོད་ཀྱིན་འདུག

མོ་རང་གིས་དེ་མིན་གཞན་ད་དུང་ག་རེ་བསྒྲུབས་ཡོད་པ་རེད་དམ། ཕུའུ་ཀྲི་ཆིང་གིས་པོ་གུའུ་ཡི་གནད་དོན་འདི་ཚད་ལྡན་གྱི་ཁྲིམས་རྩོད་པ་དག་གི་ལག་ཏུ་འཇོག་དགོས་པ་དང་དུས་མཚུངས་སུ་པོ་ཞི་ལེ་དང་ཝང་ལི་ཅུན་༼ཁོང་གཉིས་ཀ་ད་ལྟ་བཀག་སྐྱིལ་དང་“རྟོག་ཞིབ་འོག”་ཡོད། ཡིན་ཡང་། འགྲོ་ལུགས་ལྟར་དུ་སྐྱོན་འཛུགས་གནང་གི་རེད།༽་གྱི་གནད་དོན་ལའང་དེ་ལྟར་འབད་བརྩོན་བྱ་དགོས། དེ་ལྟར་གནང་ན་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཡང་དག་པའི་ཐོག་ནས་སེལ་ཐུབ་ཅེས་རྩོད་པ་རྒྱག་གིན་ཡོད། ཕུའུ་ཀྲི་ཆིང་གིས་པོ་གུའུ་དང་ལྐོག་གསོད་ཀྱི་དོན་རྐྱེན་འདིར་གུ་དོག་པོའི་ལྟ་ཚུལ་འཛིན་པ་ནི་“འགན་འཁྲི་ལག་ལེན་བསྟར་མཁན་གྱི་རིས་སུ་བོར་བའི་ཉེས་པ་ཚབས་ཆེན་ཞིག་རེད”་ཅེས་ཟེར་གྱིན་འདུག ཐ་ན་པོ་གུའུ་ལ་བྱ་སྤྱོད་འཛིན་སྟངས་ཀྱི་དམིགས་ཡུལ་དེ་ལོགས་སུ་བཀར་བ་ཡིན་ནའང་ལྐོག་གསོད་ཀྱི་ཉེས་འཛུགས་གཅིག་པུས་ཁོ་མོས་ལྐོག་ཟ་རུལ་སུངས་ཀྱི་སྐོར་ལ་བདེན་དཔང་མ་གནང་གོང་སྲོག་ཐོག་ཏུ་གཏོང་ངེས་རེད་ཅེས་ཁོང་ཞེད་སྣང་སྐྱེས་ཀྱིན་འདུག

གལ་ཏེ་མོ་རང་གིས་ཧེ་བུའུ་སྒྲི་ལྐོག་གསོད་བྱས་ཡོད་པ་ཡིན་ན། ཅིའི་ཕྱིར་བྱས་པ་རེད། ཞིན་ཧྭ་གསར་འགྱུར་ཁང་གིས་བརྗོད་དོན། “པོ་གུའུ་ཡིས་དེ་སྔ་ནེལ་ཧེ་བོ་སྒྲི་ཡིས་མོ་རང་གི་བུ་ཡི་སྒེར་གྱི་བདེ་འཇགས་ལ་འཇིགས་སྐུལ་བྱེད་པར་སེམས་འཁྲལ་བྱེད་ཀྱིན་འདུག” ཡིན་ནའང་། རྒྱབ་ལྗོངས་ན་མཐོ་རིམ་གྱི་ཆབ་སྲིད་གོང་སྤེལ་དང་བཀས་འཐོར་ཆེ་བའི་ལྐོག་ཟ་རུལ་སུངས་གཉིས་ཀ་ཡོད་སྟབས་ངས་ཁ་བརྡ་བྱས་པའི་མི་སུ་ཞིག་གིས་ཀྱང་འདི་ཚབས་ཆེན་དུ་བརྩིས་མ་སོང་། ཁོང་ཚོས་པོ་གུའུ་ལ་ཁྲིམས་འགལ་གྱི་དངུལ་སྒོར་འབེལ་འབེལ་ལྷུག་ལྷུག་ཡོད་སྟབས་ཧེ་བུའུ་སྒྲི་བེད་སྤྱོད་བྱས་ཏེ་དེ་ཕྱི་རྒྱལ་དུ་བདག་གཉེར་བྱེད་བཅུག་ཡོད་པར་བསམ་གྱི་འདུག གཅིག་བྱས་ན་ཧེ་བུའུ་སྒྲི་ཁོང་རང་གིས་ཀྱང་དངུལ་མང་པོ་བདག་ཏུ་འཛིན་འདོད་སྐྱེས་ཡོད་སྲིད། ཁོང་དང་པོ་གུའུ་གཉིས་དངུལ་གྱི་སྐོར་ལ་འཁྲུག་རྩོད་ཧ་ཅང་ཆེན་པོ་ཤོར་ཡོད་པ་འདྲ། མོ་རང་གིས་ཧེ་བུའུ་སྒྲི་ལ་དངུལ་ཕོན་པོ་ཞིག་བཅོལ་ཡོད་པ་དེ་དག་ཉེན་ཁ་ནང་དུ་ཡོད་པ་ཚོར་ཡོད་སྲིད། འདི་ཚོ་ནི་ཚོད་དཔག་ཙམ་རེད། ཡིན་ནའང་། བུ་ཡི་ཉེན་སྲུང་ཟེར་བ་ལས་ཚོད་དཔག་འདི་ཚོ་ལེགས་པ་ངེས་པ་རེད།

ཅི་ཞིག་གིས་ཝང་ལི་ཅུན་ཨ་རི་གཞུང་ཚབ་ཁང་ལ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་བར་བཅུག་པ་རེད། འདི་ནི་དེ་སྔ་ཝང་ལ་མཚོན་ན་ཐལ་ཆེ་བའི་གོམ་སྟབས་ཤིག་ཆགས་ཡོད། ཁོང་པོ་ཞི་ལེ་དང་ལྷན་དུ་ལོ་ངོ་ཉི་ཤུ་རིང་མཉམ་དུ་བསྡད་པ་རེད། ཁྲུང་ཆིན་དུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་ལས་འགུལ་“ཤུགས་ཆེན་པོ”་སྤེལ་སྐབས་ཁོང་ཉེན་རྟོག་པའི་འགོ་དཔོན་ཡིན་པ་རེད། ད་ལྟ་ཁོང་རང་གི་ཚེ་སྲོག་གི་ཉེན་ཁ་ལ་ཞེད་སྣང་སྐྱེས་ཡོད་ངེས་རེད། ཁོང་རང་ཉིད་ཀྱང་པོ་གུའུ་ཁེ་ལེ་ཡི་དམིགས་འབེན་ཞིག་ཏུ་ཆགས་ངེས་པར་ཞེད་སྣང་སྐྱེས་པ་རེད་དམ། ཡང་ན་པོ་ཞི་ལེ་ཡི་དམིགས་འབེན་ཆགས་པར་འཇིགས་སྣང་སྐྱེས་པ་རེད། ཚད་མཚམས་གང་གི་ཐོག་ནས་པོ་ཡིས་ཧེ་བུའུ་སྒྲི་ཡི་ལྐོག་གསོད་སྐོར་ལ་ཤེས་རྟོགས་བྱུང་བ་རེད་དམ།

ཝང་ལི་ཅུན་གྱིས་ཨ་རི་གཞུང་ཞབས་པ་ཚོར་ག་རེ་བརྗོད་ཡོད་པ་རེད། ཁོང་ཚོས་ཝང་རྒྱ་ནག་གི་དོ་དམ་འོག་ལ་གློད་གྲོལ་གཏོང་དུས་རྒྱ་ནག་གི་དཔོན་རིགས་ཚོར་གྲོས་མཐུན་ཅི་ཞིག་བཞག་ཡོད་པ་རེད། ནམ་རྒྱུན་དམར་ཕྱོགས་ཚོགས་པས་ལྐོག་གསོད་དག་གི་གསར་འགྱུར་དང་“ངོ་ཚ་ཁ་སྐྱེངས”་ཀྱི་རིགས་ཡོངས་རྫོགས་གསང་ཉར་བྱེད་ཀྱིན་ཡོད། རྒྱ་ནག་གིས་དོན་རྐྱེན་འདི་མི་མང་ལ་ཁྱབ་བསྒྲགས་བྱེད་པར་ཐག་གཅོད་བྱས་ཡོད་པའི་དོན་དངོས་ཀྱི་རྒྱུ་མཚན་གཅིག་ནི་ཨ་རི་བ་ཚོས་གནས་ཚུལ་འདི་ཁོང་ཚོའི་ལག་ཏུ་ཉར་ཡོད་པའི་རྐྱེན་རེད། གལ་ཏེ་ཁོང་ཚོར་འདོད་པ་ཡོད་ན་གསང་བ་འདི་ཁྱབ་བསྒྲགས་བྱེད་ཐུབ་པ་རེད། རྩོམ་པ་པོ་གྲགས་ཅན་ཞིག་གིས་ཨ་རི་བ་ཚོ་གསང་བ་ལྐོག་ཉར་གྱི་ལས་དོན་འདིའི་ནང་ཞུགས་པར་བློ་ཕམ་བྱུང་བའི་སྐོར་བརྗོད་དོན། “ཝང་ལི་ཅུན་གྱིས་ཁོང་ཚོར་ག་རེ་བརྗོད་པ་ཁོང་ཚོས་ཅིའི་ཕྱིར་འགྲེམ་སྤེལ་གནང་གི་མེད་པ་རེད། ཁོང་ཚོས་དེ་དག་གང་རུང་ལ་འགན་ལེན་ཁག་ཐེག་ཅི་ཡང་བྱེད་དགོས་ཀྱི་མེད། ‘ཁོང་གིས་ང་ཚོ་ལ་བརྗོད་པ་འདི་རེད།’ ད་འཛམ་བུ་གླིང་ལ་ཐག་གཅོད་དུ་ཆུགས་ཞེས་བཤད་ན་ཆོག་པ་རེད། ”

མི་གསོད་ཁྲག་སྦྱོར་གྱི་གནད་དོན་འདིས་ད་དུང་ཡང་དྲི་བ་མང་པོ་གླེང་སློང་བྱེད་ཀྱིན་འདུག ཡིན་ཡང་། ངའི་གྲོགས་པོ་ཚོར་པེ་ཅིན་གྱིས་ཐག་གཅོད་བྱེད་སྟངས་དག་གི་སྐོར་ལ་གལ་འགངས་ཆེ་བའི་བསམ་ཚུལ་གཅིག་མཐུན་བྱུང་སོང་། པོ་ཞི་ལེ་ཡིས་དངོས་གནས་རྒྱ་ནག་གི་གཞུང་འཛིན་ལམ་ལུགས་ལ་“ཚབས་ཆེ་བའི་སྒྲིག་འགལ”་གྱི་དཀའ་ངལ་དག་བསྐྲུན་ཡོད་པ་རེད། དཀའ་ངལ་གཙོ་བོ་དེ་པོ་ཁོ་རང་ཡིན་པ་ལས་ཁོང་གི་ཆུང་མ་མ་རེད།

ངས་ལུང་འདྲེན་བྱེད་སའི་ཁུངས་གཅིག་ནི་ད་ལྟ་བཙོན་འཇུག་བྱས་ཡོད་པའི་ནོ་པེལ་བྱ་དགའ་བཞེས་མཁན་སྐུ་ཞབས་ལིག་ཞོ་པོ་ཡིན། ཁོང་གིས་སྤྱི་ལོ་༢༠༠༧ལོར་རྩོམ་ཡིག་ཅིག་བྲིས་ཡོད་པའི་ནང་“རྒྱ་ནག་ནང་དུ་རིམ་པ་རེ་རེའི་དཔོན་རིགས་སོ་སོའི་སྟོབས་ཤུགས་དེ་འོག་མའམ་མི་དམངས་ནས་ཡོང་གི་མེད། དེ་ནི་གོང་མའམ་མཐོ་རིམ་དཔོན་རིགས་ཚོའི་མི་སྒེར་གྱི་དབང་ཚད་ཀྱི་སྒྲོམ་གཞི་ནས་ཡོང་གི་ཡོད”་ཅེས་འདི་ལྟར་བྲིས་འདུག འོག་མ་མི་དམངས་ཀྱི་ལར་ཞེན་དང་གོང་མ་དཔོན་རིགས་ཚོའི་སྲུང་སྐྱོབ་ནི་ལམ་ལུགས་འདི་གཅིག་ཏུ་འཆིང་བྱེད་ཀྱི་འབྱར་རྩི་རེད། ཡིན་ནའང་། འདིར་ཞན་ཆ་ཆེན་པོ་ཞིག་ཡོད། ཆེས་མཐོ་བའི་དཔོན་རིགས་དེ་མི་སུ་ཞིག་གིས་བསྐོ་གཞག་གནང་གིན་ཡོད་པ་རེད། ཐ་སྙད་ཀྱི་འགྲེལ་བརྗོད་ལྟར་བསྐོ་བཞག་ལས་ལྷག་པའི་དབང་ཚད་མཐོ་བ་ཞིག་མེད་པ་རེད་དམ། དེང་རབས་ཀྱི་ལམ་ལུགས་འདིའི་སྔོན་ལ་འདི་ནི་རྒྱལ་པོའི་མི་རྒྱུད་ཀྱིས་ཐག་གཅོད་གནང་གི་ཡོད་པ་རེད། ཡིན་ནའང་། དམར་ཕྱོགས་རིང་ལུགས་པའི་དུས་རབས་ནང་དུ་འདིས་སོམ་ཉིའི་རང་བཞིན་དང་སེམས་འཁྲལ་མང་པོ་ཞིག་བསླངས་ཡོད།

བརྩམས་སྒྲུང་འབྲི་མཁན་དང་ཟིན་བྲིས་པ་སྐད་གྲགས་ཅན་ཝང་ལི་ཞོང་གིས་རྩོམ་ཡིག་ཅིག་བྲིས་ཏེ་སྤྱི་ལོ་༡༩༨༩ལོའི་ལོ་མཇུག་ལ་ཏིན་ཞོ་ཕིན་གྱིས་དཀའ་གནད་འདི་སེལ་བར་འཆར་བཀོད་ཟིན་རིས་ཤིག་བསྟན་ཡོད་པའི་རྩོད་པ་རྒྱག་གི་ཡོད། འཆར་རིས་དེའི་ནང་དུ་ཅང་ཙེ་མིན་གྱི་མཐའ་སྐོར་ནས་འགོ་འཛུགས་བྱས་པའི་ཤོག་ཁག་དང་ཧོ་ཅིན་ཐོ་ཡི་མཐའ་སྐོར་ནས་འགོ་འཛུགས་བྱས་པའི་རྩེ་ཕུད་ཤོག་ཁག་གཉིས་ཀས་རེས་མོས་བྱས་ཏེ་ཆབ་སྲིད་ཀྱི་ལམ་ལུགས་དེ་ལོ་ངོ་བཅུའི་རིང་འཛིན་དགོས་པ་དང་། དབང་ཆ་འཛིན་གྱི་མེད་པའི་ཤོག་ཁག་གཞན་དེ་སྒུག་ཐོའི་ནང་འདུག་དགོས། ཤོག་ཁག་གཞན་པ་དེར་བརྗེ་ལེན་གྱི་བགོ་སྐལ་ཡོད་པ་ཤེས་དུས། ཤོག་ཁག་རེ་རེས་སྤྱི་དམངས་བྱེད་པར་ངར་བསྐུལ་ཞིག་ཡོད་ངེས་རེད། ཤོག་ཁག་གཉིས་ཀར་གཞན་དབང་འགུགས་པའི་ཁྱད་ཆོས་ཅན་གྱི་འགོ་ཁྲིད་ཅིག་དགོས་ཀྱི་མེད་ལ། དགོས་འདོད་ཀྱི་རེ་བའང་བཅིངས་མི་འོས། གཤིས་རྒྱུད་འཇམ་པོའི་འགན་འཛིན་པ་སྟེ་དཔེར་ན་ཧོ་ཅིན་ཐོ་དང་ཞི་ཅིན་ཕིན༼ཁོང་ནི་ཅང་ཙེ་མིན་ཤོག་ཁག་གི་ཚོགས་མི་ཞིག་ཡིན། སྤྱི་ལོ་༢༠༡༢ལོའི་སྟོན་ཁར་ཁོང་གིས་སྲིད་འཛིན་གྱི་གོ་གནས་འཁུར་གྱི་ཡོད།༽ལྟ་བུ་འང་ལམ་ལུགས་འདི་རྒྱུན་འཛིན་ཡོང་བར་དཔེར་མཚོན་འོས་པའི་འོས་མི་ཡིན་ངེས་ཏེ། ཁོང་གཉིས་ཀྱི་བགོ་སྐལ་ནི་བརྗེ་ལེན་བྱེད་རུང་བ་ཞིག་ཡིན་ཞིང་། གཉིས་ཀའི་འགན་འཁྲི་ནི་དམར་ཕྱོགས་རིང་ལུགས་པའི་ཤོག་ཁག་ལ་ཞབས་འདེགས་སྒྲུབ་རྒྱུ་དེ་ཡིན་པ་རེད། ཚོགས་པ་ཆེན་པོ་འདི་བརྗེ་ལེན་བརྒྱུད་ཡུན་གནས་བྱེད་ཀྱི་ཡོད། ཝང་ལི་ཞོང་གི་ཏིན་ཞོ་ཕིན་གྱི་འཆར་བཀོད་ཟིན་རིས་སྐོར་ལ་འགྲེལ་བརྗོད་བྱེད་སྟངས་ཀྱི་ཆ་ཤས་རེ་རེ་ཡང་དག་པ་ཡིན་མིན་གང་ལྟར་ཁོང་གི་སྤྱི་ཡོངས་ཀྱི་ཐབས་ལམ་དེ་ཧ་ཅང་ཡང་དག་པ་ཞིག་ཡིན་པ་འདྲ།

པོ་ཞི་ལེ་ནི་གཞན་དབང་འགུག་པའི་ཁྱད་ཆོས་ཅན། ཕུགས་བསམ་ཅན། ཕ་མེས་ཀྱི་རྒྱུད་རིམ་ཡང་དག་པ་ཅན། སྟོབས་འབྱོར་ཅན་བཅས་རེད། ཡིན་ཡང་། མཐོ་རིམ་གྱི་དབང་ཆ་བཟུང་བར་ནང་ཁུལ་ནས་བརྗེ་ལེན་བྱེད་རུང་བ་ཞིག་མ་རེད། པོ་ཡིས་“སྲིད་འཛིན་ཧོ་ཅིན་ཐོ་དང་སྲིད་བློན་ཝན་ཇ་པོ་གཉིས་ཀྱིས་མཐོང་ཆུང་གི་བརྙས་བཅོས་ཚོར་གྱིན་ཡོད་པ་རེད།” ངས་ཁ་པར་གཏོང་སའི་ཚན་རིག་པ་ཞིག་གིས་དེ་ལྟར་བཤད་སོང་། “པོ་ཡིས་དེ་སྔ་ད་དུང་སྲིད་འཛིན་གྱི་རྒྱུད་འཛིན་པ་ཞི་ཅིན་ཕིན་གང་དུ་ཡོད་པ་དེར་ཁོང་ཡང་ཡོད་དགོས་པར་ཡིད་ཆེས་ཟབ་མོ་བྱེད་ཀྱིན་ཡོད་པ་རེད།” མི་འདིས་ཅུང་ཙམ་བསྡད་རྗེས་མུ་མཐུད་དུ་སྐད་ཆར་ཁ་སྣོན་བྱེད་དོན། “དྲང་པོའི་སྐད་ཆ་བཤད་ན། པོ་ལ་དམིགས་དོན་ཞིག་ཡོད་པ་རེད། གཞན་དག་ནི་འབྲིང་རིམ་པ་རེད།” ངས་ཚན་རིག་པ་ཁོང་ལ་ “པོ་ཞི་ལེ་ཡི་མའོ་རིང་ལུགས་པའི་གཡོན་ཕྱོགས་རིང་ལུགས་ནི་ལྷག་བསམ་རྣམ་དག་རེད་དམ་ཡང་ན་མི་དམངས་ཀྱི་བསམ་བློ་བཀོད་སྤྱོད་བྱེད་ཐབས་ཤིག་རེད།”ཅེས་སྐད་ཆ་དྲིས་པ་ཡིན། གང་ལྟར་ཁོང་ནི་ནུབ་ཕྱོགས་པའི་སྟོད་ཐུང་ཆ་ཚང་གྱོན་པར་དགའ་ཞིང་ཧྥེ་རཱ་རི་སི་རྟགས་ཅན་གྱི་རླངས་འཁོར་བསྐོར་བར་དགའ་མཁན་ཞིག་རེད། “བརྒྱ་ཆ་བརྒྱད་ཅུ་ནི་ལྷག་བསམ་རྣམ་དག་རེད།” ཚན་རིག་པ་དེས་ང་ལ་དེ་ལྟར་ལན་འདེབས་གནང་སོང་། པོ་ཞི་ལེ་ཡི་ཨ་ཕ་ནི་པོ་དབྱི་པོ་རེད། ཁོང་ནི་དེ་སྔ་མའོ་རིང་ལུགས་ཀྱི་ལུང་གི་རྗེས་འབྲང་པ་གྲགས་ཅན་ཞིག་རེད། “ཡིན་ཡང་། ཡིད་ལ་འཛིན་དགོས་པ་ཞིག་ལ། མའོ་རིང་ལུགས་ནི་གལ་ཏེ་ཁྱོད་རང་རླབས་ཆེན་གྱི་མགོ་ཁྲིད་པ་ཞིག་ཡིན་ན། ཁྱོད་ལ་དངོས་པོའི་ཁེ་དབང་གང་འདོད་ན་དེ་རག་གི་རེད་ཅེས་པའི་དོན་རེད། འདི་ནི་དེ་སྔ་མའོ་ཙེ་ཏུང་ལ་མཚོན་ན་བདེན་པ་ཆགས་ཡོད་པ་རེད་ལ། དེ་བཞིན་དུ་མའོ་རིང་ལུགས་པོ་དབྱི་པོ་ལའང་ཡོངས་སུ་བདེན་པ་ཆགས་ཡོད། ཁོང་གིས་མའོ་རིང་ལུགས་དེ་ཡང་རང་གི་བུ་པོ་ཞི་ལེ་ལའང་དེ་བཞིན་དུ་བདེན་པ་ཆགས་པའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།”

ཧོ་ཅིན་ཐོ་ལོ་བཅུའི་རིང་དམར་ཕྱོགས་ཚོགས་པའི་དེད་དཔོན་ཡིན་དུས་མའོ་རིང་ལུགས་ཀྱི་ཕྱོགས་སུ་ཕྱི་བསྣུར་ཅུང་ཙམ་བརྒྱབ་ཡོད། ཧོ་ཡི་ལས་འཛིན་གོང་མ་ཅང་ཙེ་མིན་དེ་ལས་ལྡོག་སྟེ་“གཡས་ཕྱོགས་པའི”་ཕྱོགས་སུ་བློ་ཁ་གཏད་ཡོད། གང་ལྟར་ཡང་། པོ་ཞི་ལེ་ཡིས་ཁ་གཏད་གཅོག་སྐབས་ཧོ་དང་ཅང་༼ཁོང་ད་དུང་ཡང་ཆབ་སྲིད་ཀྱི་རྩེད་མོ་བ་གལ་ཆེན་ཞིག་ཡིན།༽་གཉིས་ཀས་སྐུ་ཞབས་པོ་འབུར་འཇོམས་བྱེད་པར་ཐུན་མོང་གི་ཁེ་ཕན་ཞིག་ཕན་ཚུན་བར་འགྲོ་འགྲེམས་བྱེད་ཀྱིན་ཡོད། ཅང་གིས་ཁོང་གི་ཤོག་ཁག་གི་ཚོགས་མི་ཞི་ཅིན་ཕིན་གྱིས་གོ་གནས་མཐོ་ཤོས་དེ་བཟུང་དུ་འཇུག་འདོད་ཡོད་ཅིང་རྒྱུན་འཛིན་ལམ་ལུགས་དེ་འཐོར་ཞིག་ཏུ་འགྲོ་བར་མཐོང་འདོད་མེད་པ་རེད། ཧོ་ཡིས་ཀྱང་ཁོང་གི་སྲིད་འཛིན་དུས་ཡུན་ལོ་མཇུག་ནས་རྫོགས་ཀྱི་ཡོད་སྟབས། དེའི་བར་དུ་འཐོར་ཞིག་མི་འགྲོ་བའི་ཆེད་འབད་བརྩོན་བྱེད་བཞིན་པའི་རྟགས་མཚན་བསྟན་ཡོད། དེ་ལྟར་གནང་ན་ཁོང་གི་སྲིད་འཛིན་གྱི་དུས་ཡུན་ལོ་རྒྱུས་ཟིན་ཐོ་ནང་གས་འཐོར་ཆེན་པོ་གང་ཡང་འབྱུང་གི་མེད། “ཧོ་ཡིས་རྔ་རྡུང་ཞོར་མེ་ཏོག་བརྒྱུད་སྤྲོད་གནང་གིན་ཡོད་རེད།”སྤྱི་ཚོགས་ཚན་རིག་གི་སློབ་དཔོན་ཆེན་མོ་ཞིག་གིས་ང་ལ་དེ་ལྟར་ཟེར། འདི་ནི་རྒྱ་ནག་གི་རྩེད་མོ་ཞིག་རེད། “རོལ་ཆའི་སྒྲོམ་སྟེགས”་དག་ལ་ཆ་འདྲ་པོ་ཡོད་རེད། རྔ་ཞིག་རྡུང་དུས་རྩེད་མོ་བ་ཚོས་མེ་ཏོག་ཅིག་བརྒྱུད་སྤྲོད་གནང་གི་ཡོད། སྒྲ་དེ་མཚམས་འཇོག་དུས་མེ་ཏོག་དེ་སུ་ཡི་ལག་ཏུ་ཡོད་ན་མི་དེ་ཕམ་པ་རེད། མི་གཞན་པ་ཁ་ཤས་ཤིག་གིས་ཀྱང་གཟུགས་རྒྱན་འདི་བེད་སྤྱོད་མ་བཏང་རུང་གཅིག་མཚུངས་ཀྱི་གནད་དོན་གླེང་བྱུང་། ནུབ་ཕྱོགས་ཀྱི་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་སྒེར་གཅོད་རིང་ལུགས་པའི་ལམ་ལུགས་ཀྱིས་དབང་འཛིན་པ་ཚོས་དམིགས་རྒྱང་རིང་པོའི་འཆར་གཞི་འདིང་དུ་འཇུག་གི་ཡོད་པ་འདིར་དོ་སྣང་བྱེད་འོས་པ་ཞིག་རེད།

གང་བྱས་ནའང་། གོང་རིམ་གྱི་དཔོན་རིགས་ཚོ་པོ་ཞི་ལེ་ཕམ་ཉེས་གཏོང་བར་བློ་ཐད་རྦད་ཆོད་ཡིན་པ་འདྲ། ངས་སྐད་ཆ་བཤད་སའི་མི་ཚང་མའི་གྲས་ནས་སུ་ཞིག་གིས་ཀྱང་ཁོང་གི་ཆུང་མའི་ལྐོག་གསོད་ཀྱི་ཁྲིམས་ཞིབ་དེ་བེད་སྤྱོད་བཏང་སྟེ་དོན་དག་འདི་སྒྲུབ་ངེས་པར་དོགས་པ་བྱས་མ་སོང་། ཝང་ལི་ཅུན་དང་ཨ་རི་ཕྱི་སྲིད་ལྷན་ཁང་གཉིས་ཀས་གནས་སྟངས་ཤིག་གསར་སྐྲུན་གནང་ཡོད། འདིའི་ནང་དུ་དམར་ཕྱོགས་ཚོགས་པའི་འགོ་ཁྲིད་ཚོས་མི་དམངས་ཀྱི་མདུན་ནས་སོ་མ་ར་ཙ་ལས་བཟོས་པའི་ཁོང་ཚོའི་རས་དེ་མི་འཁྲུས་མཐུ་མེད་བཟོས་ཡོད། འདི་ནི་ངོ་ཚ་ཁ་སྐྱེངས་ཤིག་ཡིན་ནའང་ཁོང་ཚོས་བསྒྲུབ་ཏུ་འཇུག་འདོད་པ་ཞིག་སྒྲུབ་པར་ཐབས་ལམ་ཞིག་མཁོ་སྤྲོད་གནང་ཡོད། “ལྐོག་གསོད་ཀྱི་དོན་རྐྱེན་འདི་ཁོང་ཚོར་ལམ་ལྷོང་བྱུང་བ་རེད།” དེབ་བཙོང་མཁན་ཞིག་གིས་བརྗོད་དོན། “ཁོང་ཚོས་དེ་སྔོན་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་འདི་བེད་སྤྱོད་མི་གཏོང་ག་མེད་བྱུང་བ་ཡིན་ན། ལས་དོན་དག་སྔོན་ལས་ལྷག་པའི་ཛར་རེ་ཛོར་རེ་ཞིག་ཆགས་ངེས་རེད།” ཝང་ལི་ཞོང་གིས་ཁོང་གི་རྩོམ་ཡིག་ནང་ཐ་ན་ལྐོག་གསོད་ཀྱི་གནད་དོན་དེ་མེད་པ་ཡིན་ནའང་པོ་ཞི་ལེ་ཡི་ཁོང་གི་ངོ་ཚ་ཁྲེལ་མེད་ཀྱི་ལས་དོན་རྐྱེན་བྱས་ཏེ་ནག་ཉེས་ཕོག་གི་རེད་ཅེས་བྲིས་འདུག ཡིན་ནའང་། མི་ཚང་མས་དེ་ལ་མོས་མཐུན་བྱེད་ཀྱི་མེད། མང་ཆེ་ཤོས་ཀྱིས་གལ་ཏེ་ཝང་ལི་ཅུན་ཨ་རི་གཞུང་ཚབ་ཁང་ལ་སྐྱབས་བཅོལ་དུ་སོང་མེད་ན། པོ་ཞི་ལེ་ཡིས་ཁོ་རང་གི་སྐེ་ལ་དཔྱངས་ཐག་བསྐོན་ངེས་པར་བསམ་གྱི་ཡོད།

པོ་ཞི་ལེ་ལ་མཐར་ཐུག་ཕྱིར་ལོག་པའི་སྒོ་མོ་འབྱེད་ཆེད་ཁོང་གི་ཆུང་མ་མ་ཉེས་ཁག་གཡོག་བྱེད་སའི་དམིགས་འབེན་དུ་བཟུང་ཡོད་སྲིད་པ་རེད་དམ། ངས་འདི་དྲིས་པ་ཡིན། འདི་ལྟ་བུའི་ཚོད་དཔག་ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་དུ་ཐོན་པ་ངས་མཐོང་སོང་། ཡིན་ནའང་། པེ་ཅིན་དུ་ཡོད་པའི་ངའི་གྲོགས་པོ་ཚོ་ལས་ཁྱད་གསོད་ཀྱི་ལན་འདེབས་འབའ་ཞིག་གོ་བྱུང་། “དམར་ཕྱོགས་ཚོགས་པས་ནམ་ཞིག་ལ་འདི་བསྒྲུབས་པ་རེད།” རྒྱལ་རབས་མཁས་པ་ཞིག་གིས་འདྲི་རྒྱུ། “འདི་ལྟ་བུའི་འཐབ་རྩོད་གང་རུང་ཡོད་སྐབས་ཕྱོགས་གཅིག་ལ་རྒྱལ་ཁ་ཧྲིལ་པོ་ཐོབ་པ་དང་ཕྱོགས་གཞན་ཞིག་ལ་རྦད་དེ་ཕམ་ཁ་ཐོབ་ནས་མཇུག་བསྒྲིལ་པ་མ་རེད་དམ།” དེབ་བཙོང་མཁན་ཁོང་གིས་བརྗོད་དོན། “ད་ལྟའི་དྲི་བ་གཅིག་པུ་ནི་པོ་ཞི་ལེ་ཡི་བཙོན་འཇུག་དུས་ཡུན་ག་ཚོད་ཡིན་པ་དེ་རེད། ལམ་ལུགས་ཧྲིལ་པོ་འཐོར་ཞིག་ཏུ་མ་འགྲོ་བར་སུ་ཞིག་གིས་ཀྱང་པོ་ཞི་ལེ་སྐྱོབ་མི་ཐུབ།”

རྒྱ་ཆེ་ས་ནས་བཤད་ན། པོ་གུའུ་ཁེ་ལེ་ནི་ད་རུང་མ་ཉེས་ཁག་གཡོག་བྱེད་ཡུལ་ཞིག་ཡིན་ནའང་། དེ་ནི་ཁོང་གི་སྐྱེས་པ་ལ་མ་ཉེས་ཁག་གཡོག་བྱེད་ཡུལ་གཅིག་པུ་མིན་པར་དམར་ཕྱོགས་ཚོགས་པ་ཧྲིལ་པོ་ལ་མ་ཉེས་ཁག་གཡོག་བྱེད་ས་ཡིན། ཁ་ཉེས་ཡོད་ཚད་མོ་རང་གི་སྒང་ལ་དཀྲི་བ་དང་“ཁོ་མོ་ཁྲིམས་དཔོན་གྱི་མདུན་ལ་ཁྲིད་ཡོང་བ”་གཙོ་བོར་བཟུང་བ་ཡིན་ན། དམར་ཕྱོགས་ཚོགས་པས་རང་གི་ཕྱི་རོལ་དག་ལ་མཛེས་རྒྱན་སྤྲོས་པའི་ལམ་སྲོལ་དེ་རྒྱུན་མཐུད་ཀྱི་རེད་ལ། ཡོད་ཚད་རྩ་བའི་ཆ་ནས་བདེ་པོ་ཡོད་པའི་རྟོག་སྒྲུང་དེ་རྒྱ་བསྐྱེད་ཐུབ་ཀྱི་རེད། རྒྱ་ནག་གི་དབུས་དམར་ཕྱོགས་ཚོགས་པ་ང་ཚོའང་བདེ་པོ་ཡོད། ཝང་ལི་ཅུན་ཨ་རི་གཞུང་ཚབ་ཁང་དུ་སོང་ནས་ཅང་མ་འགོར་བར་རྒྱ་ནག་གི་དྲ་རྒྱའི་སྒང་ལ་ཁ་མཚར་ཞིག་མངོན་བྱུང་། ཝང་ལི་ཅུན་ནི་སོག་པོ་མི་རིགས་ཤིག་རེད། པོ་གུའུ་ཁེ་ལེ་ལ་སིངྒ་ཕོར་དུ་གཏན་འཇགས་སྡོད་གནས་ཀྱི་གནས་བབ་རེག་ཡོད་པར་བརྗོད་ཀྱི་ཡོད། ཁ་མཚར་དེའི་ནང་དུ་བརྗོད་དོན།“འདིའི་གནད་དོན་ཡོངས་རྫོགས་སོག་པོའི་མི་ཞིག་ཨ་རི་གཞུང་ཚབ་ཁང་ལ་སོང་སྟེ་སིངྒ་ཕོར་གྱི་བུད་མེད་ཅིག་གིས་ཨིན་ཇི་མི་སེར་ཞིག་བསད་པ་དམར་རྗེན་དུ་བཤད་པའི་སྐོར་རེད། འདི་རྒྱ་ནག་ལ་འབྲེལ་བ་ཅི་ཡང་ཡོད་མ་རེད།”

སྒྱུར་མཁན་གྱི་མཆན།
༡ http://www.bloomberg.com/news/2012-04-13/china-murder-suspect-s-sisters-ran-126-million-business-empire.html
༢ http://www.nytimes.com/2012/05/07/world/asia/in-rise-and-fall-of-chinas-bo-xilai-a-ruthless-arc.html?_r=2&pagewanted=all
༣ རྒྱ་སྐད་དུ་法治་ཟེར།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 5 བཀོད་འདུག

5 Responses to པོ་ཞི་ལེ། ལན་བཏབ་མེད་པའི་དྲི་བ་དག

  1. བློ་བཟང་བཟོོད་པ་ ནས།

    པོ་ཞི་ཡི་སྒྲུང་གིས་རྒྱ་ནག་གི་ངོ་གདོང་ངོ་མ་གང་ཡིན་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེ་ལ་བསྒྱུར་བ་པོ་ཡི་ངལ་བ་དང་ལེན་གྱི་སྒྱུར་བར་ཐུགས་རྗེ་ཆེ།

  2. སྦྱིན་པ་ ནས།

    པོ་ཞི་ལེ་ཡི་ཕ་རྒན་ནི་རྒྱ་ནག་གི་དམག་དཔོན་ཆེན་པོ་མིག་ཤེལ་ནག་པོ་ཅན་པོ་ཡུ་པོ་ཡིན་ལ་ཕ་ཤུལ་བུ་ཡིས་བཟུང་ནས་དེང་སང་གི་བར་དཔོན་གནས་རྐྱང་རྐྱང་བཟུང་ནས་ཡོང་བ་ཞིག་རེད། ད་ལོའི་དཔྱིད་ཀ་ནས་ནས་བཟུང་པོ་ཞི་ལེ་ཚང་ལ་ལམ་འགྲོ་མ་རྒྱུག་པར་ཆགས་སྒོ་གཅིག་རྗེས་གཉིས་མཐུད་ནས་རྗེས་དེང་སང་པོ་ཞི་ལེ་བཙོན་ཁང་སྦྱར་ཡོད་པ་དང་། ཁོའི་སྐྱེས་མ་གུ་ཁེ་ལེ་ལ་ཡང་ལོ་གཉིས་ཀྱི་རྗེས་སུ་སྲོག་ཁྲིམས་བཅད་ཡོད་པ་རྒྱ་གཞུང་གིས་ཕྱི་བསྒྲགས་བྱས་ཡོད་ཀྱང་། གུ་ཁེ་ལེ་ཡི་སྲོག་ཁྲིམས་ཀྱི་ཐག་གཅོད་འདི་རྒྱ་ནག་གཞུང་གི་འཁྲབ་སྟེངས་ཡིན་པ་ལས་སྲོག་ཁྲིམས་དངོས་ཡིན་མིན་མི་རྣམས་ལ་ཐེ་ཚོམ་གྱི་གནས་ན་ཡོད། འདི་དབྱིན་གཞུང་ལ་གནས་སྐབས་རིང་མགོ་སྐོར་བཏབས་པ་ཡང་རེད་ཟེར།

  3. རྒད་པོ་ ནས།

    ཡིག་སྒྱུར་གྱི་ལེགས་སྐྱེས་གནང་བར་ཐུགས་རྗེ་ཆེ། ཡག་པོ་འདུག གཤམ་ལ་ང་རང་ལ་ཡིག་སྒྱུར་གྱི་ཉམས་མྱོང་ཇེ་ཟབ་གཏོང་ཆེད། བསམ་འཆར་ཐུང་ཐུང་ཞིག་སྤྲོད་ན།

    Enter Bo Xilai: charismatic, ambitious, impeccable of pedigree, and wealthy—but not one of the interchangeable parts in line for the top.Bo “feels contemptuous of Hu-Wen [President Hu Jintao and Premier Wen Jiabao],” said a scientist I called, “and was convinced that he should be where [heir apparent] Xi Jinping is.”

    ཞེས་པའི་བོད་སྒྱུར་གཟིགས་ན། དེ་ལ་ཚིག་གཅིག་གཉིས་ཀྱི་སྒྱུར་སྟངས་ལ་བལྟོས་ནས། ནང་དོན་གསལ་པོ་བྱུང་མེད་པ་ཡང་འདུག།

    “པོ་ཞི་ལེ་ནི་གཞན་དབང་འགུག་པའི་ཁྱད་ཆོས་ཅན། ཕུགས་བསམ་ཅན། ཕ་མེས་ཀྱི་རྒྱུད་རིམ་ཡང་དག་པ་ཅན། སྟོབས་འབྱོར་ཅན་བཅས་རེད། ཡིན་ཡང་། མཐོ་རིམ་གྱི་དབང་ཆ་བཟུང་བར་ནང་ཁུལ་ནས་བརྗེ་ལེན་བྱེད་རུང་བ་ཞིག་མ་རེད། པོ་ཡིས་“སྲིད་འཛིན་ཧོ་ཅིན་ཐོ་དང་སྲིད་བློན་ཝན་ཇ་པོ་གཉིས་ཀྱིས་མཐོང་ཆུང་གི་བརྙས་བཅོས་ཚོར་གྱིན་ཡོད་པ་རེད།” ངས་ཁ་པར་གཏོང་སའི་ཚན་རིག་པ་ཞིག་གིས་དེ་ལྟར་བཤད་སོང་།

    གོང་གི་སྒྱུར་དེ་ལ་ཚིག་གཅིག་གཉིས་ཀྱི་སྒྱུར་སྟངས་ལ་བལྟོས་ནས། ནང་དོན་གསལ་པོ་བྱུང་མེད་པ་ཡང་འདུག།

    གཅིག  གཤམ་གྱི་ཐ་སྙད་རྣམས་ལ་སྒྱུར་ཚིག་གཞན་པ་འཚོལ་དགོས་འདུག  

    ambitious – དེ་ལ་ཕུགས་བསམ་ཅན་ཟེར་ན་ཅུང་མི་ཐད་པ་འདུག ཚིག་འདི་བཅང་མི་རུང་བ་དང་སྤོང་དགོས་པའི་དམིགས་ཡུལ་རྣམས་ལ་གཙོ་བོར་འཇུག་ཚུལ་གསུངས། དེར་བརྟེན། ཚིག་འདི་བཟང་ཕྱོགས་ཀྱི་ཚིག་ཨེ་ཡིན། བོད་སྐད་ནང་ལ་ཕུགས་བསམ་ཟེར་ན། མང་ཆེ་བར་བཟང་ཕྱོགས་ཀྱི་བསམ་པར་གོ། རྩོམ་འདིའི་ནང་ལ། པོ་ཤི་ལའི་ནི་དབང་ལ་བརྔམས་ནས་མ་རུང་ཁོག་བཅངས་ཀྱི་ལས་འགུལ་སྤེལ་མཁན་ཞིག་བསྟན་གྱི་འདུག དེར་བརྟེན། ཕུགས་བསམ་མིན་པའི་ཚིག་གཅིག་ཨེ་ཡོད།

    “and was convinced that he should be where [heir apparent] Xi Jinping is.”
    “པོ་ཡིས་དེ་སྔ་ད་དུང་སྲིད་འཛིན་གྱི་རྒྱུད་འཛིན་པ་ཞི་ཅིན་ཕིན་གང་དུ་ཡོད་པ་དེར་ཁོང་ཡང་ཡོད་དགོས་པར་ཡིད་ཆེས་ཟབ་མོ་བྱེད་ཀྱིན་ཡོད་པ་རེད།”

    གོང་གི་སྒྱུར་འདིས་རྩོམ་པ་པོའི་ཚོར་བ་ཤུགས་ཆེན་པོ་ཡོད་པ་འདི་བསྟན་ཐུབ་མིན་འདུག

    གཙོ་བོ་ཐ་སྙད་སྣོན་མ་འགའ་བསྣན་པ་འདི་དག་གིས་ཚོར་བ་དེ་ཤུགས་ཇེ་ཆུང་ལ་འདུག དཔེར་ན། ད་དུང་། ཁོང་ཡང་སོགས་ཀྱིས་འཁྲུག་འདུག དེའི་ཚབ་ལ་གཤམ་གསལ་ལྟར་སྒྱུར་ན། རྩོམ་པ་པོའི་ནང་དོན་གསལ་བར་བསྟན་ཐུབ་ཀྱི་འདུག

    “ཤི་ཅིང་ཕིང་༼ཧ་ལམ་གཏན་འཁེལ་ཟིན་པའི་བཤུལ་འཛིན་པ།༽གི་རྐུབ་སྟེགས་འདི་ཁོང་ལ་འཐོབ་དགོས་པར་ཡིད་ཆེས་བྱེད་ཀྱི་འདུག”

    དེ་བཞིན། གཤམ་གྱི་སྒྱུར་དེ་ཁ་གསལ་པོ་མིན་འདུག

    “And to be fair, Bo has a point. The others are mediocrities.”
    “དྲང་པོའི་སྐད་ཆ་བཤད་ན། པོ་ལ་དམིགས་དོན་ཞིག་ཡོད་པ་རེད། གཞན་དག་ནི་འབྲིང་རིམ་པ་རེད།”  

    འདིའི་ནང་ལ་བཀོལ་བའི་ཐ་སྙད། དམིགས་དོན་དང་འབྲིང་རིམ་པ་ཟེར་བ་གཉིས་ཅུང་འཚམ་པོ་མིན་འདུག 
    pointཞེས་པའི་ཚིག་དེ་ལ་ནང་དོན་འདུ་མ་ཡོད་རུང་། འདིར། དགོས་པའམ། རྒྱུ་མཚན་ལ་གོ།
    དེ་བཞིན། mediocritiesཞེས་པའི་ཚིག་འདིར་འབྲིང་ལྟ་བུའི་གོ་རྒྱུ་ཡོད་སྲིད། ཡིན་ནའང་སྐབས་འདིར། ནུས་མེད། ཞན་པ། སྐྱོ་བོ། འཇོན་ཐང་སོགས་མེད་པ་ལྟ་བུར་གོ།

    དེར་བརྟེན།  “དྲང་པོའི་སྐད་ཆ་བཤད་ན། པོ་ལ་རྒྱུ་མཚན་ཡོད། གཞན་པ་ཚོ་ནི་ནུས་མེད་ཤ་སྟག་རེད།”ལྟ་བུར་སྒྱུར་ན། མ་རྩོམ་དང་དོན་དག་ཐག་ཉེར་བར་བསམས།

    འདི་བསམ་ཚུལ་ཡིན། རང་རྟོགས་བསལ་བའི་དམིགས་ཡུལ་ལས་གཞན་སྐྱོན་འཚོལ་བའི་མིག་ཆུང་མིན། དོན་མེད་རྩོད་པ་མེད་པར་མཁྱེན།

  4. ངས་ནམ་རྒྱུན་དམར་ཤོག་ཚོགས་པ་ཟེར་ཏེ་སྒྱུར་བཞིན་ཡོད། ཁྱེད་ཚོས་དམར་ཕྱོགས་ཚོགས་པ་ལབ་འདུག

  5. གོང་དུ་རྒད་པོ་ཟེར་མཁན་ཞིག་གིས་མཆན་ཡག་པོ་ཞིག་བཏབས་འདུག་རུང་། དངོས་མིང་མིན་པས་ང་ཚོས་མཆན་དེ་བཀོད་ཐུབ་པ་མི་འདུག དེ་ལ་དགོངས་དག་ཞུ།
    མཆན་འདེམས་མཁན་ཚོས་དངོས་མིང་འགོད་རྒྱུར་ང་ཚོས་རེ་སྐུལ་ཞུ་བཞིན་ཡོད་།

    སྐར་ཁུང་རྩོམ་སྒྲིག་པས།
    http://www.karkhung.com
    karkhungeditor@gmail.com

Write a Reply or Comment

Your email address will not be published. Required fields are marked *

*