གཟུངས་ཕྱུག་སྐྱིད་ལ་སྙན་ངག་སྐོར་དྲིས་པ།


བཅར་འདྲི་ཞུ་ཡུལ་གཟུངས་ཕྱུག་སྐྱིད་།
བཅར་འདྲི་ཞུ་མཁན་སྐར་ཁུང་དྲ་བ།

དང་པོ། ཁྱེད་རང་རང་བཙན་བྱོལ་ལ་སླེབས་པ་དེས། ཁྱེད་ཀྱི་སྙན་ངག་གི་སེམས་ཁམས་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་དམ།

ལན། ང་རང་བཙན་བྱོལ་ལ་བསླེབས་པ་དེ་ནི་འཚོ་བ་དངོས་ལ་གདོང་ཐུག་བྱུང་བའི་བརྒྱུད་རིམ་ཞིག་ཡིན། སྙན་ངག་ནི་མ་གཞི་ནས་མིའི་འཚོ་སྡོད་ཀྱི་འཚོ་བ་དངོས་ལས་བྱུང་བའི་ནང་སེམས་ཀྱི་ཚོར་བ་དང་འབྲེལ་བ་ཡོད་པས། ང་རང་བཙན་བྱོལ་ཏུ་བསླེབས་རྗེས་ཀྱི་འཚོ་བ་ནི་འཐུས་ཚང་རང་བཞིན་གྱི་བརྒྱུད་རིམ་ཞིག་ཡིན་པར་འདོད། རྒྱུ་མཚན་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་བྱམས་བརྩེ་ལྡན་པའི་ཡུལ་མི་དག་གི་འཛུམ་མདངས་དྲོད་མོ་ལས་རིང་དུ་གྱེས་ཏེ། རྒྱུས་མེད་ཡུལ་གྱར་དུ་གནས་པའི་འཚོ་བ་ནི་ཁ་དོག་སྣ་ཚོགས་དང་སྐྱོ་སྡུག་འདྲེས་མས་བྲིས་པའི་མི་ཚེའི་ཟློས་སྒྲུང་ལྟ་བུ་ཞིག་ཡིན། ཟློས་སྒྲུང་འདིའི་ནང་དུ་ངའི་མི་ཚེའི་དྲན་སྣང་དང་སྐྱོ་སྣང་། ཡང་ན་ན་ཟུག་དང་འཁང་སེམས་སོགས་དམར་རྗེན་རྗེན་དུ་འགྲེམས་སྟོན་བྱས་ཡོད། འགྲེམས་སྟོན་དེ་ནི་ངས་རང་ཉིད་ཀྱི་སྙན་ངག་གི་སེམས་ཁམས་ངོ་མ་རྙེད་པའི་རིན་ཐང་དང་། ཡང་ན་རང་ཉིད་སྙན་ངག་ལ་དགའ་བའི་ཕུགས་འདུན་དང་ཐག་ཉེ་རུ་སོང་བའི་ཉམས་མྱོང་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དངོས་ཡོད་འཚོ་བའི་ཁ་དོག་དངོས་ཀྱི་ནང་ནས་དགའ་དུས་དགོད་མྱོང་ལ། སྡུག་དུས་ངུ་མྱོང་བའི་ངའི་སེམས་ཁམས་ན་སྙན་ངག་གི་བསྡུས་གཟུགས་རེ་རེ་རི་མོ་བཞིན་བྲིས་ཡོད་མོད། ཡིན་ནའང་དེ་དག་རེ་རེ་བཞིན་ཚད་མཐོ་བའི་སྒྱུ་རྩལ་གྱི་ལམ་ལས་བཞེངས་བསྐྲུན་དང་ལས་སྣོན་གྱི་ལས་འགན་ད་དུང་འགྲུབ་མེད་པའི་གནོང་འགྱོད་ཅིག་ང་ལ་དུས་རྒྱུན་འཁོར་གྱིན་འདུག དེ་དང་ཞོར་དུ་འཇིགས་སྣང་ཞིག་བྱུང་བ་ནི་ད་ལྟའི་བོད་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ ད་དུང་རང་རྐྱ་མ་ཐུབ་པའི་སྤྱི་ཚོགས་འཚོ་གནས་དང་རིག་གཞུང་ཡོད་ཚད་ཉམས་དམས་སུ་འགྲོ་བཞིན་པའི་གནས་སྟངས་འདི་མཐོང་ཐེངས་རེར། ནམ་ཞིག་བོད་ཀྱི་སྙན་ངག་གི་ཁྲག་རྒྱུན་ཡང་སྐམ་ཨེ་འགྲོ་བསམ་པའི་སྡུག་བསྔལ་ཆེ་གི དེ་བཞིན་དུ་ལྷད་མེད་པའི་སྙན་ངག་གི་རྣམ་ཤེས་འདི་འགག་ཨེ་འགྲོ་བསམ་ན་ཕངས་སེམས་སྐྱེས་ཀི ད་དུང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་གམ་ཚད་མཐོ་བའི་སྐད་ཆའི་བླ་སྲོག་ཡལ་ཨེ་འགྲོ་འདོད་ན་སྙིང་འཕར་གི

གཉིས་པ། ཁྱེད་རང་གི་སྙན་ངག་གི་བརྗོད་བྱ་གཙོ་བོ་བཙན་བྱོལ་གྱི་འཚོ་བ་ཡིན་ནམ། ཡང་ན་གཞན་པ་ཡིན།
ལན། ཨོ་དེ་མཐའ་གཅིག་ཏུ་ངེས་པ་མེད། ཉི་མ་རེ་རེའི་སེམས་ཁམས་དང་ཚོར་བ་འདྲ་མིན་སྣ་ཚོགས་ཡོད་པ་བཞིན། ངའི་སྙན་ངག་གི་བརྗོད་བྱ་ཡང་སྣ་གཅིག་ཏུ་མ་ངེས་པའི་འཚོ་བའི་བསྡུས་གཟུགས་སྣ་མང་ཡིན། བོད་མི་རིགས་ཀྱི་མི་གཤིས་ཀུན་སྤྱོད་དང་རིག་གཞུང་གི་རིན་ཐང་ལ་བཟུང་བའི་དགའ་འདུན་དང་ཡིད་ཆེས། རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་དགའ་སྡུག་སྐྱོ་གསུམ། དེ་མིན་རང་བྱུང་ཁམས་ཀྱི་འགྱུར་འགྲོས་དང་རང་རིགས་ལ་བཅངས་པའི་སེམས་ངལ་ལྷག་མ་བཅས་ནི་ངས་ད་བར་དུ་བྲིས་པའི་སྙན་ངག་གི་བརྗོད་བྱ་རྐྱང་རྐྱང་ཡིན། འདིར་བཤད་འདོད་པ་ཞིག་ནི་སྙན་ངག་ཡག་པོ་ཞིག་འཁྱོངས་དགོས་ན་མ་མཐར་ཡང་རང་ཉིད་ཀྱིས་གང་ཞིག་འབྲི་བའི་ཚོར་བ་དེ་མཚོན་ཐུབ་པའི་སྐད་ཆའམ་ཐ་སྙད་ཀྱི་ཐབས་རྩལ་ཁྱད་པར་བ་ཞིག་དང་། ཕུགས་འདུན་རྒྱང་དུ་བསྲིངས་ཕོད་པའི་སྙིང་སྟོབས་ངོ་མ་ཤིག་ཅིས་ཀྱང་དགོས་ཀི་ཡ། དེ་ལྟར་མིན་པར་སྙན་ངག་ནི་ཁེ་གྲགས་ཤིག་གི་ཆེད་དམ།ཡང་ན་རང་ཉིད་ཁོ་ནས་ཆེད་དུ་བྲིས་པ་ཡིན་ན་དེའི་རླབས་ཆེན་གྱི་འོས་འགན་འགྲུབ་མི་སྲིད་པར་མ་ཟད། ཐ་ན་སྙན་ངག་གི་རིན་ཐང་ལ་ཁྱད་གསོད་བྱས་པ་ལྟ་བུ་ཞིག་ཏུ་མཐོང་གི་འདུག ངས་རང་ཉིད་ཀྱིས་ད་བར་དུ་བྲིས་པའི་སྙན་ངག་ཡོད་ཚད་སྙན་ངག་ཡིན་མིན་མི་ཤེས་མོད། ཡིན་ནའང་རང་ཉིད་ཀྱིས་སྙན་ངག་ལ་བཟུང་བའི་དགའ་ཞེན་དང་གདེང་འཇོག་ནི་ནམ་ཡང་གཡོ་ཟོལ་བྲལ་བ་ཞིག་དང་། དུངས་པ་ངོ་མ་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། ཞོར་དུ་བཤད་འདོད་པ་ཞིག་ནི་སྙན་ངག་ནི་སྐད་ཆའི་ཉིང་བསྡུས་ཤིག་ཡིན་པས་མི་རིགས་སུ་ཡིན་ཡང་དེ་ལ་མི་རིགས་དེའི་ཐུན་མོང་མ་ཡིན་པའི་སྐད་ཆའི་མཛེས་པ་དང་བསམ་བློའི་རིན་ཐང་ཞིག་ངེས་པར་ཡོད་དགོས་པར་འདོད། སྐད་ཆའི་ཉིང་བསྡུས་ཟེར་བ་དེ་ཡང་སྤྱིར་བཏང་གི་སྐད་ཆ་ཆ་ཚང་ཞིག་གི་གོ་དོན་བསྡུས་པ་ཙམ་ལ་ཟེར་བ་མ་ཡིན་པར། དེའི་བསྡུས་གཟུགས་དང་། དབྱིབས། ཁ་དོག ཡང་ན་འགན་ཁུར་དང་དུངས་ཞེན། བསམ་བློའི་མཛེས་པ་སོགས་ཕྱོགས་མང་པོ་གཅིག་ཏུ་བསྡུས་ནས་ཀློག་པ་པོར་གསལ་རྗེན་དུ་སྟོན་ནུས་པ་ཞིག་ལ་གོ་ན་འོས་པར་འདོད། སྙན་ངག་གི་ཚིག་དུམ་གཅིག་གི་ནང་ནས་ཀྱང་ཆེས་སྤྱིར་བཏང་མ་ཡིན་པའི་དགའ་བ་དང་དུངས་པ། ཡང་ན་འགན་འཁྲི་དང་ན་ཟུགས་སོགས་མང་པོ་ཞིག་འཇགས་སུ་མེད་པའི་དབྱངས་ཀྱི་རམ་འདེགས་ལ་སྡོངས་ནས་ལྷོག་ལྷོག་ཏུ་འཕྱུར་ཞིང་ཚ་ལམ་ལམ་དུ་གདུ་བཞིན་འདུག འདི་ལས་ཆེས་རླབས་ཆེ་ཤིང་བཅོས་མ་མ་ཡིན་པའི་འཆར་ཡན་གྱི་དུངས་སྣང་ངོ་མ་གཅིག་གམ། ཡང་ན་བརྩེ་སེམས་རྣལ་མ་ཞིག་ང་ཚོར་ངམ་ངམ་ཤུགས་ཀྱིས་རྟོགས་སུ་འཇུག་ཐུབ། དེ་བས་ངས་བལྟས་ན་སྙན་ངག་ལ་དགའ་མཁན་ཞིག་ཡིན་ན་མ་མཐའ་ཡང་རང་ཉིད་ལ་མངའ་བའི་མི་ཚེའི་རིན་ཐང་གི་ལྟ་སྟངས་ཤིག་དགོས་ནི་བསམ་གི གནའ་ནས་ད་བར་དུ་རླབས་ཆེ་བའི་སྙན་ངག་པ་དང་བསམ་བློ་བ་ཡོད་ཚད་ཀྱི་གནས་སྟངས་ནི་ཁེར་རྐྱང་དང་སྐྱོ་སྣང་རྐྱང་རྐྱང་ཡིན་པར་འདོད་ཐལ། འདི་ལྟར་བསམས་ན་སྒྱུ་རྩལ་འཚོལ་སྙེག་ནི་ནམ་ཡང་ཁེར་རྐྱང་ཡིན་ཞེས་པའི་ངེས་ཤེས་དེ་ང་ལ་ཡང་བསྐྱར་འཁོར་བྱུང་། དེ་འདྲ་ཞིག་མིན་ཚེ་སྒྱུ་རྩལ་སྙན་ངག་གི་ནུས་པའང་གཞན་དང་འདྲ་སོང་བ་མ་རེད་དམ། མིའི་འཚོ་བ་ལ་མཐའ་ཡོད་ཀྱང་རྣམ་དཔྱོད་ལ་མཐའ་མེད་ཀི་འདོད་ཀི གང་ལྟར་ངའི་མི་ཚེ་འདི་ལྟར་སྐྱབས་བཅོལ་དང་སྡུག་ཡུས། ཁེར་རྐྱང་དང་སྟོང་བསམ་ངང་རྫོགས་འགྲོ་བར་ངས་ཚོད་དཔག་བྱེད་ཀྱིན་ཡོད། དེ་ནི་ངས་སྙན་ངག་ལ་བཟུང་བའི་གདེང་འཇོག་དང་ཡིད་ཆེས་ངོ་མ་ཡིན། གཞན་སྙན་ངག་གི་སླད་དུ་ཁེར་རྐྱང་གི་འཚོལ་སྙེག་དང་ཕུགས་འདུན་རྒྱང་དུ་འབུལ་ཐུབ་མཁན་ཞིན་ཡིན་ན། དེ་ནི་ངའི་མི་ཚེ་ནང་གི་དད་པ་དང་ཡིད་ཆེས་བཅོལ་སའི་སྐྱབས་མགོན་ཡིན་སྲིད།

གསུམ་པ། སྙན་ངག་གིས་ང་ཚོའི་ཉིན་རེའི་ལྟོ་གོས་ཀྱང་ཁེག་ཐག་བྱེད་དཀའ་བ་ཡིན་རུང་། ཁྱེད་རང་ད་དུང་ཡང་སྙན་ངག་ལ་ཤི་འཐམ་རོ་འཐམ་བྱེད་དོན་ཅི་ཡིན་ནམ།
ལན། རེད་རེད། དེ་ནི་ངས་སྙན་ངག་འཚོ་བའི་ཆེད་དུ་མ་བྲིས་པའི་བདེན་དཔང་མ་རེད་དམ། ཨ་ལ་ཀུ་རེ་ཡིན། དེ་ནི་གཙོ་བོ་དགའ་ཕྱོགས་ཤིག་རེད། མིའི་མོས་པ་ལ་མཐའ་མེད་པས་ང་རང་སྙན་ངག་ལ་དགའ་བ་ཡང་མདོར་ན། ང་རང་ཉིད་ཀྱི་དགའ་ཕྱོགས་འབའ་ཞིག་ལས་མ་འདས། ད་བར་དུ་ལོ་ངོ་ཉི་ཤུ་ལྷག་ལ་དགའ་ཕྱོགས་འདིར་ཤི་འཐམ་རོ་འཐམ་བྱས་ཡོད། ཡང་གཅིག་བཤད་ན་འཛམ་གླིང་རྩོམ་རིག་གི་གར་སྟེགས་སྟེང་གི་ཆེས་མཐོ་བའི་ཁྲི་འཕང་ནི་སྙན་ངག་གི་ཁྲི་འཕང་ཡིན་ཟེར་བ་ལྟར། ངས་ནམ་ཡང་སྙན་ངག་གི་བླ་སྲོག་དང་རིན་ཐང་དངོས་ནི་མིའི་ཚེ་སྲོག་གིས་བསྐྱངས་པའི་ནང་སེམས་ཀྱི་བསམ་བློ་ཞིག་ལ་གོ་བཞིན་ཡོད། མི་ཞིག་འཇིག་རྟེན་དུ་འཚོ་བའི་དགའ་ཕྱོགས་ཀྱི་ཆ་ཡིན་ནས་ཡིན་ནའང་འདྲ། བརྩེ་སེམས་ཀྱི་ཆ་ཡིན་ནའང་འདྲ། དེ་བཞིན་དུ་རིན་ཐང་གི་ཆ་ཡིན་ནའང་འདྲ། ཡོད་ཚད་གཅིག་མཚུངས་ཡིན་མི་སྲིད ། དཔེར་ན་མི་རེ་རེའི་གཤིས་ཁམས་ཀྱི་ཆ་ནས་བཤད་ནའང་ལ་ལ་རྩེད་མོ་ལ་དགའ་བ་དང་། ལ་ལ་བཟའ་བཏུང་ལ་དགའ་བ། དེ་བཞིན་ལ་ལ་འཚོ་གནས་ལྷིང་འཇགས་ཅན་ལ་དགའ་བ་དང་། ལ་ལ་འཚོ་གནས་འུར་ཟིང་ཅན་ལ་དགའ་བ། འགའ་ཤས་རི་མོ་དང་། ལག་རྩལ། དེ་བཞིན་དུ་གླུ་གར་སོགས་ལ་མོས་པ་ལྟར་མི་རེའི་དགའ་ཕྱོགས་མཐའ་མེད་པས་ཚང་མ་སྙན་ངག་ལ་དགའ་དགོས་པའི་རྒྱུ་མཚན་ཡང་མི་འདུག ངས་མཚམས་རེར་སྙན་ངག་ལ་ཀློག་མཁན་སྤུས་དག་དགོས་པ་ལས་མང་པོ་དགོས་དོན་ཡང་མེད་ཀི་བསམ་གི རྒྱུ་མཚན་སྙན་ངག་ནི་ནམ་ཡང་སྙན་ངག་ཡིན་པ་ལས་འཚོ་ཐབས་མ་རེད། སྙན་ངག་ནི་མིིའི་རྣམ་དཔྱོད་དང་ནང་སེམས་ཚོར་ཤེས་ཀྱི་རྩལ་ལས་བྱུང་བའི་དགའ་འདུན་དང་དུངས་སེམས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཡང་གཅིག་བཤད་ན་སྙན་ངག་ནི་ཇི་སྲིད་བར་དུ་རོལ་མྱོང་བྱས་ཆོག་པའི་རྟོགས་པ་ཡན་གར་བ་ཞིག་ཡིན་པས།རྒྱ་གར་གྱི་དེང་རབས་ལུགས་ཀྱི་སྙན་ངག་པ་གྲགས་ཆེན(Bach chan)པ་ཆེན་གྱིས’’ཁྱེད་ཀྱིས་ཡང་དག་ཡིན་མིན་ཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་ཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན། ’’ཞེས་ཡ་ང་བའི་མུན་ནག་གི་བཙོན་ཁང་དང་ཆང་ཁང་དུ་འོད་སྟོང་འཕྲོ་ཞིང་འཛེམ་བག་སྤངས་པའི་ཚེ་སྲོག་གི་གླུ་དབྱངས་ཤིག་དེ་ལྟར་འགོ་བརྕམས་པ་རེད། དེ་བཞིན་དུ་རྒྱ་ནག་གི་ན་གཞོན་སྙན་ངག་པ་ཧི་ཙིའི་མཐོང་སྣང་གི་གྲོ་སྙེ་རེ་རེ་ཡང་གསེར་མདོག་གི་བརྩེ་དུང་ལ་འགྱུར་སོང་བ་རེད། དེ་བས་རང་དབང་དང་འཆར་ཡན་ལ་ཕྱོགས་པའི་འོད་ཀྱི་ལམ་བུ་འདི་ངས་ནམ་ཡང་ལམ་ནོར་ཞིག་ལ་མཐོང་གི་མེད། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་གནའ་ནས་ད་ལྟའི་བར་སྙན་ངག་ནི་བདེན་པ་དང་བརྩེ་བ་འོད་དུ་བརྒྱུས་པའི་ཚད་མཐོ་བའི་རྩོམ་རིག་སྒྱུ་རྩལ་གྱི་གཟུགས་རིས་ཤིག་རེད་ལ། དུངས་སྣང་དང་སྒྱུ་རྩལ་གྱིས་ལྟེམས་པའི་གསེར་གྱི་ཁང་བཟང་དེ་ནས་ངའི་བྱིས་དུས་ཀྱི་རྨི་ལམ་དང་རྒས་དུས་ཀྱི་དམིགས་འདུན་ཡོད་ཚད་ཤོང་ཐུབ་པས་ག་གཟོད་ང་ལ་བློ་འགྱོད་གང་ཡང་མེད།

(གཟུངས་ཕྱུག་སྐྱིད་ནི་བོད་ཕྱི་ནང་གཉིས་སུ་སྙན་ངག་མ་གྲགས་ཅན་ཞིག་ཡིན་ལ། ཁོ་མོའི་བརྩམས་ཆོས་ལ་སྙན་ངག་དེབ་<<བྱུ་རུའི་ལས་དབང་>>དང་། <<འཇགས་མི་སྲིད་པའི་བཞུར་རྒྱུན།>> ལྷུག་རྩོམ་དེབ་<<ས་ཆེན་གྱི་སྨྲེ་ངག་>> མཉམ་སྒྲུབ་སྙན་དེབ་<<བདག་མོ་>>བཅས་ཡོད། ཁོ་མོ་ད་ལྟ་རྒྱ་གར་རྡ་ལམ་ས་ལར་བཞུགས་ཡོད་།)

(བཅར་འདྲི་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 8 བཀོད་འདུག

8 Responses to གཟུངས་ཕྱུག་སྐྱིད་ལ་སྙན་ངག་སྐོར་དྲིས་པ།

  1. ནོར་བུ་བཟང་པོ། (ཆུ་ཐིགས་སྔོན་མོ།) ནས།

    དྲི་བ་དང་དྲིས་ལན་སོགས་གང་ཐད་ནས་ཧ་ཅང་གི་ཡག་པོ་འདུག་་་་་
    རྩོམ་སྒྲིག་པ་ལགས་་་་གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག་ཅེས་པ་རེད་དམ་བྱ་མི་ཆོག་རེད་་་་འདི་ལ་བྱ་མི་ཆོག་ཅེས་བྲིས་ན་མི་ལེགས་སམ

  2. དགེ་འདུན་རིན་ཆེན་ ནས།

    སྙན་ངག་ལ་སྙན་ངག་མ་ཁྱེད་ཀྱི་དགའ་སྡུག་སྐྱོ་གསུམ་གྱི་ཚོར་བ་ཡོངས་སུ་བསྟིམས་པ་ནི་སྙན་ངག་མ་ཁྱོད་སྙན་ངག་མཁན་ཞིག་ཡིན་པའི་དན་རྟགས་ངོ་མ་དེ་ལགས་མོད། སྡུག་ཡུས་དང་ཁེར་རྐྱང་སོགས་ཡོད་ཚད་སྙན་ངག་གི་ཆེད་དུ་བསྟིམས་པ་ནི་སྙན་ངག་མ་ཁྱོད་འཚོ་བ་ལ་དུང་བའི་མི་བུ་རྣལ་མ་ཞིག་མིན་པའི་དན་རྟགས་ཅི་ལ་མ་ཡིན།

  3. དཀོན་མཆོག (རྔ་བ་གཉན་མི།) ནས།

    ང་ཚོས་ཕན་ཚུན་ལ་ཁ ཡག་བྱེད་དགོས་དོན་མེད་ཀི འོན་ཀྱང་ང་ཚོས་ཕན་ཚུན་སྐུལ་སློང་དང་གདེང་འཇོག་བྱས་ན་འགྲིག་གི་་་བོད་མོ་སྙན་ངག་པ་འདིས་རང་གི་དགའ་ཕྱོགས་ལ་བཟུང་བའི་ལྟ་ཕྱོགས་འདིའི་ཐད་ན་བློས་གཏོང་གི་ཆ་ཞིག་ཡོད་པ་དེ་གཞན་ལས་དགའ་སོང་་་་རེད་ངས་ཀྱང་རེ་བ་དེ་འདྲ་ཞིག་བཟུང་ཡོད་་་ང་ཚོས་ཤེས་ཡོན་དང་སྒྱུ་རྩལ་སོགས་ཀྱི་འཚོལ་སྙེག་དེ་མི་སྒེར་གྱི་འཚོ་བའི་ཆ་རྐྱེན་ཙམ་གྱི་ཆེད་དུ་ཡིན་མི་འོས་པར་་་དེ་དག་ལ་དེ་ལས་ལྷག་པའི་རིན་ཐང་ཞིག་དང་་་དེ་དག་ལ་དེ་ལས་ལྷག་པའི་སྟོབས་ཤུགས་ཅིག་ཡོད་པ་་་ངོས་ཟིན་མཁན་དང་་་ལྷག་དོན་དུ་་་ངོས་ཟིན་དེ་འཚོ་བ་དངོས་དང་སྦྲགས་ནས་རྒྱུན་འཁྱོངས་བྱེད་ཕོད་མཁན་དཀོན་པོ་འདུག་ཨང་་་མང་པོ་མི་བཤད་་་ཤེས་ཡོན་རྒྱལ་གྱུར་ཅིག་་སྒྱུ་རྩལ་རྒྱལ་གྱུར་ཅིག་་་རྒྱལ་མཚམས་མེད་པའི་རིན་ཐང་འདི་གཉིས་རྒྱལ་གྱུར་གཅིག་་་་རིན་ཐང་དེའི་རིན་ཐང་རྟོགས་མཁན་གྱི་མི་བུ་དག་རྒྱལ་གྱུར་ཅིག་་་རིན་ཐང་ཅན་གྱི་རིན་ཐང་བསྔོགས་འདོན་བྱེད་པའི་མི་བུ་རིན་ཐང་ཅན་རྣམས་དུས་རྟག་ཏུ་རྒྱལ་གྱུར་གཅིག

  4. ཡག་གི མུ་མཐུད་ཀློག་གི་ཡིན།

  5. མི་འབྱུང་ཚེ་རིང་རྣམ་རྒྱལ་ ནས།

    ཁོ་མོ་ལ་རྩོམ་དེབ་ད་དུང་བང་སོ་ཟེར་བ་ཞིག་མེད་དམ།

  6. རྡོ་རྗེ་ཐར་ ནས།

    ངོ་མ་སེམས་འགུལ་ཐེབས་པ་ཞིག་རེད། མི་ཚེ་འདི་ལྟ་བུ་ཞིག་ཡིན་ན་དོན་སྙིང་འདུག་ལ་བོད་མི་རིགས་ཀྱི་གནའ་བོའི་ཤུལ་བཞག་གི་ནོར་བུ་ངོ་མ་དེ་ལ་གཅེས་སྤྲས་བྱས་པའི་བྱས་རྗེས་ངོ་མ་དེ་རེད་ལ་ལྷག་པར་དུ་རང་ཉིད་ཀྱི་སེམས་ཁམས་དང་སྦྱར་ནས་བྲིས་པའི་རྩོམ་རིགས་ཚང་མ་ནི་མི་མང་པོ་ཞིག་གི་སེམས་ཁམས་དང་འབྲེལ་བ་ཡོད་ལ་གཅིག་མཚུངས་ཀྱི་ཚོར་བའང་ཡོད་པས་ད་དུང་མུ་མཐུད་དེ་་་་་་་་་་ངས་ཀྱང་ད་རུང་ཀློག་གི་ཡིན།

  7. ༄༅།།སྙན་ངག་ལ་དགའ་བ་དག་ནམ་ཡང་ཁེར་རྐྱང་ཡིན་དོན་ཅི། ནམ་ཡང་སྡུག་ཡུས་ཀྱིས་རང་སྲོག་ཀྱང་འདོར་བ་ཅི། དེ་ནི་བསམ་དགོས་པའི་གནད་དོན་ཞིག ངས་དི་ནི་ཡག་རྟགས་རེད་མི་འདོད་ཀི

  8. སྙན་ངག་ནི་དགའ་སྐྱོ་ཆགས་སྡང་གིས་བྲིས་པའི་སྣུམ་ལྡན་གྱི་རི་མོ་ཞིག་ཡིན་ཙ་ན།དེ་ལས་མཐའ་ཡས་པའི་འཇིག་རྟེན་གྱི་ཁ་དོག་སྣ་ཚོགས་མཐོང་ངེས།དེ་ལས་མིའི་རིགས་ཀྱི་ནང་སེམས་ཀྱི་རི་མོའང་ལག་མཐིལ་དུ་དངོས་རྫས་བཞག་པ་ལྟར་མཐོང་སྣང་གི་ཡུལ་དུ་འགྱུ་ངེས་ལགས་སོ།།ཨ་ཅེ་གཟུངས་ཕྱུག་སྐྱིད་ལ་འཚམས་འདྲི་ཞུ།

Write a Reply or Comment

Your email address will not be published. Required fields are marked *

*