ཆུང་ཚེ་རིང་ལ་ཡིག་བསྒྱུར་སྐོར་དྲིས་པ།


བཅར་འདྲི་ཞུ་ཡུལ་ཆུང་ཚེ་རིང་།
བཅར་འདྲི་ཞུ་མཁན་སྐར་ཁུང་དྲ་བ།

སྐར་ཁུང་། ད་ཕན་ཁྱོད་ནས་བོད་ཡིག་ཏུ་གྲགས་ཅན་དེབ་གཉིས་བསྒྱུར་འདུག་པ་མ་ཟད་དེ་ལ་ཀློག་མཁན་ཚོས་དགའ་བསུ་ཡང་མི་ཉུང་བ་ཐོབ་འདུག འོན་ཀྱང་། ཁྱེད་ཀྱིས་ཡིག་སྒྱུར་དེ་ལས་ཞོར་ནས་བྱེད་ཀྱི་འདུག་མ་གཏོགས་དེ་ཆེད་ལས་ཀྱི་ངོ་བོའི་སྒང་ནས་བྱེད་གི་མི་འདུག དེའི་རྒྱུ་མཚན་ཅི་ཡིན་ནམ།

ཆུང་ཚེ་རིང་། སྤྱིར་བཏང་དེང་རབས་ཀྱི་ཆེད་ལས་པ་ཟེར་དུས། ཆ་རྐྱེན་གསུམ་ཚང་དགོས་རེད། དང་པོ་དེ། ལས་རིགས་སམ་ལག་རྩལ་བྱེ་བྲག་པ་ཞིག་གི་ཐད་ལ་རང་མགོ་ཐོན་ངེས་ཀྱི་དམིགས་བསལ་ སྦྱོང་བརྡར་ཡོད་པ་དང་། གཉིས་པ་སྦྱོང་བརྡར་དེ་གཞི་བཟུང་ལས་རིགས་སམ་ལག་རྩལ་བྱེ་བྲག་པ་དེ་རང་གི་སྒང་ལ་ལས་ཀ་བྱེད་པ། གསུམ་པ། ལས་ཀ་དེའི་ཐོག་ནས་ཕར་སྤྱི་ཚོགས་ལ་ཞབས་ཞུ་དང་ཚུར་སོ་སོའི་འཚོ་གོས་འགྲིག་འགྲོ་བ་དེ་འདྲ་ཞིག་ཡིན་དགོས་པ་རེད། སྤྱིར་བཏང་བོད་སྐད་ནང་རིགས་གཅིག་རྐང་འཛིན་དང་། ཆེད་ལས་པ། ཁྱད་ལས་པ་བཅས་ཀྱི་གོ་དོན་དེ་ཚོ་ཕན་ཚུན་འཁྲུག་འགྲོ་གི་འདུག ང་ལ་ཡིག་སྒྱུར་གྱི་སྦྱོང་བརྡར་ཐོབ་མ་མྱོང་ལ། སོ་སོའི་འཚོ་བ་དེ་ཡང་ཡིག་སྒྱུར་ལ་བརྟེན་ནས་སྐྱེལ་གྱི་མེད། བསྐྱལ་བསམས་པའི་དབང་དུ་བཏང་རུང་། བོད་པའི་སྤྱི་ཚོགས་ནང་། དབྱིན་སྐད་ནང་ཕར་བསྒྱུར་ན་བསྒྱུར་གླ་ཆེན་པོ་སྤྲོད་པ་དང་། སོ་སོའི་སྐད་ཡིག་ནང་ཚུར་བསྒྱུར་ན། བསྒྱུར་གླ་སྤྲོད་མཁན་ཡོད་མ་རེད། བསྒྱུར་གླ་སྤྲད་པ་ཡིན་ནའང་། དབྱིན་ཇི་སོགས་ཀྱི་ནང་ཕར་བསྒྱུར་བ་ནང་བཞིན་གྱི་མཐོ་པོ་སྤྲོད་མཁན་དཀོན་པོ་རེད། དེ་ཡིན་དུས། དུས་ཚོད་ཆ་ཚང་ཡིག་སྒྱུར་གྱི་སྒང་ལ་བཏང་ནས་འགྲོ་ས་དཀོན་པོ་རེད།

སྐར་ཁུང་། ཡིག་སྒྱུར་ཁྲོད་ཁྱེད་ལ་བྱུང་བའི་ཉམས་མྱོང་གལ་ཆེན་འགའ་དཔེ་མཚོན་དང་བཅས་ཏེ་བརྗོད་ན་འགྲིག་གམ།

ཆུང་ཚེ་རིང་། ༡) ངས་ཡིག་སྒྱུར་བྱེད་དུས། ཚོད་ལྟ་ལྟ་བུ་ཁ་ཤས་བྱེད་ཀྱི་ཡོད། དཔེར་ན། བརྗོད་པ་གཅིག་ཐད་བསྒྱུར་ཞིག་བྱས། དེ་ནས་དོན་བསྒྱུར་ཞིག་ཀྱང་བྱས། ད་དུང་དགོས་གལ་བྱུང་ན། ཐད་སྒྱུར་དང་དོན་སྒྱུར་འདྲེས་མ་དེ་འདྲ་ཡང་བྱས་ཏེ། མ་ཡིག་དང་ཉེ་བ། བོད་སྐད་ནང་གོ་བདེ་བ། འཁྲུལ་གཞི་མེད་པ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད། དེབ་ཀྱི་དབང་དུ་བྱས་ན། ངས་བསྒྱུར་བའི་བྱེད་སྒོའི་ལམ་ནས་སློབ་ཁྲིད་བྱེད་ཐབས་ཞེས་པ་དེ་ཐད་སྒྱུར་ཤུགས་ཆེན་པོ་རེད། གསར་བཏོད་དང་གསར་གཏོད་པ་ཞེས་པ་དེ་དོན་སྒྱུར་ཤུགས་ཆེན་པོ་རེད། ད་ལྟ་བལྟས་ན། དེ་བསྒྱུར་བ་འདྲ་བོ་མ་རེད། ངས་བརྩམས་པ་ལྟ་བུ་ཆགས་འདུག མ་གཞི་དེབ་སྒང་ལ་རྩོམ་སྒྱུར་བྱས་ཞེས་བཀོད་ཡོད། ཡང་བོད་མི་གསར་བརྗེ་བ་ཞེས་པ་དེ། ཐད་སྒྱུར་ཐུབ་སར་ཐད་སྒྱུར་དང་ཐད་སྒྱུར་མི་ཐུབ་སར་དོན་སྒྱུར་བྱས་པ་ཞིག་རེད། དེ་ཉམས་མྱོང་གལ་ཆེ་བ་གཅིག་ཡིན།
༢) སྤྱིར་བཏང་ནས། བཙན་བྱོལ་ནང་འགྱུར་མང་པོ་ཞིག་གོ་བདེ་པོ་མི་འདུག དེའི་རྩ་བའི་གནད་འགག་གཉིས་རེད། དང་པོ་དེ་མ་ཡིག་གི་གོ་བ་ཡག་པོ་མ་ལོན་པ་རེད། སྒྱུར་མཁན་མང་པོས་མ་ཡིག་གི་ཚིག་རིས་དེ་བསྒྱུར་བཞག་གི་འདུག དེ་འདྲ་བྱས་ནས་བསྒྱུར་ན། བརྗོད་པའི་དུམ་བུ་ཞིག་ལ་མཚོན་ན། བརྗོད་བྱའི་གཙོ་གནད་ག་རེ་ཡིན་པ་དང་། དེའི་འགྲེལ་བཤད་དང་དཔེ་མཚོན་ག་རེ་ཡིན་པ་དེ་ཚོ་གསལ་པོ་མེད་པ་ཆགས། ཀློག་པ་པོས་ཀློག་དུས། གོ་གི་འདུག་ཟེར་བར་གོ་གི་མེད་པ་འདྲ་བོ། གོ་གི་མི་འདུག་ཟེར་བར། ཡང་བསམ་བློ་བཏང་། དཀའ་ལས་བརྒྱབ་ན་གོ་གི་ཡོད་པ་འདྲ་པོ། ཁྱད་མཚར་པོ་དེ་འདྲ་ཆགས་ཀྱི་རེད། དེ་གཙོ་བོ་མ་ཡིག་གི་གོ་བ་ཡག་པོ་མ་ལོན་པ་དང་གཙོ་ཕལ་ཧ་མ་གོ་བར་ཐུག་འདུག

གཉིས་པ་དེ། བོད་ཡིག་ནང་ཚིག་སྦྱོར་སྤེལ་དུས་རེད། དབྱིན་བོད་སྐད་ཡིག་གཉིས་ཀྱི་གོ་བརྡ་སྤྲོད་སྟངས་ལ་ཁྱད་པར་ཆེན་པོ་རེད། དཔེར་ན། དབྱིན་ཡིག་ནང་མང་ཚིག་དང་གཅིག་ཚིག་གི་རྣམ་གཞག་དེ་གསལ་པོ་རེད། བོད་སྐད་ནང་དེ་འདྲའི་རྣམ་གཞག་གསལ་པོ་ཡོད་མ་རེད། དེར་བརྟེན་དབྱིན་ཡིག་གི་གཅིག་ཚིག་མཚོན་བྱེད་ a an ཡོད་ཚད་བོད་ཡིག་ནང་། ཅིག་དང་ཞིག་སོགས་སུ་བསྒྱུར་ན། སྙན་པོ་ཆགས་ཀྱི་མ་རེད། ཡང་ཚིག་གྲུབ་གཅིག་གི་ནང་དུ། སུས་སུ་ལ་ག་རེ་བྱས་པ་ལྟ་བུ་དེ་ཆ་ཚང་མེད་ན་ཆ་ཚང་བའི་ཚིག་གྲུབ་ཆགས་ཡོད་མ་རེད། བོད་སྐད་ཀྱི་ཚིག་གྲུབ་ནང་། དེ་འདྲའི་ཞིབ་ཆ་མ་བྱས་ཀྱང་གོ་ཐུབ་པ་དང་། ཞིབ་ཆ་བྱས་ན་དགོས་མེད་ཚིག་ལྷག་ལྟ་བུ་ཆགས་འགྲོ་བ་མང་པོ་རེད། དེ་ཚོར་སྐད་ཡིག་སོ་སོའི་ཁྱད་ཆོས་དང་དོན་སྟོན་སྟངས་ལ་གཞིགས་ནས་བསྒྱུར་དགོས། ཡང་དབྱིན་སྐད་ནང་གི་བཤད་སྟངས་དེ་ག་རང་། བོད་སྐད་ནང་འཁྱེར་ཡོང་ན། གོ་མི་ཐུབ་པ་མ་ཟད། གད་མོ་སློང་བྱེད་འདྲ་པོ་ཆགས་ཉེན་ཡོད། དཔེར་ན། དགོང་མོ་ཉལ་ཁར་ཕྱི་རྒྱལ་བ་ཚོས། Have a sweet dream ཟེར་གྱི་རེད། དེ་ཐད་ཀར་ཚིག་བསྒྱུར་བྱས་ན། གཉིད་ལམ་མངར་མོ་ཐོངས་ཟེར་གྱི་ཡོད་རེད། དེ་ལྟར་བསྒྱུར་ན་གོ་རྒྱུ་མེད་པ་ཆགས་ཀྱི་རེད། བོད་སྐད་ནང་། གཟིམ་འཇམ་གནང་དང་། གཉིད་སྐྱིད་པོ་ཁུག་ལྟ་བུར་བསྒྱུར་དགོས་རེད། ཡང་བོད་སྐད་ནང་། ཁ་བྲལ་དུས། འགྲོ་མཁན་དེ་ལ་ག་ལེར་ཕེབས་ཟེར་སྲོལ་ཡོད། དེ་དབྱིན་སྐད་ནང་ Go slowly ཞེས་བསྒྱུར་ན། ཁྱད་མཚར་པོ་ཆགས་ཀྱི་རེད། ཡང་། མི་རིགས་ཀྱི་རིག་གཞུང་དང་ཡུལ་སྲོལ་སོགས་ལ་ཐུག་པའི་བརྗོད་བྱ་མང་པོ་ཞིག་གོ་བདེ་མི་བདེའི་ཆེད་དུ། གཞན་དང་གཞན་དུ་བསྒྱུར་ན་འགྲིག་གི་མ་རེད། དཔེར་ན། ཡི་ཤུ་ལ་གསོལ་བ་འདེབས་པ་དེ། སངས་རྒྱས་ལ་གསོལ་བ་འདེབས་པར་བསྒྱུར་ན་འགྲིག་གི་མ་རེད། དེས་མཚོན་པའི་གཟབ་གཟབ་བྱེད་དགོས་པ་མང་པོ་རེད།

སྐར་ཁུང་། ཁྱེད་ཀྱིས་ཡིག་སྒྱུར་གྱི་བརྗོད་བྱ་འདེམས་སྟངས་གང་འདྲ་ཡིན་ནམ་། རྒྱུ་མཚན་ཅི།
ཆུང་ཚེ་རིང་། ངས་བསྒྱུར་བ་ཁ་ཤས་ནི་གཞན་གྱིས་འབོད་སྐུལ་བྱས་པ་ལྟར་བསྒྱུར་བ་རེད། རང་ངོས་ནས་བདམས་ཏེ་བསྒྱུར་དུས་གཙོ་བོ་ཕྱོགས་གསུམ་ལ་དོ་སྣང་བྱེད་ཀྱི་ཡོད། དང་པོ་དེ། བོད་པ་དཀྱུས་མས་བོད་དོན་གྱི་ཆེད་དུ་འགན་ཁུར་ཏེ་ལས་ཀ་བྱས་པའི་ལོ་རྒྱུས་ཀྱི་རིགས་ཡིན་མིན་དང་། གཉིས་པ་དེ། བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་གལ་ཆེའི་རིགས་དང་འབྲེལ་བ་ཡོད་མེད། གསུམ་པ་དེ། བོད་ལ་དེ་སྔོན་མ་དར་བའི་ཚན་རིག་ལག་རྩལ་དང་ལྟ་གྲུབ་ཀྱི་དཔེ་དེབ་ཡིན་མིན་བཅས་ཡིན།

(ཆུང་ཚེ་རིང་ལགས་ནི་བོད་ནང་སྐྱེས། བོད་ཁྱིམ་དང་རིགས་སློབ། ཁེ་ཎ་ཌའི་རྒྱལ་སྤྱིའི་སྐད་ཡིག་སློབ་སྡེ་བཅས་སུ་སློབ་གཉེར་བྱས། སྒྱུར་རྩོམ་དེབ་བཅུ་ལྷག་དང་། དཔྱད་རྩོམ། སྒྲུང་རྩོམ། སྙན་ངག་སོགས་ཆབ་བེ་ཆོབ་བེ་བྲིས་པ་འགའ་ཡོད། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཉམས་ཞིབ་པ་དང་མགྲིན་ཚབ་པ། རྩམ་པ་དུས་དེབ་དང་། ཤེས་རིག་དུས་དེབ། སྨྱུག་གསར་དུས་དེབ། ཕ་ཡུལ་ཤེས་བྱའི་བང་མཛོད་སོགས་ཀྱི་རྩོམ་སྒྲིག་པའང་བྱས། དེ་བཞིན་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ཉམས་ཞིབ་པ་དང་རྩོམ་སྒྲིག་པ། བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ལོ་བཅུའི་ལས་བསྡོམས་བཟོ་སྒྲིག་སོགས་བྱས། ད་ལྟ་ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་སློབ་ཆེན་གྱི་བོད་ཀྱི་སྐད་ཡིག་རིག་གཞུང་གི་དགེ་རྒན་ཡིན།)

(བཅར་འདྲི་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 9 བཀོད་འདུག

9 Responses to ཆུང་ཚེ་རིང་ལ་ཡིག་བསྒྱུར་སྐོར་དྲིས་པ།

 1. ཆོས་དབང་ ནས།

  བཅར་འདྲི་ཡག་པོ་གནང་འདུག །བློ་སྐྱེད་ཀྱང་མང་དག་གཅིག་འདུག བདེན་པ་རེད། བོད་པའི་སྤྱི་ཚོགས་ནང་དུ་བོད་སྐད་ཡིག་གི་རྩོམ་པ་པོའི་ལས་རིགས་ལ་ཞུགས་ནས་འཚོ་བ་འཁྱོལ་ཐུབ་མཁན་མེད་པ་ལྟ་བུ་རེད།

 2. ༄༅།། ཆུང་ཚེ་རིང་ནས་ཡིག་བསྒྱུར་གནང་བར་རྗེས་སུ་ཡིད་རངས་ཡོད། འོན་ཀྱང་བོད་ཀྱི་ཆོས་རྒྱལ་ལོ་པན་རྣམས་པའི་དུས་ནས་བཟུང་རྩོད་མེད་ཡོངས་གྲགས་སུ་དར་བའི་བོད་ཀྱི་ཐ་སྙད་བུད་མེད་ལ་སྐྱེ་དམན་ཅེས་མིང་ཚིག་བེད་སྤྱོད་བྱེད་ནའང་། ཆུང་ཚེ་རིང་ནས་དམན་ནི་བོད་མེད་ལ་མཐོང་ཆུང་དང་དམའ་འབེབས་ཀྱི་མ་གུས་པའི་ཚིག་ཏུ་ངོས་འཛིན་བྱས་ནས་སྐྱེ་དམན་ཅེས་པ་དེ་སྐྱེ་སྨན་ཅེས་པར་རང་བཟོ་བྱས་འདུག་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། མི་རེ་ངོ་རེ་རང་རང་གི་བསམ་ཚོད་ལྟར་གང་བྱུང་ཐ་སྙད་བཟོ་བཅོས་བྱས་ན་བོད་ཀྱི་རིག་གཞུང་དེ་མཐར་གང་འདྲ་ཞིག་ཏུ་འགྱུར་རམ་ངེས་པར་དུ་བསམ་བློ་ཞིབ་ཚགས་གཏོང་དགོས་ཀྱི་འདུག །།

 3. སྐར་ཁུང་ལགས། ཆུང་ཚེ་རིང་ལགས་་་་་་་སྙན་ངག་སོགས་ཆབ་བེ་ཆོབ་བེ་བྲིས་པ་འགའ་་་། ཚིག་སྦྱོར་འདི་ལེགས་པོ་རང་ཨེ་ཡིན་ན།

 4. དབང་ཕྱུག་ ནས།

  ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་སོང་། བཀའ་དྲིན་ཆེ།

 5. ཚེ་རིང་ ནས།

  བོད་ལ་ཡིག་བསྒྱུར་བྱེད་མཁན་ཡག་པོོ་ཕྱི་ནང་གཉིས་ཀར་མཐོང་ཡས་མིན་འདུག ད་ལྟ་ཡོད་པ་དེ་དག་ཀྱང་ཁྱ་རེ་ཁྱོ་རེད་རེད། ཡིག་བསྒྱུར་བྱེད་པར་མ་མཐར་ཡང་སྐད་ཡིག་གཉིས་ཡག་པོ་ཤེས་པ་ཞིག་དགོས།་དེ་གཉིས་ཡག་པོ་ཤེས་ནས་བསྒྱུར་བྱེད་མཁན་མི་འདུག་པས་གསོ་སྐྱོང་བྱེད་རན་འདུག་ཁྱོད་ཀྱི་དྲ་རྒྱ་འདི་ཡིག་སྒྱུར་སྦྱོང་རྒྱུར་ཡག་པོ་འདུག བཀའ་དྲིན་ཆེ།

 6. གོང་གི་བཅར་འདྲི་དེ་བཞིན་ཞེ་དྲག་དོན་སྙིང་ལྡན་པ་ཞིག་བྱུང་འདུག ཆུང་ཚེ་རིང་ལགས་ནས་ཚེ་རིང་ཤཱཀྱ་ལགས་ཀྱིས་བརྩམས་པའི་་Dragon In The Land Of Snow ཞེས་པ་དང་མའོ་ཡི་སྨན་པ་སྐུ་ཞབས་ལི་ཡིས་བརྩམས་གནང་བའི་ Mao’s Private Life ཞེས་པ་གཉིས་བསྒྱུར་གནང་ཐུབ་ཚེ་ཕལ་ཆེར་རང་རིགས་བོད་ཡིག་རྐྱང་པ་ཀློག་མཁན་ཚོར་ཕན་ཐོགས་ཧ་ཅང་ཆེ་བར་མཐོང་ངོ་། སྔར་གྱི་ལོ་ཆེན་དག་ལ་འགྲན་ནུས་པའི་ཆུང་ཚེ་རིང་ལགས་ཀྱི་སྒྱུ་རྩལ་རང་བཞིན་ལྡན་པའི་འགྱུར་རྩོམ་ཁག་ལ་ཡིད་སྨོན་རབ་ཏུ་ཆེའོ།བཀའ་དྲིན་ཆེ།

 7. བློ་བཟང་བཟོད་པ་ ནས།

  དེང་དུས་ཤེས་བྱའི་རིགས་བོད་ཡིག་བསྒྱུར་མཁན་ཉུང་ཤས་ནང་ནས་ཁོང་གཅིག་རེད་། བོད་བསྒྱུར་དང་། བོད་ཡིག་ཆེད་གཏོང་མེད་པ་ནི་བཙན་བྱོལ་སྒྲིག་འཛུགས་སྲིད་བྱུས་འཛིན་སྟངས་སྐྱོན་ཆ་ཞིག་ཡིན་ལ། དེ་བཞིན་སྤྱི་ཚོགས་ནང་བེད་སྤྱོད་ག་ཚོད་ཐུབ་མིན་ཞིག་ཡང་ཡིན་ངེས།

 8. ཚེ་བསམ་ ནས།

  ཕ་བཟང་གི་བུ་ཡག་བྱུང་མུད་ཐུས་ཤུག་རྒྱོབ་ཁྱེད་ཀྱི་བྱ་ཞག་ལེགས་སྒྲུབ་ཡོང་བའི་སྨོན་མདུན་བཞུ།

 9. ཐབས་ཇུས་ཅན་ ནས།

  ཆུང་ཚེ་རིང་ནི་བཙན་བྱོལ་སྒྲུག་འཛུགས་ནང་ཡུན་རིང་ཕྱག་ལས་གནང་མཁན་ཞིག་དང་། བོད་ཡིག་གི་ལམ་ནས་རྩོམ་པ་པོ། བོད་པའི་གནའ་དེང་གི་ལོ་རྒྱུས་སྨྲ་བ། ད་ལྟའི་བོད་ཕྱི་ནང་གི་གནས་བབས་ལ་རྒྱུས་མངའ་ཆེ་བ། སྐྱེ་ས་བོད་དང་ཚད་ལོངས་བྱུང་ས་བཙན་བྱོལ་སྤྱི་ཚོགས། མདོར་ན་ཁོང་གི་སེམས་ཤུགས་དང་སྤྱང་གྲུང་ད་དུང་སྨྲ་མཁས་པ་སོགས་གང་ཅིའི་ཐད་ནས་འཛོམ་པོ་ཞིག་ཡིན། དེ་འདྲའི་རྒྱུ་མཚན་གྱིས་ང་རང་གི་ཁོང་ལ་རེ་བ་ཞིག་བཅིང་ཡོད། དེ་ནི་ཁོང་གི་ད་ལྟ་བར་ཏུ་ཤེས་རིག་ལས་ཁུང་ནང་ཕྱག་ལས་གནང་བ་དང་རིམ་པ་བཞིན་དུ་དྲུང་ཆེ་དང་བཀའ་བློན་དེ་ནས་སྲིད་བློན་གྱི་འགན་ཁུར་ན་ཕན་ཐོགས་ག་འདྲའི་ཆེ་བ་ཡོང་བསམ་ཡོད་མོད། འོན་ཀྱང་ཁོང་ཡང་ཕྱི་རྒྱལ་ཞིག་ལ་སླེབས་ཚར་འདུག དེ་ནི་ང་རང་གི་བསམ་པར་ད་ལྟའི་བཙན་བྱོལ་གྱི་གཞོན་སྐྱེས་འགོ་འཁྲིད་པ་མང་པོ་ཞིག་བོད་ནང་གི་གནས་སྟངས་ལ་རྒྱུས་འངའ་མེད་པའི་མཚོར་སྣང་ཡོང་གི་ཡོད་པས་ཡིན།

Write a Reply or Comment

Your email address will not be published. Required fields are marked *

*