འོད་ཟེར། བོད་མིའི་སླད་དུ་བསླངས་པའི་སྒྲོན་མདུང་ཞིག


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཁྲན་ཆིས་མར་ཁྲིན་ལོ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བོད་པ་སྙན་ངག་པ་དང་རྩོམ་པ་པོ་འོད་ཟེར་ཀྱིས་སེམས་སྐྱོ་ལྷང་ལྷང་ངང་ “སྤྱི་ལོ་༢༠༠༨ལོའི་ཟླ་༣པའི་ཚེས་༡༤རྗེས་ཀྱི་མི་ཚེ་ནི་སྔར་དང་འདྲ་བ་ཞིག་གཏན་ཡོང་མི་སྲིད་”ཟེར། ཁོ་མོ་ནི་སི་ཁྲོན་ཞིང་ཆེན་གྱི་ཁམས་ཁུལ་ནས་ལང་ཚོའི་གཉོམ་ལག་རྒྱས་ཤིང་། རྒྱ་སྐད་ཤོད་སྐབས་སི་ཁྲོན་གྱི་སྐད་གདངས་ཅུང་ཟད་འདྲེས་བ་ཞིག་ཡིན། འོད་ཟེར་གྱི་མིང་ཆ་ཚང་ལ་ཚེ་རིང་འོད་ཟེར་ཞེས་འབོད་ཅིང་། ཁོ་མོའི་བརྩམས་ཆོས་ཀྱིས་རྒྱལ་སྤྱིའི་སྟེང་སྐད་གྲགས་ཀྱིས་ཁྱབ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ཁོ་མོའི་འཇིགས་ཞུམ་བྲལ་བའི་སྙུ་གུས་རང་ཡུལ་གྱི་སྐྱེས་ཕོ་མོ་ཚོའི་ལས་དབང་དང་བོད་ཀྱི་དངོས་ཡོད་གནས་སྟངས་ཟིན་ཐོར་བཀོད་པས། རྒྱལ་སྤྱིའི་སྟེང་གི་གཟེངས་རྟགས་གང་མང་ཐོབ་ཡོད་ནའང་། འོད་ཟེར་ཕྱིའི་རྒྱལ་ཁབ་གཅིག་ལའང་བསྐྱོད་མ་མྱོང་། ཁོ་མོ་རྒྱ་ནག་ལས་བརྒལ་ནས་ཕྱིའི་རྒྱལ་ཁབ་ཁག་ལ་གཟེངས་རྟགས་བཞེས་སུ་འགྲོ་དབང་མེད་ལ། དེ་ལས་ལྡོག་སྟེ་ཁོ་མོའང་ལིའི་ཞོ་པོ་དང་ཨེ་བེ་བེ་སོགས་ལྟར་མི་གཏེ་རུ་གྱུར་ཡོད། འོན་ཀྱང་། ཁོ་མོ་ནི་རང་ཡུལ་གྱི་ཡུལ་མི་མང་པོ་ཞིག་གི་མཚོན་རྟགས་ཤིག་དང་སྒྲོན་མདུང་ཞིག་ཡིན། ཁོ་མོར་དྲ་ཚིགས་ཤིག་མཆིས་ཤིང་། དེ་རུ་མོས་རང་ལུས་མེར་བསྲེགས་གཏོང་མཁན་གྲྭ་བ་དག་གི་དངོས་སྒྲུང་དག་གོ་རིམ་བཞིན་བཀོད་ཡོད་པས། ཀློག་མཁན་དག་གིས་དོན་རྐྱེན་དེ་དག་སྐབས་ཅི་འདྲ་ཞིག་ལ་ཚུལ་ཇི་ལྟར་དང་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཐུན་མིན་རེ་ཡང་རྙེད་བཏུབ།།

སྤྱི་ལོ་༢༠༠༨ལོའི་ཞི་རྒོལ་གྱི་མཇུག་འབྲས་ལྟ་བུར་བོད་ནང་གི་བོད་མི་ཚོའི་འཚོ་བའི་ཆ་རྐྱེན་ཇེ་ཞན་དུ་སོང་། རྒྱ་ནག་གཞུང་གིས་བོད་ནང་ལ་སྔར་ལས་དམ་དྲག་དང་དྲག་གནོན་བྱས་པ་དང་། དེ་ཡིས་བོད་མི་ཚོར་རང་ཉིད་དཀའ་རྙོག་སངས་མི་བཏུབ་པའི་གནས་སྟངས་ཤིག་ཏུ་ཚུད་པའི་ཚོར་སྣང་བྱུང་དུ་བཅུག་སྟེ་རང་ལུས་མེར་སྲེག་གི་རྐྱེན་དུ་གྱུར། རྒྱ་ནག་གི་བཙན་གནོན་འོག་བོད་མི་ཚོས་ཚོར་གྱིན་པའི་ན་ཟུག་དང་ཁོང་ཁྲོ་ནི་རང་ཉིད་བློས་གཏོང་གི་མཇུག་འབྲས་འདི་འབྱུང་བའི་ཤུགས་རྐྱེན་བླ་མེད་ཅིག་ལགས།།

སྤྱི་ལོ་༢༠༠༩ལོའི་ཟླ་༢པའི་ཚེས་༢༧ཉིན་རྔ་བ་ཀིརྟི་དགོན་གྱི་རང་ལོ་ཉེར་གཅིག་ལ་སོན་པའི་གྲྭ་བ་བཀྲ་བྷེ་(བློ་བཟང་བཀྲ་ཤིས།)ཡིས་རང་ལུས་མེ་རུ་བསྲེགས་ཏེ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐོག་མ་བྱུང་། འོན་ཀྱང་ཁོང་མེ་རུ་འབར་བཞིན་པའི་སྐབས་རྒྱ་ནག་གི་དམག་མིས་རྡུང་རུབ་ཀྱིས་མར་མནན་པས་ཁོང་ལ་སྲོག་སྐྱོན་མ་བྱུང་། ལོ་གཉིས་ཀྱི་རྗེས་སུ་དེ་སྔོན་གྱི་དགོན་པ་དེ་ག་ནས་ཡིན་པའི་གྲྭ་བ་གཞན་ཞིག་སྟེ་ཕུན་ཚོགས་ཀྱིས་དེ་ལྟར་བྱས་ཏེ་དོན་རྐྱེན་དེ་སླར་ཡང་བྱུང་། ཁོང་ཡང་མེ་ཡིས་འཚིགས་ནས་འཆི་སྐྱོན་མ་བྱུང་ཡང་། དམག་མི་ཉེན་རྟོག་པས་བརྡུངས་ནས་ཁོང་སྐུ་གྲོངས་པ་རེད།

དེ་ནས་བཟུང་རང་ལུས་མེར་སྲེག་དོན་རྐྱེན་ཐེངས་བཞི་བཅུ་ཞེ་དགུ་བྱུང་། དེ་ལས་བཞི་བཅུ་ཞེ་དྲུག་བོད་ནང་དང་གསུམ་བོད་ཕྱི་ལོག་ནས་བྱུང་བ་དང་། སུམ་ཅུ་སོ་བདུན་གྲོངས་པ་རེད། འོད་ཟེར་གྱིས་ཤི་བོ་དེ་དག་གི་དངོས་སྒྲུང་དང་ཁོང་ཚོའི་འབོད་ཚིག་དང་འབོད་སྒྲ་བསྡུ་རུབ་བགྱིས་ཤིང་། ཁོ་མོས་དེ་དག་ལས་མི་བཅུ་གཉིས་ཀྱི་རྒྱུ་ཆ་རྙེད་ཡོད། དེ་དག་ལས་འགའ་ཤས་ཀྱིས་ཁ་ཆེམས་ཡི་གེར་བཀོད་ཡོད་ལ། ལ་ཤས་ཀྱིས་སྒྲ་འཇུག་གནང་གདའ། དེ་འདྲའི་དྲག་གནོན་དང་ཁྱད་གསོད་ཀྱི་གནས་བབ་ཅིག་ཏུ་འཚོ་སྐབས་འཆི་བའང་མི་ཚེའི་ལོངས་སྤྱོད་ལྟར་རོ།། ཁོ་ཚོ་ཐུན་མོང་གི་རེ་བ་ནི་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཕྱིར་རང་ཁྱིམ་དུ་ཕེབས་རྒྱུ་དེ་ཡིན། ཏཱ་ལའི་བླ་མ་མཆོག་གིས་བོད་མི་ཚོར་རང་ལུས་མེར་སྲེག་མི་གཏོང་བར་འབོད་སྐུལ་ཞུས་མོད། ཁོང་གི་འབོད་སྐུལ་དེ་ཡང་དོན་གྱིས་དབུལ་བར་གྱུར། སྤྱིར་བཏང་ཁོང་གི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་གྱི་བོད་མི་ཚོས་ཐེངས་འདིར་ཁོང་གི་བཀའ་བརྩི་མ་ཐུབ། དེ་ལས་ལྡོག་སྟེ་ཁོང་ཚོས་རང་གི་སེམས་ཀྱི་འཇིགས་དངངས་ཕྱིར་འདོན་པ་དང་དེ་ལ་རྒོལ་ལན་སློག་ཕྱིར་ཡིད་སྐྱོ་ལ་དཔའ་སྤོབས་ཀྱིས་བཏེགས་པའི་འཚེ་མེད་ཞི་བའི་ལམ་ཁ་འདི་བདམས་པ་རེད།།

བོད་མི་འདུས་སྡོད་ཀྱི་ཡུལ་ལུང་དག་གི་གནས་བབ་ནི་ཅི་འདྲའི་འ་ཆད་འུ་ཐུག་ཅིག་ཡིན་ཆོག་ཨང་། ལྷ་སར་མཚོན་ན་ག་ས་གང་དུ་དམག་མི་དང་ཉེན་རྟོག་པ་ཡོད་ལ། སྤྱི་ལོ་༢༠༠༨ལོའི་ཟླ་གསུམ་པའི་རྗེས་ནས་སྲང་ལམ་གཙོ་བོ་དག་ཏུ་སྨྱན་མིག་བཙུགས་ཡོད་པ་དང་། བལྟ་བྱེད་དེས་ཐབས་རྩལ་མཐོན་པོའི་མ་ལག་བརྒྱུད་ལྟ་ཞིབ་བྱེད་པ་རེད། ཉེན་རྟོག་པ་དག་གིས་ལག་ཏུ་མེ་མདའ་སྦག་སྦག་དང་བེར་རྒྱུག་ཐོགས་པ་དང་གློ་ཁུག་ནང་ཁ་པར་རམ་འ་ཡེ་པེ་ཌི་ཞིག་བཅུག་ཡོད། ཉེ་ཆར་ནས་ཁོང་ཚོས་རྒྱབ་ཏུ་མེ་གསོད་ཡོ་ཆས་འཁུར་ཡོད། དེའང་མི་སྲོག་སྐྱོབས་ཆེད་དུ་མིན་པར་མེར་སྲེག་གཏོང་བཞིན་པའི་བོད་མི་ཚོའི་པར་དྲ་ཐོག་ཏུ་ཁྱབ་བཞིན་པ་དེ་སྔོན་འགོག་བྱེད་སླད་ཡིན་ཏེ། འདྲ་པར་དེ་ལྟ་བུ་དག་གིས་རྒྱ་ནག་གི་སྣང་བརྙན་ལ་ཕོ་ཐུག་གཏོང་བས་སོ།།

རང་ལུས་མེར་སྲེག་གཏོང་མཁན་མང་པོ་ཞིག་གྲྭ་བ་ཡིན་པའི་རྒྱུ་མཚན་ནི་རྒྱལ་གཅེས་རིང་ལུགས་ཀྱི་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་དང་ཁམས། ཨ་མདོ་བཅས་ཀྱི་དགོན་པ་ཚང་མའི་ནང་སྤེལ་གྱིན་པས་ཡིན། ཆབ་སྲིད་ཀྱི་ལས་འགུལ་འདི་ནི་སྤྱི་ལོ་༡༩༩༥ལོ་ནས་འགོ་བཙུགས་མོད་སྤྱི་ལོ་༢༠༠༨ལོའི་རྗེས་ནས་དེའང་བཟོད་དཀའ་བ་ཞིག་ཏུ་གྱུར། ལས་འགུལ་འདི་ཡི་ཆ་ཤས་སུ་དགོན་པ་རེ་རེའི་ནང་དུ་རྒྱ་ནག་གི་རྒྱལ་དར་སྒྲེང་དགོས་པ་དང་། ཆེན་པོ་བཞི་སྟེ་མོའོ་ཙེ་ཏུང་དང་ཏིན་ཞོ་ཕིན། ཅང་ཙི་མིན། ཧོའོ་ཅིན་ཐོ་བཅས་ཀྱི་པར་བཤམས་དགོས། ད་དུང་ཅུང་མི་འགོར་བར་ཆེན་པོ་བཞི་དེ་ཆེན་པོ་ལྔ་རུ་བསྒྱུར་ངེས་པ་སྟེ་ཞིན་ཅིན་ཕིན་བསྣོན་དགོས་པ་དང་། སྐབས་དེར་༸གོང་ས་ཏཱ་ལའི་བླ་མའི་སྐུ་པར་བཤམས་མི་ཆོག་པ་བཟོས་པ་རེད།

སྤྱི་བདེ་ཉེན་རྟོག་པ་དང་ལས་དོན་རུ་ཁག མེ་གསོད་རུ་ཁག་ཀྱང་དགོན་པ་ཁག་གི་ནང་བཞག་པ་དང་། དགོན་པའི་ནང་གྲྭ་བ་དང་དམག་མི་མང་ཉུང་མེད་ལ། གྲྭ་བ་ཚོར་བཙན་གྱིས་ཆབ་སྲིད་ལ་སློབ་སྦྱོང་བྱེད་དུ་བཅུག་པ་དང་ཏཱ་ལའི་བླ་མར་འདུ་ཤེས་འཛིན་སྟངས་ཀྱི་དྲི་རྩད་རེའུ་མིག་ཁག་འགེང་དུ་བཅུག མི་རེ་རེའི་ཡིག་ཚགས་བཟོས། སོ་ཆག་པ་དང་རྒྱང་སྒྲིབ་ཅན། རྣ་ཆེན་པོ། མཁུར་ཚོས་འབུར་དུ་ཐོན་པ་སོགས་ལུས་པོའི་ཐུན་མིན་གྱི་ཆ་ཤས་དག་ཀྱང་ཞིབ་ཚགས་ཀྱིས་ཐོ་འགོད་བྱས་ཤིང་། ཁྱིམ་ཚང་གི་ལོ་རྒྱུས་དང་སློབ་གྲྭའི་རྒྱུད་རིམ་ཡང་དེ་བཞིན་ནོ།། དེ་དག་ནི་གྲྭ་བ་དང་བཙུན་མ་རྣམས་མགྱོགས་མྱུར་ངང་ངོས་འཛིན་ཐུབ་སླད་གལ་ཆེ་བས་ཡིན་ལ། ད་དུང་ཆུ་ཚོད་ཉེར་བཞིའི་རིང་སྨྱན་མིག་བཙུགས་ཡོད་པས་ལྟ་ཞིབ་བྱས་མེད་པའི་གྲུ་ཟུར་གཅིག་ཀྱང་ལྷག་མེད། འདི་ལྟའི་གནོན་ཤུགས་འོག་གི་གྲྭ་བ་དང་བཙུན་མ་ཚོའི་དཀའ་སྡུག་ནི་བརྗོད་ལས་འདས་པ་ཞིག་ཡིན་ལ། རང་ལུས་ལུས་མེར་སྲེག་གནང་མཁན་མང་ཆེ་དགེ་འདུན་པ་དང་བཙུན་ཡིན་པའི་རྒྱུ་མཚན་ཡང་འདིའོ།།

འོད་ཟེར་གྱིས་ཁོ་མོའི་དྲ་ཚིགས་ནང་ཉིན་ལྟར་ཁ་གསབ་བྱེད་ཀྱིན་ཡོད། ཉིན་ཞིག་མོས་རང་ལུས་མེར་སྲེག་ཆེས་རྗེས་མ་སྟེ་རང་ལོ་ཉི་ཤུ་ཅན་གྱི་ངག་དབང་ནོར་འཕེལ་སྐོར་བྲིས་འདུག མོས་ད་དུང་ཟླ་བཞི་བའི་ཚེས་༦ཉིན་ཨ་ཞང་ཞིག་དང་ཁོའི་ཚ་མོ་སྟེ་དགུང་ལོ་༤༥ཅན་གྱི་བླ་མ་ཐུབ་བསྟན་སྙན་གྲགས་དང་རང་ལོ་༢༣ཅན་གྱི་བཙུན་མ་ཨ་ནེ་ཨ་ཚེ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་སྐོར་ཡང་བྲིས་འདུག
ངས་འོད་ཟེར་ལགས་སུ་ཁྱེད་ཀྱི་འཇིགས་དངངས་ཅན་གྱི་ལོ་རྒྱུས་འདི་དག་ཀུན་པོ་བདེ་ཐང་ངང་ཇི་ལྟར་སེམས་ལ་ངོས་ཐུབ་ཀྱི་འདུག་གམ་ཞེས་དྲིས་པར། མོས་ང་བོད་པ་ཞིག་གམ་ནང་པ་ཞིག་ཏུ་སོང་པས་ཡིན་སྲིད་ཅེས་ཤུབ་བུར་སྨྲས་སོང་།

རེད་དེ། རྒྱ་ནག་གི་འགོ་ཁྲིད་ཚོས་བསམ་བློ་འདི་ལྟར་ག་ལ་གཏོང་། ཁོང་ཚོའི་མིག་ནང་དུ་གལ་གནད་ཅན་གྱི་སྐྱེད་མ་འདི་ཉེན་ཁ་ཅན་ཞིག་ཏུ་མཐོང་གིན་ཡོད་ལ། ཁོ་མོའི་དྲ་ཚིགས་ཀྱང་དུས་རྒྱུན་དུ་སྒོ་རྒྱག་པ་དང་གཏོར་རྒོལ་གཏོང་བ་སོགས་བྱེད་ཀྱིན་ཡོད། དེ་བཞིན་དུ་འོད་ཟེར་ལ་དམར་ཤོག་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་པ་མ་ཚོགས་གོང་ལ་པེ་ཅིན་གྱི་ཁོ་མོའི་ཁྱིམ་ནས་ཐོན་དགོས་ཚུལ་བརྗོད་པ་མ་ཟད། ཁོ་མོའི་ཁང་པར་ཉིན་མཚན་གཉིས་ཀར་ཉེན་རྟོག་པས་བྱ་ར་བྱེད་པ་རེད། འོད་ཟེར་གྱིས་ཁུ་སིམ་སིམ་ངང་འདི་ལྟ་བུའི་བཀའ་ཁྱབ་དང་ལེན་བྱེད་དགོས། པེ་ཅིན་ནི་ཁོ་མོའི་རང་ཁྱིམ་ངོ་མ་དེ་གཞར་ཡང་ཡིན་མི་སྲིད་དེ། དེ་ནི་ཆབ་སྲིད་ཀྱི་རྙོག་ཟིང་ཆེ་བ་ཞིག་དང་། ཀྲོང་ནན་ཧེ་ཡི་དབང་ཤུགས་འཐབ་རྩོད་ཀྱིས་དུས་རྒྱུན་དུ་གྲོང་ཁྱེར་ཧྲིལ་བོ་གཡོ་ཞིང་སྒུལ་བར་བྱེད་དོ།། འོད་ཟེར་གྱིས་བཤད་རྒྱུར་ང་མི་སྐྱིད་པ་མི་འདུག ངས་འདི་དག་ཚང་མ་བཞག་ནས་ཟླ་གཉིས་སམ་དེ་ལས་ལྷག་གི་རིང་ཕྱིར་བོད་དུ་ལོག་ཆོག་ཟེར། སྟབས་ལེགས་པ་ཞིག་ལ་ལྷ་སར་ཡང་ཉེན་རྟོག་པ་དང་དམག་མིས་མྱུལ་ཞིབ་བྱེད་ཀྱིན་ཡོད་རུང་། འོད་ཟེར་མོའི་ཨ་མ་དང་ནང་མི་ཚོའིོ་ལྷན་དུ་སྡོད་ཆོག་ལ། ཁོ་མོའི་ཁྱོ་ག་བང་ལི་ཞུང་གིས་རྒྱལ་ས་ནས་ཆབ་སྲིད་ཀྱི་མཚར་གཏམ་གསར་བ་དག་འཁྱེར་ནས་དུས་ནས་དུས་སུ་ཐུག་འཕྲད་དུ་ཡོང་བཏུབ་བོ།།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


རྩོམ་འདིའི་ནང་མཆན་ 6 བཀོད་འདུག

6 Responses to འོད་ཟེར། བོད་མིའི་སླད་དུ་བསླངས་པའི་སྒྲོན་མདུང་ཞིག

  1. ་ལས་གཞི་འདི་ལ་རྒྱབ་སྐྱོར་དང་ཡི་རང་ཞུ། ང་ཚོའི་སྤྱི་ཚོགས་ནང་དུ་ཆད་པ་ཁ་སྐོང་དང་ཉམས་པ་བསྐྱར་གསོ་བྱེྱེྱེྱེད་རྒྒྱྱུྱུྱུྱུ་ནི་གལ་འགངས་ཆེན་པོ་རེད། དེ་ལྟར་བྱེད་ན་མི་འགྱངས་བར་སྤྱི་ཚོགས་དེར་གནས་ཀྱི་མི་དང་་ཁོར་ཡུག་སོགས་གང་འཐད་ནས་ཡར་ཐོན་གོ ང་འཕེལ་དུ་ཅི་ལ་མི་འགྲོ དེའི་ཕྱིར་རིན་ཐང་ལྡན་པའི་ལས་གཞི་འདི་ལ་མུ་འཐུད་དུ་ཤུགས་སྣོྣོྣོྣོན་དང་རྒྱུན་སྐྱོང་གནང་བར་མཛོད།

  2. འཇམ་དབྱང་དབང་ཕྱུག་ ནས།

    ལས་གཞི་འདི་རིགས་ལ་སྙིང་ཐག་པས་རྒྱབ་སྐྱོར་ཡོད།

  3. འཇོན་ ནས།

    སྐར་ཁུང་དྲ་བར་ཐུགས་རྗེ་ཆེ།
    དངོས་གནས་བྱ་བ་ཡག་པོ་གཉེར་འདུག་ལ་ཕན་ཐོགས་ཆེན་པོ་འདུག
    ངས་དྲ་ཚིགས་སྟེང་གི་རྩོམ་ཡིག་རེ་རེ་བཞིན་བཀླགས་དང་ཀློག་བཞིན་ཡོད།

  4. དམ་ཆོས་རྒྱ་མཚོ་ ནས།

    ཚེ་རིང་འོད་ཟེར་ནི། ང་ཚོ་བོད་མིའི་གཟི་བརྗིད་ཡིན་ལ། རྒྱལ་སྤྱིའི་ཐོག་བོད་མིའི་སེམས་ཤུགས་ཀྱི་མཚོན་རྟག་ཀྱང་ཡིན། ཁོང་གི་བོད་མི་ས་ཡ་དྲུག་གི་དངོས་ཐོག་བདེན་འཚོལ་ཆེད། རང་ཉིད་ཀྱི་ཚེ་འདིར་མི་སྒེར་ཞིག་ལ་དབང་བའི་ཡོད་ཚད་བློས་བཏང་གནང་ཡོད། ཁོང་སྐུ་གཟུགས་གང་དུའང་བསྐྱོད་པའི་དབང་ཆ་་མེད་རུང་། སྙིང་སྟོབས་ཀྱིས་བྲིས་པའི་དྲང་བདེན་ཀྱི་སྙན་གྲགས་འཛམས་གླིང་གང་སར་ཁྱབ་ཡོད། གང་ཉིད་བྱ་བ་ལམ་སློང་དང་ཚེ་རིང་ནད་མེད་ངང་རྒྱལ་ཁའི་ཉིན་མོ་ཀུན་གྱི་དངོས་ཞལ་འཇལ་བའི་སྨོན་འདུན་ཡོད།

  5. སྦྱིན་པ་ ནས།

    སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གི་སྒྱུར་རྩོམ་རེ་རེ་བཞིན་བཀླགས་དང་ཀློག་བཞིན་ཡོད། ང་ལྟ་བུའི་བོད་ཡིག་གཅིག་པུ་ལས་མི་ཤེས་མཁན་ཚོར་ཕན་ཐོག་ཆེན་པོ་འདུག ཐུགས་རྗེ་ཆེ།

  6. ཐུགས་རྗེ་ཆེ་ངོ་མ་བྱ་བ་བཟང་གི་།

Write a Reply or Comment

Your email address will not be published. Required fields are marked *

*